ཅ༽ སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་མིན་སྐོར།
༡༽ སྔ་ཕྱི་གཉིས་བྱོན་པར་འདོད་པའི་ལུགས།
གཉན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]།
ཆོས་མངོན་རྒྱ་མཚོའི་གཏིང་མཐའ་གཟིགས་པའི་སྤྱན། །
གང་ལ་མངའ་བས་ཀུན་མཁྱེན་གཉིས་པ་ཞེས། །
གྲགས་པ་ས་གསུམ་སྐྱེ་དགུའི་རྣ་རྒྱན་དུ། །
གདགས་མཛད་ཡོན་ཏན་ཕུང་པོ་དབྱིག་གི་གཉེན། །
ཞེས་བསྟོད་ཕྱག་མཛད་ཡུལ་གྱི་སློབ་དཔོན་དབྱིག་གཉེན་ལ་སྔ་ཕྱི་གཉིས་བྱོན་ཚུལ་ཐོག་འཕགས་བོད་དང་། ཤར་ནུབ་ཀྱི་ལོ་རྒྱུས་སྨྲ་བ་ཚོས་རྩོད་གཞི་ཞིག་སྟེ། དེ་ཡང་འཕགས་ཡུལ་གྱི་སློབ་དཔོན་གྲགས་པའི་བཤེས་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ལས[2]། གཞན་དག་ན་རེ། རྟེན་གྱི་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའོ། །འབྱུང་བ་སྨོས་པ་ནི་གཞིའི་འབྱུང་བ་བསྟན་པའི་ཕྱིར་རོ། །དེས་ན་གཞན་ལ་ཡང་ཐལ་བར་འགྱུར་བར་བྱ་བའི་ཕྱིར་དེ་ལྟ་ན་འོ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྟེན་མིག་ལ་སོགས་པ་གཟུགས་སུ་ཡོད་པའི་ཕྱིར། དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་གཟུགས་ཉིད་དུ་ཐལ་བར་འགྱུར་རོ། །ཉེ་བར་བཀོད་པ་འདི་ནི་མི་མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའི་ཕྱོགས་པ་འགའ་ཞིག་ལན་འདེབས་པ་ཡིན་ནོ། །ཞེས་བྱུང་ངོ་།།
དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་[3]ཀྱང་། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཆོས་སྐྱོབ་དང༌། སློབ་དཔོན་སངས་རྒྱས་ལྷ་དང༌། དབྱིག་བཤེས་དང༌། དབྱངས་སྒྲོགས་དང༌། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་[4]དང༌། ཆོས་མཆོག་དང༌། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་ལ་སྔ་ཕྱི་གཉིས་བྱོན་པ་ལས། དབྱིག་གཉེན་ཕྱི་མས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་པ་དང་། དབྱིག་གཉེན་སྔ་མས་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་ཚུལ་ལས་བརྩམས་ཏེ་རྒྱ་གར་གྱི་སློབ་དཔོན་གྲགས་པའི་བཤེས་གཉེན་[5]དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་ཀྱིས་དབྱིག་གཉེན་ལ་སྔ་ཕྱི་གཉིས་བྱོན་པར་བཞེད་དོ།།
གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་བྱུང་བའི་གཏམ་གྱི་སྐབས་སུ། སློབ་དཔོན་བཱ་སུ་བནྡྷུ་ཞེས་བྱ་བ་དབྱིག་གཉེན་གྱི་མཚན་ཅན་ཞིག་བྱོན་ཏེ། ཆོས་མངོན་པའི་སྡེ་སྣོད་མང་དུ་གསུངས་སོ། །ཞེས་གསལ་བ་ལྟར་དེ་ཝ་པཱ་ལ་ནི་ཕྱི་ལོ་ ༧༣༠ ནས་ ༧༧༧ བར་བྱོན་པ་ཞིག་ཡིན་དགོས་ལ། དེ་ནི་དབྱིག་གཉེན་སྔ་ཕྱི་གཉིས་ལས་དུས་རབས་ཀྱི་ཆ་ནས་ཕྱི་མ་ཡིན་དགོས་པར་འགྱུར་བ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[7]། ལྕགས་འབྲུག་ཕྱི་ལོ་ ༣༢༠ རྒྱ་ཡིག་གི་ལོ་རྒྱུས་འགའ་ཞིག་ལས། རྒྱ་གར་དུ་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཙནྡྲ་གུཔྟས་སྲིད་དབང་བཟུང་ཞེས་བཤད། དེང་རབས་ཀྱི་མཁས་དབང་འགའ་ཞིག་གིས་སློབ་དཔོན་དབྱིག་གཉེན་སྔ་མ་འཁྲུངས། ཞེས་གསལ་བ་ལྟར་རོ།།
ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་ལས[8]། འོ་ན་བྱེ་བྲག་སྨྲ་བ་ལ་ཉི་འོག་པ་དང་། ཁ་ཆེ་བ་གཉིས་སམ། ནུབ་ཕྱོགས་པ་དང་གསུམ་དུ་ཕྱེ་བ་དེ་དག་ཇི་ལྟ་བུ་སྙམ་ན། དེ་ལ་ཁ་ཆེ་བྱེ་བྲག་སྨྲ་བ་ནི་ཁ་ཆེའི་ཡུལ་ན་གནས་པ་རྣམས་ཏེ། དེའི་གཙོ་བོ་ནི་ཁ་ཆེ་འདུས་པ་བཟང་པོ་སོགས་ཡིན་ལ། ཉི་འོག་བྱེ་བྲག་ཏུ་སྨྲ་བ་ནི་ཁ་ཆེ་ལས་གཞན་པའི་རྒྱ་གར་ཤར་ནུབ་གུང་གསུམ་སོགས་ན་གནས་པ་རྣམས་ཡིན་ཅིང་། དེ་ཡང་། སྔོན་གྱི་བཙུན་པ་ཆོས་སྐྱོབ། བཙུན་པ་དབྱངས་སྒྲོགས། དབྱིག་གཉེན་སྔ་མ་ཞེས་གྲགས་པ་བཙུན་པ་དབྱིག་བཤེས། བཙུན་པ་སངས་རྒྱས་ལྷ་དང་བཞི་པོ་འདི་རྣམས་སྤྱིར་བྱེ་བྲག་སྨྲ་བ། དེ་ལས་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བ། དེའི་ནང་ནས་ཀྱང་ཉི་འོག་བྱེ་བྲག་ཏུ་སྨྲ་བ་ཞེས་ཡོངས་སུ་གྲགས་པ་དེའི་གཙོ་བོ་ཡིན་པར་སེམས་ཏེ། དུས་གསུམ་རྫས་གྲུབ་ཏུ་སྨྲ་བ་ལ་བཙུན་པ་དེ་བཞིའི་འདོད་ཚུལ་མི་འདྲ་བ་བཞི་ཡོད་པར།
རྣམ་བཞི་དངོས་དང་མཚན་ཉིད་དང་། །
གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །
ཞེས་གསུངས་པ་ལྟར་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་བཞེད་པ་ནི་གཞུང་དེ་ཉིད་ལས[9]། མངོན་པ་སྡེ་བདུན་ནི་སྟོན་པས་གསུངས་པའི་བཀའ་མ་ཡིན་ཏེ།
ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །
རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །
ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་འགལ་བུས། །
འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །
ཞེས་པ་ལྟར་དགྲ་བཅོམ་པ་བདུན་གྱིས་མཛད་པའི་བསྟན་བཅོས་ཡིན་པའི་ཕྱིར། ཞེས་གསུངས་པ་བཞིན་དབྱིག་གཉེན་སྔ་མ་ནི། མངོན་པ་སྡེ་བདུན་མཛད་པ་པོ་དགྲ་བཅོམ་པ་བདུན་གྱི་ནང་ཚན་བཙུན་པ་དབྱིག་བཤེས་ལ་ངོས་འཛིན་མཛད་ཅིང་། དབྱིག་གཉེན་ཕྱི་མ་ནི་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ལས་མངོན་པའི་རྒྱན་གྱུར་གཅུང་སློབ་དཔོན་དབྱིག་གཉེན་རང་ཉིད་ལ་ངོས་འཛིན་མཛད་པ་བཅས་བཞེད་ལུགས་མི་མཐུན་གཉིས་སུ་སྣང་ལ། དེ་ལྟར་སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་འདོད་ཀྱང་། དབྱིག་བཤེས་ཀྱི་མཚན་གྱི་རྣམ་གྲངས་དབྱིག་གཉེན་དང་། གཅུང་སློབ་དཔོན་དབྱིག་གཉེན་ཐ་དད་ཡིན་ནའང་། དབྱིག་བཤེས་མིན་པའི་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་འདོད་ཚེ། དབྱིག་གཉེན་སྔ་ཕྱིའི་རྣམ་ཐར་སོ་སོར་བཀོད་པ་སོགས་ནི་གཏན་ནས་མ་མཆིས་སོ།།
ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[10]། ད་ལྟའི་ཞིབ་འཇུག་པ་མང་པོས་སློབ་དཔོན་དབྱིག་གཉེན་གྱི་འཁྲུངས་འདས་དང་འཚོ་བཞུགས་སོགས་ལ་དཔྱད་པ་གནང་བར་བརྟེན། སློབ་དཔོན་འདི་ཉིད་ལ་སྔ་ཕྱི་གཉིས་སུ་ཕྱེ་སྟེ་སྔ་མ་ནི། ཕྱི་ལོ་ ༣༢༠ ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༤༠༠ ལོར་འདས་པར་བཞེད། ཕྱི་མ་ཕྱི་ལོ་ ༤༠༠ ལོར་སྐུ་འཁྲུངས་ལ། དེ་ནས་ཕྱི་ལོ་ ༤༨༠ ལོར་སྐུ་འདས་པར་བཞེད། འདོད་ཚུལ་འདི་དང་རིགས་འདྲ་བ་ཨོ་སི་ཁྲུ་རི་ཡའི་ (Austria) མཁས་པ་ཧྥིར་ཧྥ་ནོར་གྱིས་འཕགས་པ་ཐོགས་མེད་ཀྱི་གཅུང་སློབ་དཔོན་དབྱིག་གཉེན་ནི་དུས་རབས་བཞི་པ་དང་། མངོན་པ་མཛོད་མཛད་མཁན་གྱི་སློབ་དཔོན་དབྱིག་གཉེན་ནི་དུས་རབས་ལྔ་པར་བྱོན་པར་འདོད་པ་སོགས་བོད་ལ་མ་གྲགས་པའི་དཔྱད་པ་མང་། ཞེས་ཀྱང་གསལ་ལོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ་མཆིམས་མཛོད་མཛེས་རྒྱན་ལས[11]། སློབ་དཔོན་དབྱིག་གཉེན་གྱི་དུས་རབས་སྐོར་ལ་རྒྱ་ནག་གི་གསུང་རྒྱུན་དུ་སློབ་དཔོན་ནི་སངས་རྒྱས་འདས་ལོ་ཆིག་སྟོང་བརྒྱ་འདས་ནས་བལྟམས་ཞེས་པ་དང་། ཆིག་སྟོང་འདས་པ་ན་བལྟམས་ཞེས་པ་དང་། དགུ་བརྒྱ་འདས་པ་ན་བལྟམས་ཞེས་པ་སོགས་བཞེད་སྲོལ་མི་འདྲ་བ་ཁག་གསུམ་བཞུགས་པར་མ་ཟད། འགྲེལ་པ་རྒྱལ་སྲས་མ་ལས་ཀྱང་། སློབ་དཔོན་དབྱིག་གཉེན་སྔ་མའོ་ཞེས་སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་གསུངས་པ་སོགས་ཀྱི་རྒྱུ་མཚན་གྱིས་དུས་རབས་འདིར་ཤཪ་ནུབ་ཀྱི་མཁས་པ་མང་པོ་ཞིག་གིས་དུས་རིང་དམིགས་བཀར་གྱིས་རྩོད་གླེང་བྱེད་ས་གལ་ཆེ་ཤོས་ཤིག་ཆགས།
དེ་ཡང་མཁས་པ་པ་པཱེ་རིས་ཕྱི་ལོ་ ༡༩༡༡ ལོར་འགྲེམས་སྤེལ་གནང་བའི་དབྱིག་གཉེན་གྱི་དུས་རབས་ཞེས་པར་སློབ་དཔོན་དུས་རབས་བཞི་པར་བྱོན་པར་བཤད། མཁས་པ་ཐ་ཁ་ཁུ་སུས་ཕྱི་ལོ་ ༡༩༠༥ ལོར་འགྲེམས་སྤེལ་གནང་བའི་དོན་དམ་པས་མཛད་པའི་དབྱིག་གཉེན་གྱི་རྣམ་ཐར་དང་དབྱིག་གཉེན་གྱི་དུས་རབས་ཞེས་པར་དབྱིག་གཉེན་དུས་རབས་ལྔ་པར་བྱོན་པར་བཤད།
མཁས་པ་ཨུ་ཨིས་ཕྱི་ལོ་ ༡༩༢༤ ལོར་འགྲེམས་སྤེལ་གནང་བའི་ལོ་རྒྱུས་ལྡན་པའི་མི་བྱམས་པ་དང་ཐོགས་མེད་ཅེས་པར་བྱམས་པ་མགོན་པོ་ཕྱི་ལོ་ (C.270-350) བར་དང་། ཐོགས་མེད་ (C.310-390) བར། དབྱིག་གཉེན་ (C.320-400) བར་བྱོན་པར་བཤད་པ་དེ་དག་དང་བཤད་སྲོལ་མི་མཐུན་པ་ནི་ཕོ་རཱོ་ཝལ་ནར་གྱིས་ཕྱི་ལོ་ ༡༩༥༡ ལོར་འགྲེམས་སྤེལ་གནང་བའི་དབྱིག་གཉེན་ཕྱི་མ་ཞེས་པར་དབྱིག་གཉེན་སྔ་ཕྱི་བྱོན་པའི་སྔ་མ་ཕྱི་ལོ་ ༣༢༠ ཙམ་ལ་པུ་རུ་ཥ་པུ་ར་ཞེས་པའི་ས་གནས་སུ་སྐུ་བལྟམས། ཡབ་བྲམ་ཟེ་དང་སྐུ་མཆེད་གཉིས་ཡོད་པའི་གཅེན་པོའི་མཚན་ལ་ཐོགས་མེད་དང་། གཅུང་པོའི་མཚན་ལ་ཝི་རི་ཉྩི་ཝ་ཙ་ཞུ། བྱམས་པ་མགོན་པོ་དང་། གཅེན་ཐོགས་མེད་ཀྱི་གཞུང་དང་། ཐེག་པ་ཆེན་པོའི་མདོ་འགའ་ཤས་དང་། འཕགས་པ་ལྷའི་བཞི་བརྒྱ་པ་སོགས་ལ་འགྲེལ་པ་ཡང་བརྩམས། གཅེན་ཐོགས་མེད་ཀྱི་གོང་རོལ་དུ་ཕྱི་ལོ་ ༣༨༠ ལོར་གཤེགས།
དབྱིག་གཉེན་ཕྱི་མ་ཕྱི་ལོ་ ༤༠༠ ཙམ་ལ་སྐུ་བལྟམས་ཤིང་། འཁྲུངས་ཡུལ་གསལ་པོ་མི་ཤེས། ཐམས་ཅད་ཡོད་པར་སྨྲ་བའི་ས་སྟོན་སྡེར་རབ་ཏུ་བྱུང་། མདོ་སྡེ་པའི་གྲུབ་མཐའ་འཛིན། ཕྱི་ལོ་ ༤༥༥-༤༦༧ ཙམ་ལ་རྒྱལ་སྲིད་བསྐྱངས་པའི་གུཔྟའི་རྒྱལ་པོ་སྐན་དྷ་གུཔྟ་དང་། ཕྱི་ལོ་ ༤༦༧-༤༧༣ ཙམ་ལ་རྒྱལ་སྲིད་བསྐྱངས་པའི་ན་ར་སིཧཾ་གུཔྟ་གཉིས་ཀས་མཆོད་གནས་སུ་བཀུར། དོམ་དམ་བདུན་ཅུ་པ་དང་། མངོན་མཛོད་བརྩམས། ཕྱི་ལོ་ ༤༨༠ ཙམ་ལ་ཨ་ཡོ་དྷྱ་ལ་དགུང་ལོ་བརྒྱད་ཅུར་དགོངས་པ་རྫོགས་པར་བཤད། དབྱིག་གཉེན་གྱི་བསྟན་བཅོས་རྣམས་དབྱིག་གཉེན་སུ་སུས་མཛད་མིན་གསལ་པོ་མ་གསུངས་ཀྱང་། མཛོད་མཁན་པོས་ཐེག་ཆེན་མདོ་ལ་འགྲེལ་པ་མ་བརྩམས་པར་བཤད། དེ་ནས་ཡང་བསྐྱར་ནང་པའི་མཚན་ཉིད་རིག་པ་ཞེས་པར་སུམ་ཅུ་པ་དང་། ཉི་ཤུ་པ་སྔོན་གྱི་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པར་བཤད།
དེ་ནས་རྒྱ་གར་གྱི་མཁས་པ་རྗ་ཨི་ནིས་ཆོས་མངོན་པའི་མར་མེར་མངོན་མཛོད་མཁན་པོ་ཕྱིས་སུ་ཐེག་པ་ཆེན་པོར་འཛུལ་ཞུགས་མཛད་པར་གསལ་བས་ན། མངོན་མཛོད་མཁན་པོས་ཐེག་ཆེན་གྱི་མདོ་ལ་འགྲེལ་པ་མ་མཛད་ཅེས་པའི་ཕོ་རཱོ་ཝལ་ནར་གྱི་འདོད་ཚུལ་དེ་བཞིན་ཡང་དག་པ་མ་ཡིན་ལ། ཡང་སྙིང་དབྱིག་གཉེན་སྔ་ཕྱི་གཉིས་ཀ་སློབ་དཔོན་གཅིག་ཡིན་པར་བཤད། དེ་རྗེས་མི་ལོ་བཅུ་ཙམ་གྱི་རིང་དམིགས་བསལ་དཔྱད་ཞིབ་གསར་པ་མ་བྱུང་ཡང་། ཕྱི་ལོ་ ༡༩༦༧ ལོར་ཕོ་རཱོ་ཝལ་ནར་གྱི་སློབ་མའི་གཙོ་བོ་ཤི་མི་ཐོ་སེན་གྱིས་ཉི་ཤུ་པ་དང་། སུམ་ཅུ་པར་སྣང་བའི་མདོ་སྡེ་པའི་གྲུབ་མཐའ་ཞེས་པའི་དཔྱད་ཞིབ་གསར་པ་ཞིག་འགྲེམས་སྤེལ་གནང་བའི་ནང་དོན་དུ་ཉི་ཤུ་པར་སེམས་ཙམ་པའི་བཞེད་པ་ལྟར་རྣམ་ཤེས་ཚོགས་བརྒྱད་ཀྱི་སྟེང་ནས་གྲུབ་མཐའི་བཤད་པ་མཛད་པ་དང་། སུམ་ཅུ་པར་རྣམ་ཤེས་ཚོགས་བརྒྱད་བཤད་རྒྱུ་བཤད་ཡོད་ཀྱང་ཉི་ཤུ་པར་གསལ་བའི་མདོ་སྡེ་པའི་གྲུབ་མཐས་ཤུགས་རྐྱེན་དཔེ་མི་སྲིད་པའི་ཆེན་པོ་ལུས་ཚུལ་སྐོར་གྱི་བདེན་པ་དག་སྐྱེལ་དང་འབྲེལ་འདི་གཉིས་ཀྱི་མཁན་པོ་མངོན་མཛོད་མཁན་པོ་དང་སློབ་དཔོན་གཅིག་ཡིན་པ་དང་། བྱམས་པ་མགོན་པོ་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་ལ་འགྲེལ་པ་མཛད་མཁན་གྱི་མདོ་སྡེ་པ་དང་འདྲེས་ལྷད་གཏན་ནས་མེད་པའི་དབྱིག་གཉེན་དང་སློབ་དཔོན་གཞན་ཞིག་ཡིན་ཞེས་འཛམ་གླིང་གི་མཁས་པ་རྣམས་ཧོན་འཐོར་དགོས་པའི་སྔོན་མེད་ལེགས་བཤད་ཀྱི་དཔྱད་ཐུང་དེས་ཁོང་གི་མཚན་སྙན་ཡང་འཛམ་གླིང་དུ་ཡོངས་སུ་གྲགས། དེ་རྗེས་ཕོ་རཱོ་ཝལ་ནར་གྱིས་བསམ་ཚུལ་དེ་གཞིར་བཞག་ཐོག་དབྱིག་གཉེན་གཉིས་ཡོད་པའི་རང་གི་བསམ་ཚུལ་ལ་ངེས་པ་གཏན་དུ་ཕྱིན་ཏེ་ནང་པའི་མཚན་ཉིད་རིག་པ་ཞེས་པའི་གོང་གི་དཔྱད་ཞིབ་དེར་ལེ་ཚན་གསུམ་པ་ཞིག་ཁ་སྐོང་གི་ཚུལ་དུ་བསྣན་ཏེ་དབྱིག་གཉེན་ཕྱི་མས་དང་པོ་མངོན་པ་མཛོད་དང་། དེ་རྗེས་ལས་གྲུབ་པའི་རབ་བྱེད་དང་། དེ་རྗེས་ཉི་ཤུ་པ་དང་། དེ་རྗེས་སུམ་པ་ཅུ་བཅས་རིམ་བཞིན་བཀའ་རྩོམ་མཛད་ཅེས་བཤད་དོ།།
ཡང་དེ་ཉིད་ལས[12]། ཁོང་གི་བཞེད་པ་བཞིན་དབྱིག་གཉེན་སྔ་ཕྱི་གཉིས་ཡོད་པའི་དབང་དུ་བཏང་ཡང་མདོ་ལ་འགྲེལ་པ་མཛད་མཁན་གྱི་དབྱིག་གཉེན་དབྱིག་གཉེན་སྔ་ཕྱི་གང་གི་ཁོངས་སུ་གཏོགས་མིན་དང་། ཡང་ན་དབྱིག་གཉེན་གསུམ་པ་ཞིག་འཇོག་དགོས་མིན་ད་དུང་ཞིབ་འཇུག་བྱ་རྒྱུར་ལྷག་ཡོད། མཚམས་འདིར་རང་གི་བསམ་ཚུལ་སྙིང་དོན་ཙམ་ཞིག་བཀོད་ན། རྗེ་བཙུན་བྱམས་མགོན་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་ལ་འགྲེལ་པ་མཛད་མཁན་གྱི་སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་ཀྱི་སྐུའི་གཅུང་པོ་དང་། མངོན་མཛོད་མཁན་པོ་གཉིས་ཀ་ཡིན་པར་ཐག་བཅད་ཀྱང་འཛིན་མཚམས་མི་བདེ་བ་མེད་པའི་ཐོག་ཁུངས་སྐྱེལ་སྒྲུབ་བྱེད་མང་། ཞེས་ཀྱང་གསལ་ལོ།། །།
༢༽ སྔ་ཕྱི་གཉིས་བྱོན་པར་མི་འདོད་པའི་ལུགས།
དེ་ཡང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་ལས[13]།
བདེར་གཤེགས་གསུང་རབ་འབུམ་སྡེ་གོ་དགུའི་ཚིག །
ཚིག་གི་ལམ་དུ་ལྷུག་ལྷུག་འབབ་པའི་དཔལ། །
དཔལ་ལྡན་འཛམ་གླིང་ནོར་འཛིན་མཛེས་པའི་དཔྱིད། །
དཔྱིད་ཀྱི་ངོ་མཚར་རྣམ་གནོན་དབྱིག་གི་གཉེན། །
ཞེས་བསྟོད་པ་མཛད་ཡུལ་གྱི་སློབ་དཔོན་དབྱིག་གཉེན་ལ་སྔ་ཕྱི་གཉིས་བྱོན་པར་མི་བཞེད་པའི་ལུགས་ནི། ནུབ་ཕྱོགས་མཁས་པ་ཕོ་རྭོ་ཝལ་ནར་གྱིས་དབྱིག་གཉེན་སྔ་ཕྱི་གཉིས་འདོད་ཚུལ་རྣམས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་ཆོས་མངོན་མཛོད་དང་འབྲེལ་བའི་སྤྱི་བཤད་འགྲེལ་པ་མངོན་པའི་རྒྱན་གྱི་རྒྱན་ལས[14]། སྒྲུབ་བྱེད་གསལ་ཤོས་ཤིག་ནི། དཔེར་ན་སློབ་དཔོན་དོན་དམ་པ་ (499-569) ནི་ཕོ་རྭོ་ཝལ་ནར་གྱི་འདོད་པ་ལྟར་གྱི་སློབ་དཔོན་དབྱིག་གཉེན་གསར་པ་གཤེགས་རྗེས་ལོ་ཉི་ཤུ་སྐོར་ཙམ་ཞིག་ལ་འཁྲུངས་གཤིས། ལོ་ཆེན་འདིས་དབྱིག་གཉེན་རྙིང་པས་མཛད་པའི་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་དང་། ཐེག་བསྡུས་འགྲེལ་པ་དང་། དབྱིག་གཉེན་གསར་པས་མཛད་པའི་མཛོད་བཅས་རྒྱ་ནག་སྐད་ཐོག་ཕབ་བསྒྱུར་མཛད་འདུག་ཀྱང་། དབྱིག་གཉེན་གསར་རྙིང་གཉིས་ཡོད་པའི་སྐོར་ཁོང་གིས་སློབ་མ་སོགས་སུ་ལའང་ཟུར་ཙམ་ཡང་མ་གསུངས་པ་ལ་བརྟེན་ནས་ཀྱང་ཤེས་ནུས། ལྷག་པར་སློབ་དཔོན་གཅིག་ཡིན་ཀྱང་སྐུ་ཚེ་སྟོད་སྨད་ཀྱི་ལྟ་བ་མི་མཐུན་པར་འཕོ་ལེན་མཛད་པར་འགལ་བ་མེད་ལ། དཔེར་ན་ཕྱི་རོལ་པའི་སློབ་དཔོན་འགའ་ཞིག་དང་པོར་ཕྱི་རོལ་པའི་ལྟ་བ་འཐད་ཕྱོགས་སུ་འཛིན་ཀྱང་། རྗེས་སུ་ནང་པའི་ལྟ་བའི་ཁྱད་གནད་གསལ་པོར་མཁྱེན་མཚམས་ནང་པ་ལ་འཛུལ་ཞུགས་མཛད་མཁན་རབ་རིམ་མང་པོ་ཞིག་བྱུང་ཡོད་ཅིང་། ཕྱོགས་མཚུངས་མཁས་མཆོག་དབྱིག་གཉེན་ཡང་དང་པོར་མཛོད་བཀའ་རྩོམ་མཛད་སྐོར་མདོ་སྡེ་པའི་ལྟ་བ་རང་ལུགས་སུ་འཛིན་ཀྱང་། ཕྱིས་སྐུའི་གཅེན་པོ་འཕགས་པ་ཐོགས་མེད་མཇལ་ཏེ་ཐེག་ཆེན་ལྟ་བའི་གནད་དོན་ངོ་མ་གཟིགས་པའི་ཚེ་སེམས་ཙམ་པའི་གྲུབ་མཐར་འཕོ་ལེན་མཛད་པ་ལ་འགལ་བ་གཏན་ནས་མེད་པར་མངོན། འོན་ཀྱང་འཕགས་པ་ཐོགས་མེད་དང་མཇལ་བ་དང་དེ་མ་ཐག་མདོ་སྡེ་པའི་གྲུབ་མཐའ་བཏང་ནས་སེམས་ཙམ་པའི་གྲུབ་མཐར་འཕོ་ལེན་མཛད་པ་ཞིག་མིན་པར་རིམ་པས་སེམས་ཙམ་པའི་གྲུབ་མཐར་འཕོ་ལེན་མཛད་པར་མངོན། ཞེས་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་མི་བཞེད་པའི་སྒྲུབ་བྱེད་ཀྱི་ཚུལ་དུ་ཁ་གསལ་བཀོད་པ་གནང་འདུག །དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་མཛད་པ་པོའི་དབྱིག་གཉེན་དང་། མངོན་པ་མཛོད་མཛད་པ་པོའི་དབྱིག་གཉེན་གཉིས་ཐ་དད་དང་སྔ་ཕྱིར་བྱོན་པའི་རྣམ་ཐར་གཏན་ནས་མི་སྣང་ངོ་།།
དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[15]། དེ་ལ་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་གྲུབ་མཐའ་འཆད་པ་ལ་ཉེ་བར་མཁོ་བ་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་དང་། དེའི་སློབ་དཔོན་བྱམས་པ་མགོན་པོ་གཉིས་ཀྱི་འཕྲིན་ལས་འཕེལ་རྒྱས་ཀྱི་དུས་རབས་ཤེས་དགོས་ཀྱང་། འཕགས་པ་ཐོགས་མེད་ཀྱི་དུས་རབས་ཐག་གཅོད་ཐུབ་པའི་དཔྱད་གཞིའི་ཡིག་ཆ་ཚད་ལྡན་མ་རྙེད་པ་དང་། བྱམས་པ་མགོན་པོ་ནི་ད་ལྟ་དགའ་ལྡན་ན་བཞུགས་ཤིང་། མ་འོངས་པར་རྣམ་འདྲེན་ལྔ་པ་སངས་རྒྱས་བྱམས་པའི་མཚན་ཅན་གྱི་ངོ་བོར་མཆོག་གི་སྤྲུལ་སྐུར་མཛད་པ་བསྟན་པར་འགྱུར་བ་དེ་ཡིན་པས་ན། རང་ཅག་སོ་སྐྱེ་ལ་བལྟོས་ནས་ཤིན་ཏུ་ལྐོག་གྱུར་ཏེ་སྤྱོད་ཡུལ་ལས་འདས། དེ་འདྲ་ལ་བརྟེན་ཐོགས་མེད་ཀྱི་གཅུང་པོ་དང་སློབ་མ་གཉིས་ཀ་ཡིན་པ་སློབ་དཔོན་དབྱིག་གཉེན་གྱི་དུས་རབས་ལས་བརྩམས་པའི་དཔྱད་གཞིའི་ཡིག་ཆ་ཡོད་པ་དང་། འབྲེལ་ཡོད་ཀྱི་སེམས་ཙམ་པའི་སློབ་དཔོན་སྔ་རྟིང་མང་པོ་ཞིག་གི་དུས་ཚིགས་ཀྱང་རང་བཞིན་གྱིས་རགས་རྩིས་ཐག་གཅོད་ནུས་པས་ན། དེང་རབས་ཀྱི་ནང་པའི་མཁས་པ་མང་པོ་ཞིག་གིས་འདིའི་སྐོར་རྩོད་གླེང་ཐེངས་མང་བྱས་པའི་སྐོར་ཁོ་བོས་མངོན་མཛོད་སྤྱི་བཤད་དུ་རྒྱས་ཙམ་ཞིག་བཤད་ཟིན་པས་ན། འདིར་སྙིང་པོ་ཙམ་ཞིག་ཞུ་གི་ཡིན།
དེ་ཡང་ཉི་ཧོང་མཁས་པ་ཨུ་ཨིས། བྱམས་པ་མགོན་པོ་ (270-350A.D.) འཕགས་པ་ཐོགས་མེད་ (310-390 A.D.) སློབ་དཔོན་དབྱིག་གཉེན་ (310-400A.D.) བཅས་སོ་སོར་གཏན་འབེབས་གནང་འདུག་པ་འདི་བཞིན་ཕྱི་ལོ་ ༤༡༤ ནས་ ༤༣༣ བར་ལ་ལོ་ཆེན་ཆོས་འཚོས་བསྒྱུར་བའི་བྱང་ས་བམ་པོ་བཅུ་པ་འདིའི་མཛད་པོ་བྱམས་པ་མགོན་པོ་ཡིན་པའི་དབང་དུ་བཏང་ན་དུས་རབས་འདི་བཞིན་མི་འཚམ་པ་མི་འདུག་རུང་། སློབ་དཔོན་ཕྱོགས་གླང་གི་དུས་རབས་ལ་ཉམས་ཞིབ་བྱས་པའི་འབྲས་བུར་སློབ་དཔོན་འདིའི་དུས་རབས་ཕྱི་ལོ་ ༤༨༠ ནས་ ༥༤༠ བར་ལ་གནས་པར་གསལ་པོར་ཆགས་ལ། སློབ་དཔོན་དེ་གཉིས་བར་ཐག་དེ་ཙམ་མེད་པས་ན། དབྱིག་གཉེན་གྱི་དུས་རབས་ ༤༠༠ ནས་ ༤༨༠ འཇོག་རྒྱུ་འདི་འཚམ་པ་ཡིན།
རྒྱུ་མཚན་གཞན་ཡང་སློབ་དཔོན་ཆོས་སྐྱོང་སོགས་ཀྱི་དུས་ཚིགས་དང་གུང་བསྒྲིགས་ནའང་དེ་ལྟར་གནས་ཐུབ། དེ་ཡང་སྙན་གྲགས་ཅན་གྱི་ཧྱན་ཙང་གི་ལམ་ཡིག་ཏུ་ལོ་ཆེན་ཧྱན་ཙང་ཕྱི་ལོ་ ༦༣༣ ལོར་ཆེས་མཐོའི་གཙུག་ལག་སློབ་གྲྭ་ནཱ་ལན་དཱ་ལ་ཕེབས་ནས་སློབ་དཔོན་ངང་ཚུལ་བཟང་པོ་ཞུ་བ་དགུང་ལོ་བརྒྱ་དང་དྲུག་ཏུ་ཕེབས་པ་ཞིག་དང་མཇལ། སློབ་དཔོན་ཆོས་སྐྱོང་ (530-561) དགུང་གྲངས་ཉི་ཤུ་རྩ་དགུར་ཕེབས་སྐབས་སློབ་དཔོན་ངང་ཚུལ་བཟང་པོ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་སྒྲུབ་པར་གཤེགས་ཤིང་། སྐབས་དེར་ངང་ཚུལ་བཟང་པོ་དགུང་ལོ་སུམ་ཅུར་ཕེབས་པ་དང་། སློབ་དཔོན་ཆོས་སྐྱོང་གིས་མཛད་པའི་ཕྱོགས་གླང་གི་དམིགས་བརྟག་འགྲེལ་པ་ཡོད་པས་ཕྱོགས་གླང་ཡང་དེའི་གོང་རོལ་ཏུ་བྱོན་པར་ཤེས་ནུས། ཕྱོགས་མཚུངས་སློབ་དཔོན་བློ་གྲོས་བརྟན་པའི་ (510-570) དུས་ཚིགས་ཀྱང་བྷ་ལ་བྷཱིའི་རྒྱལ་པོ་གུ་ཧ་སེ་ནས་ (King Guhasena of Valabhi, ruled 558-566) སློབ་དཔོན་བློ་གྲོས་བརྟན་པ་ལ་དགོན་པ་བཞེངས་པར་བརྐོས་ཡིག་ཏུ་གསལ་བ་ལ་བརྟེན་ནས་ཤེས་ནུས། སློབ་དཔོན་དེ་གཉིས་དབྱིག་གཉེན་དངོས་ཀྱི་དངོས་སློབ་མ་ཡིན་རུང་ལྟ་གྲུབ་གཅིག་པའི་རྒྱུད་འཛིན་ཆེན་པོ་ཡིན་པ་དང་། དུས་རབས་ཀྱང་བར་ཐག་དེ་ཙམ་མེད་པས་དེ་ལ་བརྟེན་ནས་ཀྱང་གོང་གི་དེ་མི་འོས་པ་མེད་ཀྱང་དོགས་པ་གཞན་ཞིག་ནི། སློབ་དཔོན་དབྱིག་གཉེན་བྱོན་དུས་ལ་རྒྱ་ནག་གི་བཞེད་སྲོལ་དུ་སངས་རྒྱས་མྱ་ངན་ལས་འདས་རྗེས་ལོ་ཆིག་སྟོང་བརྒྱ་ (T 1559.P.161a15.T 1595.P. 152b1) དང་། ཆིག་སྟོང་ (T 2087, 896b27. T 2053. P.233c16) དང་། ལོ་དགུ་བརྒྱ་ (T 1830.P.231c2-3.T2068.P.52c25) བཅས་ཁག་གསུམ་བྱུང་བར་མ་ཟད། རྒྱལ་པོ་སྲས་གྲགས་པ་བཤེས་གཉེན་གྱི་མཛོད་ཀྱི་འགྲེལ་པ་རྒྱལ་སྲས་མ་ལས་སློབ་དཔོན་དབྱིག་གཉེན་སྔ་མའོ། །ཞེས་གསལ་བ་སོགས་རྒྱུ་མཚན་དུ་བྱས་ནས་ཕོ་རར་ཝར་ནས། བྱམས་པ་མགོན་པོ་དང་། འཕགས་པ་ཐོགས་མེད། དབྱིག་གཉེན་སྔ་མ། དབྱིག་གཉེན་ཕྱི་མ་བཅས་དབྱིག་གཉེན་སྔ་ཕྱི་གཉིས་བཤད་ཀྱང་འཐད་པར་མ་མཐོང་ངོ་། །ཞེས་གསལ་ལོ།།
གཞན་ཡང་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[16]། ཐོག་མར་སྤུན་གཉིས་ཀའི་མཚན་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པར་བཏགས། ཞེས་གསལ་ལ། སློབ་དཔོན་དོན་དམ་པས་ (499-569) མཛད་པའི་དབྱིག་གཉེན་གྱི་རྣམ་ཐར་ནང་ཐོག་མར་འཕགས་པ་ཐོགས་མེད་ཐེག་དམན་ཡིན་པ་དང་། གཅུང་ཝི་རིཉྕིཝཙ་ཡང་ཐེག་དམན་དགྲ་བཅོམ་ཞིག་ཡིན་ཚུལ་སོགས་གསལ་ཡོད། ལྷག་པར་མཁས་པ་ཐ་ཁ་ཁུ་སུས་བྲིས་པའི་དོན་དམ་པའི་དབྱིག་གཉེན་གྱི་རྣམ་ཐར་དང་དབྱིག་གཉེན་དུས་རབས་ཞེས་པའི་དཔྱད་ཞིབ་ནང་ལའང་། པུ་ཤ་པུར་ཞེས་པའི་ས་གནས་སུ་བྲམ་ཟེ་ཀྭོ་ཤི་ཀ་ལ་བུ་གསུམ་མཆིས་པས། ཆེ་བའི་མིང་ལ་དབྱིག་གཉེན་ཐོགས་མེད་དང་། འབྲིང་གི་མིང་དབྱིག་གཉེན་དང་། ཆུང་བའི་མིང་དབྱིག་གཉེན་ཝིརིཉྩིཝཙ་ཞེས་བཀོད་ཡོད་པས། ཀུ་མ་ར་ཇི་བ་ (344-413) ནི་སློབ་དཔོན་དབྱིག་གཉེན་གྱི་དུས་རབས་དང་འབྲེལ་ཆེ་ཤོས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ཅིང་། དོན་དམ་པའང་སློབ་དཔོན་ཉིད་དང་དུས་རབས་ཧ་ཅང་རྒྱང་པོ་མིན། ཁོང་གཉིས་ཀྱིས་བརྩམས་པའི་དབྱིག་གཉེན་དང་འབྲེལ་བའི་ལོ་རྒྱུས་ནི་ཡིད་རྟོན་རུང་བར་བརྟེན་སྤུན་གཉིས་སམ་གསུམ་ཇི་ཙམ་ཡོད་ཀྱང་། དབྱིག་གཉེན་ཞེས་པའི་ཐ་སྙད་ནི་ཀུན་ལ་འཇུག་འདུག་པས། དབྱིག་གཉེན་སྔ་ཕྱི་གཉིས་ཀྱི་རྙོག་གཞི་ཡང་དེ་ལ་བརྟེན་ནས་བྱུང་བ་མིན་ནམ་སྙམ་པས་དཔྱད་དགོས་པར་སྣང་ངོ་།།
