ཅ༽ སྒྱུར་བྱེད་ལོ་པཎ་གྱི་རྣམ་ཐར་སྙིང་བསྡུས། ༡༽ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ།

ཅ༽ སྒྱུར་བྱེད་ལོ་པཎ་གྱི་རྣམ་ཐར་སྙིང་བསྡུས།

༡༽ ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ།

 

ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ་མཆོག་ནི། ཕྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་ཤིང་། སྒྲ་སྒྱུར་ལ་ཤིན་ཏུ་མཁས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན།[1] ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།

འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང་བས་མཛད་པ། ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨའི་འགྱུར་ལ་ཕྱིས་ལོ་ཙཱ་བ་ད་[2]འོག་བསོད་ནམས་མོས་པའི་འགྱུར། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ་བྲམ་ཟེ་རིག་སྔགས་འཆང་བ་མཁས་པ་ཆེན་པོ་ཀུ་མཱ་ར་སེ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་དབས་མཉྫུ་ཤྲཱི་ཝརྨའི་འགྱུར་ལ་ཕྱིས་ལོ་ཙཱ་བ་ད་འོག་བསོད་ནམས་མོས་པ་ཤེས་རབ་ཀྱིས་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་དང་། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏྣ་ཀཱིརྟིས་མཛད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སྡོམ་པ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ། སྐྱེས་པའི་རབས་སུམ་ཅུ་རྩ་བཞི་པ་སློབ་དཔོན་དཔའ་བོས་སྦྱར་བ། ཤླཽ་ཀ་སྟོང་ཕྱེད་དང་བཞི། བམ་པོ་བཅུ་གཉིས་པ་[3]བཅས་སོ།།

འོན་ཀྱང་གོང་གི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ་དང་། དབའས་མཉྫུ་ཤྲཱི་གཉིས་པོ་མཚན་གྱི་ཆ་ཤས་འདྲ་བའི་ཆ་ནས་འགའ་ཞིག་ཏུ་གང་ཟག་གཅིག་ལ་ངོས་འཛིན་མཛད་དེ་བཀོད་འདུག །དེ་ཡང་དབའས་མཉྫུ་ལོ་ཙཱ་བ་མཛྙུ་ཤྲཱི་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་པཎྜི་ཏ་ཟླ་བ་གྲགས་པས་མཛད་པ། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ་ཚིག་རྐང་བཅུ་གཉིས་པ། སྒྲོལ་མ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས་ཀྱིས་མཛད་པ། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་[4]བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༠༧། ༢༦༣། ༣༠༩ ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།

[2] ལོ་ཙཱ་བ་འདི་ཉིད་ཀྱི་མཚན་ལ་ད་འོག་ཅེས་ད་ཡིག་ཡོད་མེད་གཉིས་བྱུང་ཡང་རྣམ་ཐར་གཏན་ནས་མ་རྙེད།

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༦༩

[4] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༤

 

ང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༣ ནས་ ༡༤༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *