མ༽ མདོ་ཀུན་ལས་བཏུས་པ།
དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ (650-700) རང་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་ཤེས་བཞིན་ལེའུ་ལས[1]།
དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །
འདི་དང་སངས་རྒྱས་བཀའ་སྩལ་གཞན། །མདོ་སྡེ་བཀླགས་ནས་ཤེས་པར་བྱ། །
མདོ་སྡེ་རྣམས་ལས་བསླབ་པ་སྣང༌། །དེ་བས་མདོ་སྡེ་བཀླག་པར་བྱ། །
ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །
གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པས། །
བསླབ་པ་ཀུན་ལས་བཏུས་པ་ཡང༌། །ངེས་པར་ཡང་དང་ཡང་དུ་བལྟ། །
ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །
ཞེས་གསུངས་པ་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཉིད་ཀྱིས་མཛད་པའི་བསླབ་བཏུས་དང་། མདོ་ཀུན་ལས་བཏུས་པ་དང་། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བསླབ་བཏུས་དང་། མདོ་ཀུན་ལས་བཏུས་པ་ལའང་བལྟ་དགོས་པར་གདམས་པ་ལྟར། རྒྱལ་སྲས་ཞི་བ་ལྷའི་བསླབ་བཏུས་བོད་འགྱུར་བསྟན་འགྱུར་དུ་བཞུགས་པ་ད་ལྟ་མཇལ་དུ་ཡོད་ཀྱང་། མདོ་ཀུན་ལས་བཏུས་པ་ནི་བསྟན་འགྱུར་དུ་མི་བཞུགས་ཏེ། བསྟན་འགྱུར་དུ་བཞུགས་པའི་མདོ་ཀུན་ལས་བཏུས་པ་རྣམས་ནི། ༡༽ རྗེ་བཙུན་ཀ་རོས་མཛད་པའི་བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྣལ་འབྱོར་སྤྱོད་པའི་བསམ་གཏན་དང་། ༢༽ ཨཱ་ཙཱརྱ་ཨཱརྱ་ནཱ་གཱ་རྫུ་ནས་མཛད་པའི་མདོ་ཀུན་ལས་བཏུས་པ། ༣༽ སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་བྱ་བ་ལུང་གི་ཚད་མས་རབ་ཏུ་སྦྱར་བ། ༤༽ སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པའི་མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ་དང་། ༥༽ མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་བཅས་བསྟན་བཅོས་ལྔ་པོ་རྣམས་བསྟན་འགྱུར་དུ་བཞུགས་པ་ལས། དེ་མིན་རྒྱལ་སྲས་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ། ཞེས་བྱ་བའི་བསྟན་བཅོས་ཤིག་བསྟན་འགྱུར་དུ་མི་གསལ་བས་མ་མཛད་སྙམ་ན།
དེ་ཡང་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ (དུས་རབས་ 12/13) གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ལས[2]། རྒྱལ་སྲས་དམ་པ་བློ་གྲོས་མི་ཟད་པ་ཞེས་གྲགས་པ་འདིས། རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་རྩྭ་ལྟར་དོར་ཏེ། བརྟུལ་ཞུགས་དྲི་མ་མེད་པའི་ཁུར་བླངས་ནས། དགེ་བའི་བཤེས་གཉེན་གྱི་གདམས་པ་ལ་བརྩོན་པ་དམ་པས་བསྐྲུན་པ་ལས། མགོན་པོ་འཇམ་པའི་དབྱངས་ཀྱི་ཡེ་ཤེས་གཟིགས་པ་ཞུགས་ཤིང་བརྙེས་པ་དང་། གཞན་ཡང་ངོ་མཚར་བའི་མཛད་པ་དུ་མས་ཀུན་ནས་མཛེས་པའི་བདག་ཉིད་ཆེན་པོ་དེས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་མདོ་སྡེ་དུ་མ་ཚད་མར་གྱུར་པས་འཇུག་པ། བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་པ་གཉིས་མཛད་ལ། སླར་ཡང་དེ་དག་གི་དོན་བསྡུས་ཏེ། སློབ་པ་པོ་རྟེན་གྱི་གང་ཟག །བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག །སྒྲུབ་བྱེད་བྱང་ཆུབ་མཆོག་གི་སེམས་གསལ་བར་སྟོན་པའི་གཞུང་འདི་མཛད་དོ། །ཞེས་བྱུང་ངོ་།།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། བོད་ཀྱི་ལོ་རྒྱུས་ལྟར་ན། གྲོང་ཁྱེར་དཔལ་ཡོན་ཅན་དུ་བཞུགས་ཟེར་ནའང་། ཏྲི་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྒར་གཤེགས་ཏེ། དེ་ན་བཞུགས་ཞེས་ཐོས་པས་པཎྜི་ཏ་གསུམ་གྱིས་དེར་སོང་སྟེ། ནཱ་ལེནྡྲར་འབྱོན་པར་ཞུས་པས་མ་གནང༌། འོ་ན་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པ་བལྟ་བར་གསུངས་པ་ཡང་གང་ཡིན། དཔེ་གསུམ་པོ་འདིའང་གང་དག་ཅེས་ཞུས་པས། བསླབ་མདོ་ནི་བྲང་ཁང་གི་དཀར་ཁུང་ན་ཤིང་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པའི་གླེགས་བམ་ཡོད་པས་དེ་ལོངས། སྤྱོད་འཇུག་ནི་ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་གསུང༌། ཞེས་གསལ་བ་ལྟར་ཞི་བ་ལྷས་སྤྱོད་འཇུག་དང་། བསླབ་བཏུས། མདོ་ཀུན་ལས་བཏུས་པའི་གཞུང་གསུམ་མཛད་པ་ཤིན་ཏུ་གསལ་ལོ།།
གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[4]། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་རྒྱལ་བའི་བཀའི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ཏེ་གསལ་བར་བྱེད་པ་བྱང་ཆུབ་སེམས་དཔའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བསྟན་བཅོས་རྨད་དུ་བྱུང་བ་སྤྱོད་འཇུག་དང་བསླབ་བཏུས་གཉིས་མཛད། མདོ་བཏུས་ཤིག་ཀྱང་མཛད་ཅེས་འབྱུང་ངོ༌། །ཞེས་གསུངས་སོ།།
འོ་ན་མདོ་ཀུན་ལས་བཏུས་པ་དེ་ཉིད་རྒྱས་བསྡུས་ཇི་ལྟ་བུ་ཡོད་སྙམ་ན། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ལས་[5]ཀྱང་། དེ་མིན་སྤྱོད་འཇུག་ལས་རྒྱས་པའི་གཞུང་བསླབ་པ་ཀུན་ལས་བཏུས་པ་ཞེས་པ་ཞིག་ཀྱང་མཛད་ཡོད། སྤྱོད་འཇུག་ལ་བམ་པོ་གཉིས་ལས་མེད་ཅིང་། བསླབ་པ་ཀུན་ལས་བཏུས་པ་ལ་བམ་པོ་བཅུ་བཞི་ཡོད། སྤྱོད་འཇུག་དེ་བསླབ་པ་ཀུན་ལས་བཏུས་པ་ལས་བསྡུས་པ་ཡོད། ཡང་མདོ་ཀུན་ལས་བཏུས་པ་ཞེས་པ་དེ་ལས་རྒྱས་པ་ཞིག་ཀྱང་ཡོད། དེར་བརྟེན། ཁོང་གིས་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་བཅས་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་ཆེན་མོ་གསུམ་བརྩམས་གནང་ཡོད་ལ། སྤྱོད་འཇུག་དེ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་ནས་འབྲིང་བ་དེ་ཡིན། ཞེས་གསུངས་པ་ལྟར་རོ།།
འོ་ན་དེ་ལྟ་བུའི་མདོ་ཀུན་ལས་བཏུས་པ་དེ་ཉིད་བོད་གངས་ཅན་པའི་སྐད་དུ་སྒྲ་བསྒྱུར་གནང་ཡོད་དམ་མེད་སྙམ་ན། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/66) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[6]།
བསླབ་པ་ཀུན་ལས་བཏུས་པ་ཡང༌། །ངེས་པར་ཡང་དང་ཡང་དུ་བལྟ། །
ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །
ཞེས་གསུངས་ཏེ། དང་པོས་མཚམས་སྦྱར། གཉིས་པས་ནམ་སྙིང་གི་མདོ་ཁུངས་སུ་བསྟན། གསུམ་པས་སློབ་དཔོན་ཉིད་ཀྱི་བསྟན་བཅོས་གཉིས་དང༌། ཚིག་རྐང་གཉིས་ཀྱིས་ཀླུ་སྒྲུབ་ཞབས་ཀྱི་བསྟན་བཅོས་ཁུངས་སུ་བསྟན་ཏོ། །ཞེས་དང་། ཡང་དེ་ཉིད་ལས། ཡང་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་གཉིས་པོའང་འབད་པ་སྟེ་གུས་པས་བལྟ་བར་བྱའོ་ཞེས་སོ། །འདི་ནི།
གཉིས་པོའང་འབད་པས་བལྟ་བར་བྱ། །
ཞེས་ཞི་བའི་ལྷ་ཉིད་ཀྱི་ཀུན་བཏུས་གཉིས་སུ་མ་ཟད། འཕགས་པས་མཛད་པའི་ཀུན་བཏུས་གཉིས་ཀྱང་ཡོད་པར་སྟོན་པ་ཡིན་ལ། ཁ་ཅིག །གཉིས་པོའང་འབད་པས་བལྟ་བར་བྱ། ། ཞེས་འཕགས་པ་ཀླུའི་ཞབས་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ལྟ་ཞེས་འདོན་པར་བྱེད་མོད། འཕགས་པའི་བསླབ་བཏུས་དེ་བོད་ན་ནི་མི་སྣང་ངོ༌། ། ཞེས་བྱུང་བ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་བོད་སྐད་དུ་བསྒྱུར་ཏེ་བསྟན་འགྱུར་དུ་བཞུགས་ནའང་། བསླབ་བཏུས་བོད་སྐད་དུ་བསྒྱུར་བ་མི་སྣང་ཞིང་། དེ་བཞིན་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་བཏུས་བོད་སྐད་དུ་བསྒྱུར་ནས་བསྟན་འགྱུར་དུ་བཞུགས་ཀྱང་། མདོ་ཀུན་ལས་བཏུས་པ་བོད་སྐད་དུ་བསྒྱུར་བ་མི་སྣང་བར་མ་ཟད། དེང་སྐབས་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་དང་། ཞི་བ་ལྷས་མཛད་པའི་མདོ་བཏུས་གཉིས་སཾ་བོད་གཉིས་ཀྱིས་མཚོན། འཛམ་གླིང་འདིའི་ཐོག་གི་སྐད་ཡིག་གང་དུའང་མ་བཞུགས་པར་གཏན་བརླགས་སོང་ཟིན་པ་ནི་ཤིན་ཏུ་ཕངས་པའི་གནས་སོ།།
གཞན་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[7]། སློབ་དཔོན་ཟླ་བ་གྲགས་པའི་གྲུབ་མཐའ་འཛིན་པ་རྒྱལ་སྲས་ཞི་བ་ལྷའི་ (Santideva 650-700) སྤྱོད་འཇུག་དང་། བསླབ་བཏུས་ཚིག་ལེའུར་བྱས་པ། བསླབ་བཏུས་བཅས་བཞུགས་ཤིང་། བུ་སྟོན་ཆོས་འབྱུང་དུ་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ་ཞེས་པ་དེ་ད་ཡོད་བསླབ་བཏུས་ཡིན་པར་མངོན། སྤྱོད་འཇུག་དང་བསླབ་བཏུས་གཉིས་ཀའི་ལེགས་སྦྱར་ཕྱི་མོ་བཞུགས་པར་མ་ཟད། བསླབ་བཏུས་སུ་ལུང་འདྲེན་བྱས་པའི་ལེགས་སྦྱར་མདོ་ཕལ་ཆེ་བ་ད་ལྟ་དངོས་སུ་མ་བཞུགས་པའི་ཆ་ནས་ཤིན་ཏུ་གལ་ཆེ། ཞེས་ཀྱང་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པ། ཤོག་གྲངས་ ༩༨༠
[2] སྤྱོད་འཇུག་ཟིན་བྲིས། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ། དཔེ་རིང་ཤོག་གྲངས་ ༢ན༡
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༠༤
[4] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧
[5] སྤྱོད་འཇུག་གི་གཞུང་ངོ་སྤྲོད། ༼ཏ༽ ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་གྲངས་ ༤
[6] དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ། དཔེ་རིང་། ཤོག་གྲངས་ ༢༠༦ན༡
[7] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༨༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༡ ནས་ ༡༤༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།