ལྷག་པར་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[17]ཀྱང་། ལྕགས་གླང་། ཕྱི་ལོ་ ༤༤༡ པཎྜི་ཏ་ཀུ་མཱ་ར་ཤྲཱི་ (ཅིག་མོ་ལི་ཧྲི་) ཞི་ཨན་དུ་ཕེབས། རྒྱ་ཡིག་ཏུ་རྡོར་གཅོད་སོགས་དམ་པའི་ཆོས་མང་དུ་བསྒྱུར། ༸རྒྱལ་དབང་ལྔ་པའི་གསེར་གདུང་དཀར་ཆག་སྡེ་སྲིད་ཀྱིས་མཛད་པར། ཀུ་མཱ་ར་ཤྲཱི་འདི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ཞེས་བཤད། ཚལ་པའི་དེབ་དམར་ལས། ཙནྡན་ཇོ་བོ་རྒྱ་གར་དང་འཇང་ཡུལ་གྱི་བར་རྒྱལ་ཁམས་ཆུང་ངུ་ཞིག་ན་ཡོད་པ་རྒྱ་ནག་ཏུ་སྤྱན་དྲངས་པ་དང་། དེ་དང་མཉམ་དུ་པཎྜི་ཏ་ཀུ་མཱ་ར་ཤྲཱི་ཡང་ཕྱོགས་དེ་ནས་ཕེབས་པ་དང་། ཕེབས་དུས་དགུང་ལོ་བཅོ་བརྒྱད་ཡིན་པར་བཤད་པ་སོགས་ཁུངས་དག་ཡིན་མིན་ལ་བརྟག་རྒྱུ་ཡོད་དོ། །ཞེས་ཀུ་མཱ་ར་ཤྲཱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་པར་ཡང་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྤྲུལ་སྐུ་གསུང་རབ་གསུང་འབུམ། བསྟོད་ཚོགས་ཕྱོགས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༡༡
[2] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼གུ༽ དེབ་ཨང་ ༨༠ པ། ཤོག་གྲངས་ ༧༤
[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༣༢༧
[4] སློབ་དཔོན་དགེ་སྲུང་ནི། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཙཀྲ་ཡུ་དྷ་དང་དུས་མཚུངས་སུ་བྱོན་པས་དུས་རབས་ ༨ པའི་ནང་དུ་སྐུ་འཁྲུངས་སྙམ། ཁོང་གིས་ཕྱི་རོལ་གྱི་དོན་གྲུབ་པ་དང་། གཞན་སེལ་བརྟག་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།
[5] སློབ་དཔོན་རྒྱལ་བའི་སྲས་གྲགས་པའི་བཤེས་གཉེན་ནི། རྒྱལ་པོ་གོ་པཱ་ལ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་སོགས་མཛད་དོ།།
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༩
[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༣༣
[8] མང་ཐོས་མངོན་པ། གསུང་འབུམ་པོད། ༼ཁ༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༣ན༡
[9] མང་ཐོས་མངོན་པ། གསུང་འབུམ་པོད། ༼ཁ༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༤༧ན༢
[10] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༠༡
[11] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༩༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༠༦
[12] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༩༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༡༢
[13] ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་ ༦༡བ༤ ནས་ ༦༢བ༣ བར་གསལ།
[14] ཆོས་མངོན་མཛོད་དང་འབྲེལ་བའི་སྤྱི་བཤད་འགྲེལ་པ་མངོན་པའི་རྒྱན་གྱི་རྒྱན། དེབ་གཟུགས། ༡༩༨༨ ལོ། ཤོག་ ༤༠།༤༡
[15] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༣༦
[16] ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་གིས་བོད་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༧
[17] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༩༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༤༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།