༤༥༽ པཎྜི་ཏ་དཔལ་གོ་མི་འཆི་མེད་ཀྱི་རྣམ་ཐར།

༤༥༽ པཎྜི་ཏ་དཔལ་གོ་མི་འཆི་མེད།

 

དེ་ཡང་ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོའི་ (1839-1905) འཁྲུངས་ལས་གསོལ་འདེབས་གསང་བའི་རྡོ་རྗེའི་ལུང་ལས[1]།

ཕྱི་ནང་རིག་པའི་གནས་རྣམས་ཐུགས་སུ་ཆུད། །མཐའ་འཁོབ་ཡུལ་དུ་མུ་སྟེགས་རྩོད་པ་བཟློག །

ནཱ་ལེནྡྲ་ཡི་མཁན་མཛད་པཎྜི་ཏ། །གོ་མི་འཆི་མེད་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། པཎྜི་ཏ་དཔལ་གོ་མི་འཆི་མེད་དམ་དཔལ་བཙུན་པ་འཆི་མེད་ (Srigomiamar) ཅེས་པ་ནི། སཾ་བོད་ཤན་སྦྱར་གྱི་མཚན་ཞིག་ཡིན་ལ། ལེགས་སྦྱར་གྱི་མཚན་དུ་གོ་མི་ཨ་མྲི་ཏ་སྟེ་གོ་མི་བཙུན་པའམ་དགེ་བསྙེན་དང་། ཨ་མྲི་ཏ་འཆི་མེད་དུ་གྲུབ་པས། དཔལ་བཙུན་པ་འཆི་མེད་དམ། པཎྜི་ཏ་གོ་མི་འཆི་མེད་ཅེས་སུ་གྲུབ་ཅིང་། དཔལ་ནཱ་ལེནྡྲའི་པཎྜི་ཏ་འདི་ཉིད་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པ་ཞིག་སྟེ། དེ་ཡང་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ (1059-1109) དང་ལྷན་དུ་བསྟན་བཅོས་བཞི་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བར་མཛད་པས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་པ་རྟོགས་ཐུབ་བོ།།

དེ་བཞིན་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དབུ་མའི་ཆོས་འབྱུང་ལས[2]། ཇི་སྐད་དུ།

འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །

ཡི་གེ་སྒྲ་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང་། །

ཞེས་ལུང་བསྟན་བརྙེས་པའི་བདག་ཉིད་ཆེན་པོ་དེས། དཔལ་གོ་མི་འཆི་མེད་དང་། ཇོ་བོ་འབུམ་ཕྲག་གསུམ་པ་སོགས་ལ། ཤེར་ཕྱིན་གྱི་མདོ་དགོངས་འགྲེལ་དང་བཅས་པ་རྒྱས་པར་གསན་ཅིང་། བྱམས་པའི་གཞུང་ལྔ་ཆར་ལ་འགྱུར་དང་། རྣམ་བཤད་རྒྱས་བསྡུས་ཟུང་འབྲེལ་དུ་མཛད་ཅིང་། ཁྱད་པར་དུ་མངོན་པར་རྟོགས་པའི་རྒྱན་འཕགས་སེང་གི་འགྲེལ་པ་དང་བཅས་པ་ལ་འགྱུར་དང་། རྣམ་བཤད་རྒྱས་པར་མཛད་ཅིང་། ཉན་བཤད་ཀྱི་སྒོ་ནས་ལེགས་པར་གཏན་ལ་ཕབ། ཅེས་གསུངས་པ་ལྟར། བུ་སྟོན་ (1290-1364) ཆོས་འབྱུང་ལས་[3]ཀྱང་། རྩེ་ལྡེས་རྔོག་བློ་ལྡན་ཁ་ཆེར་བརྫངས་ཏེ་གཞན་ཕན་བཟང་པོ་དང་སྐལ་ལྡན་རྒྱལ་པོ་ལ་ཚད་མ་བསླབས། བྲམ་ཟེ་སད་ཛ་ན་དང་། གོ་མི་འཆི་མེད་ལ་སོགས་པ་ལ་བྱམས་ཆོས་བསླབས། དབང་སྡེས་ཡོན་བདག་བྱས་ཏེ་ཚད་མ་རྒྱན་ལ་སོགས་པ་བསྒྱུར། ཁྲི་བཀྲ་ཤིས་དབང་ཕྱུག་ནམ་མཁའ་བཙན་གྱིས་ཀྱང་འགྱུར་གྱི་ཡོན་བདག་བྱས། ཁ་ཆེར་ལོ་བཅུ་བདུན་བཞུགས། བོད་དུ་བཅུ་བདུན་ཕྲག་གཉིས་བཞུགས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱ་དཱ་ཤ་དང་། སུ་མ་ཏི་ཀིརྟི་དང་། ཨ་མ་ར་ཙནྡྲ་དང་། གཞོན་ནུ་བུམ་པ་ལ་སོགས་པས་ལོ་ཙཱ་མཛད་དེ་ཆོས་མང་པོ་བསྒྱུར། ཅེས་གསལ་བ་ལྟར་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱི་བླ་མའི་གཙོ་བོ་ཞིག་ཡིན་འདུག་པ་ལས་རྣམ་ཐར་ཞིབ་པ་མ་རྙེད།

པཎྜི་ཏ་འདི་ཉིད་རྒྱ་གར་འཕགས་ཡུལ་གྱི་ཡུལ་གང་དུ་སྐུ་འཁྲུངས་པ་ནི། སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་ལས[4]། ཉི་ཁྲི་སྣང་བར་གྲགས་པ་རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་གོ་མི་འཆི་མེད་དང༌། ཞེས་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པར་གསལ་ལ། འདིར་རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་ཞེས་མཁན་པོ་དགེ་བསྙེན་གཉིས་ཀ་གསལ་ལ། གསོལ་འདེབས་གསང་བའི་རྡོ་རྗེའི་ལུང་དུ་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་པས། སློབ་དཔོན་ཙནྡྲ་གོ་མིའི་སྐབས་སུ་བཀོད་པ་ལྟར་འདིར་ཡང་རྟེན་གང་ཡིན་དང་། ནཱ་ལེནྡྲའི་མཁན་པོ་ཡིན་ན་རྟེན་རབ་བྱུང་ངེས་པར་ཡིན་དགོས་མིན་སོགས་ལའང་དཔྱད་དགོས་པ་ཞིག་གོ།

འཕགས་བོད་ཀྱི་ལོ་པཎ་འདི་གཉིས་ཀྱི་འགྱུར་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས། ༡༽ རྒྱུད་ནུ་པ་ལ། དེ་དང་ཕྱོགས་མཐུན་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཀེ་དྷ་ར་ཎ་དྷིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འདི་སྤྱོད་པའི་རྒྱུད་དང་བསྐྱེད་ཆོག་རྣམས་མཐུན་པར་བཀོད་འདུག་ནའང༌། རྒྱུད་འགྲེལ་དག་ལས་དམ་ཚིག་གསུམ་བཀོད་བྱ་རྒྱུད་དུ་གསུངས་འདུག་པས་འདིར་བྲིས་སོ། །༢༽ ཤེར་ཕྱིན་ཀ་པ་ལ། བཅོམ་ལྡན་འདས་བྱམས་པ་མགོན་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། པཎྜི་ཏ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་དང་། ༣༽ ཤེར་ཕྱིན་ཀ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུ་ལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ། ཉི་ཁྲི་སྣང་བར་གྲགས་པ་རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་གཉིས་བཞུགས་སོ། །༤༽ ཤེར་ཕྱིན་ཇ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་བམ་པོ་ལྔ་པ། སློབ་དཔོན་སེང་གེ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་པ་ལ། སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ། ཞེས་གསལ་བ་ལྟར་པཎྜི་ཏ་གོ་མི་འཆི་མེད་ཀྱིས་འགྱུར་བྱང་གསལ་བའི་བསྟན་བཅོས་བཞི་བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ངག་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ། པོད། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༠ ལོ། ཤོག་ ༡

[2] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༨༢

[3] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༠༢

[4] སྡེ་དགེ་བསྟན་འགྱུར་དཀར་ཆག །པོད། ༼ཤྲཱི༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤༣༡ན༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༥ ནས་ ༣༠༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *