༄༅། །སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།

༄༅། །སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།[1]

 

༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲིབ་ཤིང་གི་འཁོར་ལོ་འདི་ལ་ནང་གི་རྩིབས་དང་། ཕྱིའི་རྩིབས་མཆན་ཡི་གེ་གཉིས་གིའུ་ཧཾ་གིས་བྲི། ནང་གི་རྩིབས་མཆན་དང་བཅས་པ་དང་ཕྱིའི་རྩིབས་ཀྱི་ཡི་གེ་གུར་གུམ་གྱིས་བྲིས། རྩི་(གླ་རྩི)མ་གི་ཏ་དྲི་ཚོར་ཙམ་རེ་བཏང་། ཕྱག་མཚན་གྱི་དམ་ཚིག་ལ་རྨ་བྱའི་མདོངས་མ་ཉམས་པ་གཅིག་གཞུག །རབ་གནས་བྱ་ཐབས་བླ་མའི་ཞལ་ལས་ཤེས།

འཁོར་ལོ་ནི་དཀྱིལ་འཁོར་ལྷའི་གཞལ་ཡས་ཁང་དུ་བསྒོམ། དེའི་དབུས་སུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་ཨུཏྤལ་ཏཾ་གྱིས་མཚན་པ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྐུ་མདོག་ལྗང་གུ་དོན་ཡོད་གྲུབ་པས་དབུར་བརྒྱན་པ། གཡས་མཆོག་སྦྱིན་གཡོན་ཨུཏྤལ་བསྣམས་པ། མཛེས་ཤིང་སྒེག་པའི་ཆ་བྱད་དུ་བསྒོམ། དེའི་ཐུགས་ཀར་བསྲུང་བྱ་བསམས་ལ། རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་རེ་བཟླས་ནས་མེ་ཏོག་གཏོར་ལ་མགུལ་དུ་གདགས་སོ། །བྲིས་མ་ཐག་ས་ལ་མི་བཞག་པ་དང་མི་ལག་མ་འགྲིམ་པ་གལ་ཆེ་གསུངས། ལྟེ་བ་ལ་རཀྵ་སྲུངས་ཤིག་འཆང་བ་པོ་ལ་སྒྲིབས་ཤིག་ཅེས་བྲིའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་བ་རིས་བསྒྱུར་བའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྒྲུབ་ཐབས་ཀུན་བཏུས། པོད། ༼ཀ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༦བ༡ ནས་ ༡༦ན༦ བར་ཤོག་ངོས་གཅིག་ཅན་བཞུགས་པ་ལས་བཏུས་པའོ།།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩ ནས་ ༢༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *