མ༽ སློབ་དཔོན་གྱི་གསུང་གི་མཛད་པའི་ཕྱག་རྗེས།
དེ་ཡང་ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་མཛད་པ་ཀུན་གྱི་རབ་དང་ཕུལ་དུ་གྱུར་པ་གསུང་གི་མཛད་པའི་ཕྱག་རྗེས་བླ་ན་མེད་པའི་སྒོ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་ཇི་ལྟར་བཀའ་དྲིན་བསྐྱངས་པའི་ཚུལ་ནི། ༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[1]།
མདོ་རྒྱུད་དགོངས་པ་འགྲེལ་བའི་བསྟན་བཅོས་དང་། །གསོ་རིག་ལ་སོགས་ཐུན་མོང་རིག་གནས་དང་། །
འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མང་མཛད་ནས། །ས་གསུམ་འགྲོ་འདི་སྣང་མཛད་ཁྱོད་ཕྱག་འཚལ། །
ཞེས་གསུངས་པ་ལྟར་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་མཚན་སྙན་རབ་ཏུ་འབར་བའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་རྒྱལ་བའི་བཀའ་མདོ་རྒྱུད་གཉིས་ཀྱི་དགོངས་པ་ཟབ་མོ་རྣམས་འགྲེལ་བྱེད་གཞན་གྱིས་བཀྲལ་བ་ལ་བརྟེན་མི་དགོས་པར་ཆེ་བ་དེ་ལྡན་གྱི་སྒོ་ནས་བཀའི་དགོངས་པ་རང་དབང་དུ་བཀྲལ་བའི་ཤིང་རྟའི་སྲོལ་ཆེན་ཕྱེ་ཞིང་། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྩ་ཤེས་ཊཱིཀ་ཆེན་ལས[2]། དེ་ལྟ་བུའི་མགོན་པོ་འདིས་སྦྱོར་བ་བརྒྱ་པ་ལ་སོགས་པ་རིག་པའི་གནས་ཐུན་མོང་བའི་བསྟན་བཅོས་དང་། ནང་རིག་པ་ལ་ཡང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་མང་དུ་མཛད་དོ། །ཟབ་མོ་དབུ་མའི་ལམ་ངེས་པའི་དོན་ལུང་གིས་བསྟན་པ་ནི། མདོ་ཀུན་ལས་བཏུས་ལས་ཤེར་ཕྱིན་འབུམ་པ་དང་། བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པའི་མདོ་མང་པོ་དྲངས་ནས་བཤད་དོ།།
རིགས་པས་བསྟན་པ་ནི། རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་། རིགས་པས་བསྒྲུབས་པ་མི་མང་ངོ་། །གཞུང་དེ་དག་ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་། ཡོད་མེད་ཀྱི་མཐར་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་སུ་འདུའོ། །ཞེས་དང་། མདོར་ན་གཞུང་བཟང་དེ་ཉིད་ལས[3]། བདག་ཉིད་ཆེན་པོ་འདིས་ཐེག་པ་ཆེ་ཆུང་གི་སྒོར་འཇུག་པ་ཐམས་ཅད་ལ་ལམ་གྱི་སྲོག་མཐོང་བའི་མིག་སྟེར་བས་སྐུ་དྲིན་ཤིན་ཏུ་ཆེའོ། །དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་ནི་དབུ་མ་རྩ་བ་ཡིན་ཏེ་རིགས་པའི་སྒོ་མི་འདྲ་བ་མཐའ་ཡས་པ་ཞིག་བསྟན་ནས་ཟབ་མོའི་དོན་ལ་ངེས་པ་གཏིང་ཚུགས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ།།
གཞན་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[4]། མཐའ་བྲལ་དབུ་མ་ཆེན་པོའི་ལྟ་བ་ནི། །ལུང་གིས་རྒྱས་པར་སྟོན་པ་བསྟོད་ཚོགས་སྐོར། །རིགས་པས་རྒྱས་པར་སྟོན་པ་རིགས་ཚོགས་ཀྱིས། །དབུ་མའི་སྲོལ་ཆེན་ཕྱེ་ལ་གསོལ་བ་འདེབས། །ཐེག་ཆེན་སྤྱོད་པ་ལུང་གིས་རྒྱས་པ་རུ། །སྟོན་པ་མདོ་སྡེ་ཀུན་ལས་བཏུས་པ་དང་། །རིགས་པས་བསྟན་པ་ཐེག་ཆེན་བློ་སྦྱོང་གིས། །སྤྱོད་པ་གསལ་བར་མཛད་ལ་གསོལ་བ་འདེབས། །གསང་བ་སྔགས་ཀྱི་ལྟ་སྤྱོད་སྟོན་པ་ལ། །ཀུན་ལས་བཏུས་དང་བྱང་ཆུབ་སེམས་འགྲེལ་གཉིས། །བསྐྱེད་རིམ་མདོར་བྱས་མདོ་བསྲེ་ཉི་ཤུ་པ། །རྫོགས་རིམ་རིམ་ལྔ་མཛད་ལ་གསོལ་བ་འདེབས། །ཉན་ཐོས་རིགས་ཅན་མཐའ་དག་རྗེས་གཟུང་སླད། །རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་གསུངས་ཤིང་། །ཁྱིམ་པ་རྣམས་ལ་བཤེས་པའི་སྤྲིངས་ཡིག་གསུངས། །ཀུན་ལ་ཕན་པར་མཛད་ལ་གསོལ་བ་འདེབས། །རབ་བྱུང་རྣམས་ལ་བྱང་ཆུབ་ཚོགས་དང་ནི། །དམངས་ཀྱི་སྐྱེ་བོ་རྣམས་ལ་གསོ་ཐིག་དང་། །སྦྱོར་བ་བརྒྱ་པ་ལ་སོགས་གསོ་རིག་གི །བསྟན་པ་རྒྱས་པར་མཛད་ལ་གསོལ་བ་འདེབས། །རྒྱལ་བློན་རྣམས་ལ་རིན་ཆེན་ཕྲེང་བ་དང་། ཤེས་རབ་བརྒྱ་པ་རྟེན་འབྲེལ་རྩིས་ཀྱི་སྐོར། །སྤོས་སྦྱོར་གསེར་འགྱུར་གཞུང་རྣམས་མཛད་པ་ཡིས། །སྐྱེ་དགུ་བདེ་བར་མཛད་ལ་གསོལ་བ་འདེབས། །ཞེས་གསལ་བར་བྱུང་ངོ་།།
དེ་བཞིན་བདག་ཉིད་ཆེན་པོ་མི་འཕྲོག་པའི་མཁྱེན་རབ་དང་ལྡན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[5]།
བཀའ་ནི་བར་པ་གཏན་དབབ་ཕྱིར༔ དབུ་མ་རིགས་པའི་ཚོགས་དྲུག་མཛད༔
རྩ་ཤེས་རིགས་པ་དྲུག་ཅུ་པ༔ སྟོང་ཉིད་བདུན་ཅུ་ཞིབ་མོ་འཐག༔
རིན་ཆེན་ཕྲེང་བ་རྩོད་བཟློག་མཛད༔
ཅེས་གསལ་བ་ལྟར་དབུ་མ་རིགས་ཚོགས་དང་། བསྟོད་ཚོགས། གཏམ་ཚོགས་བཅས་ཚོགས་གསུམ་སྟེ། མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[6]། སྤྱིར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལ་གོང་དུ་སྨོས་པ་རྣམས་དང་། ཆོས་དབྱིངས་བསྟོད་པ་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་དང་། རྣམ་པར་མི་རྟོག་པར་བསྟོད་པ་དང་། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་སོགས་བསྟོད་ཚོགས་དང་། བཤེས་སྤྲིང་སོགས་གཏམ་ཚོགས་དང་། གསོ་བ་རིག་པ་དང་། གསེར་འགྱུར་གྱི་རྩིའི་བསྟན་བཅོས་སོགས་དང་། བཟོ་རིག་པ་དང་། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ་དང་། སྐྱེ་བོ་གསོ་ཐིགས་ལ་སོགས་པ་ཡང་མཛད་དེ་བོད་དུ་འགྱུར་རོ། །ཞེས་གསུངས་སོ།།
དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ཀྱིས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[7]། བསྟན་བཅོས་ལ་ནང་རིག་པ་ལ། ལྟ་བ་གཙོ་བོར་སྟོན་པ་ལ་མཐའ་བྲལ་གྱི་དབུ་མ། ལུང་གིས་སྟོན་པ་དབུ་མ་བསྟོད་སྐོར། རིགས་པས་སྟོན་པ་རིགས་པའི་ཚོགས། སྤྱོད་པ་གཙོ་བོར་སྟོན་པ་ལ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རིགས་པས་སྟོན་པ་ཐེག་ཆེན་བློ་སྦྱོང་། ཉན་ཐོས་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་གྱི་ནོར་བུ། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིང་། རབ་བྱུང་གི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས་མདོར་བྱས། མདོ་བསྲེ། དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་པ་ལྔ་པ་ལ་སོགས་པ་མཛད་དོ།།
གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་ལ་སོགས་པ་དང་། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་ལ་སོགས་པ་རང་རྐང་དུ་བརྩམས་པ་མང་པོ་དང་། གཞན་འགྲེལ་དུ་བཏགས་པ་གསང་འདུས་འགྲེལ་པ་དང་། སཱ་ལུ་ལྗང་པའི་མདོ་ཚིགས་སུ་བཅད་པ་བསྡུས་པ་ལ་སོགས་པ་མཛད་དོ། །ཕྱག་རྒྱ་བཞི་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པ་མིན་ནོ་ཞེས། མན་ངག་སྙེ་མར་བཤད་དོ། །སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། སྤྱོད་འཇུག་འགྲེལ་པར། སློབ་དཔོན་ཀླུ་སྒྲུབ་ཀྱིས་བསླབ་པ་ཀུན་ལས་བཏུས་པ་ཞིག་ཀྱང་མཛད་པར་བཤད་དོ། །དེ་ལྟར་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་དོ། །ཞེས་གསལ་ལོ།།
དེ་བཞིན་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[8]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་སྨིན་པ་སྨིན་པར་བྱེད་པའི་ཆོ་ག་ཉི་ཤུ་པ། དེ་གྲོལ་བར་བྱེད་པའི་བསྐྱེད་རིམ་ལ་མདོར་བྱས་དང་མདོ་བསྲེ་གཉིས། རྫོགས་རིམ་ལ་ལམ་རིམ་པ་ལྔ་དང་བྱང་ཆུབ་སེམས་འགྲེལ་ལ་སོགས་པ་མཛད། དེ་མ་རྒྱུད་དང་བསྟུན་པར་ཕྱག་རྒྱ་བཞི་མཛད། ཅེས་གསལ་བ་བཞིན་དེ་ལྟའི་བསྟན་བཅོས་རྣམས་ཇི་ལྟར་མཛད་པ་ཡང་། མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[9]། ཀླུ་སྒྲུབ་ཡབ་སྲས་ཀྱིས་སྔགས་ཀྱི་བསྟན་ཆོས་མདོར་བྱས་དང་སྒྲོན་གསལ་ལ་སོགས་པ་དང༌། མཚན་ཉིད་ཀྱི་བསྟན་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་རིགས་ཚོགས་དང༌། དེའི་རྗེས་སུ་འབྲང་བ་ཡེ་ཤེས་སྙིང་པོས་ཤར་གསུམ་དང༌། གསོ་བ་རིག་པ་ཡན་ལག་བརྒྱད་པ་དང༌། སོ་མ་ར་ཙ་ལ་སོགས་པ་མང་དུ་མཛད་དོ། །ཚུལ་ཇི་ལྟར་མཛད་པ་ཡང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་ཙམ་དུ་མ་བརྟགས་ན། ཉམས་དགའ་བའི་ངོ་བོར་ཡོད་པ་མ་གཏོགས་པ། དོན་དམ་པ་ལ་རང་བཞིན་མེད་པར་བསྟན་པས། ཚེ་འདི་པ་རྣམས་ཀྱང་མེད་པར་ལྟ་བ་ཤས་ཆེ་བར་གྱུར་ཏོ། །དེ་དག་ནི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྟ་བ་མཐུན་པས་དོན་བཀྲལ་བ་དབུ་མའི་བསྟན་བཅོས་སོ། །དེ་ཡང་ཤིང་རྟ་ཆེན་པོ་གཅིག་གི་གཞུང་ཞེས་པ་ཆོས་ཚན་གཅིག་ཡིན་ཞེས་པའོ། །ཞེས་གསུངས་པ་ལྟར། མདོ་ཕྱོགས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ལུང་རིགས་ཀྱི་སྒོ་ནས་ལེགས་པར་གསལ་བར་མཛད་པའི་ངེས་དོན་ལུང་གིས་བསྟན་པ་མདོ་ཀུན་བཏུས་དང་། རྩ་བ་ཤེས་རབ་ལ་སོགས་པ་རིགས་ཚོགས་དྲུག་གིས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་གཏན་ལ་ཕབ་ཅིང་། དེ་ཡང་རྩ་བ་ཤེས་རབ་ཀྱིས་དངོས་སྨྲ་བ་རྣམས་ཀྱིས་ཆོས་དང་གང་ཟག་ལ་རང་བཞིན་གྱིས་གྲུབ་པར་སྒྲོ་བཏགས་པའི་ཚུལ་རྣམས་རྒྱས་པར་འགོག་ལ། ཞིབ་མོ་རྣམ་འཐག་གིས་རང་བཞིན་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པར་མཛད། དབུ་མ་རྩ་བ་ཤེས་རབ་ལས།
དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །[10]
ཞེས་གསུངས་པ་ལ་རང་བཞིན་གྱིས་མ་གྲུབ་པ་ལ་དགག་སྒྲུབ་སོགས་ཀྱི་བྱ་བྱེད་མི་འཐད་པར་རྒོལ་བའི་ལན་དུ་དབུ་མ་པའི་ལུགས་ལ་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་ཉིད་ཀྱིས་དེ་དག་ཆེས་འཐད་པར་བསྟན་པ་ལ་རྩོད་བཟློག་མཛད་པས་འདི་ནི་ལེའུ་དང་པོའི་འཕྲོས་དོན་དང་། དེ་བཞིན་སྟོང་ཉིད་བདུན་ཅུ་པ་ཡང་། རབ་བྱེད་བདུན་པའི། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །[11] ཞེས་སོགས་ཀྱིས་སྐྱེ་འཇིག་གནས་གསུམ་རང་བཞིན་གྱིས་གྲུབ་པ་བཀག་པར་ལུང་ལས་དེ་དག་གསུངས་པས་མི་འཐད་པར་རྒོལ་བ་ལ་སྐྱེ་འཇིག་སོགས་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་ཀྱི། ཡང་དག་པར་གྲུབ་པའི་དབང་གིས་གསུངས་པ་མིན་པའི་ཚུལ་གསལ་བར་བསྟན་པས་དེ་ལས་འཕྲོས་པ་ཡིན་ནོ། །མཐའ་གཉིས་སྤོང་བའི་ལམ་འབའ་ཞིག་གིས་འཁོར་བ་ལས་གྲོལ་བར་བསྟན་པ་རིགས་པ་དྲུག་ཅུ་པ་དང་། བདག་མེད་གཉིས་རིགས་པའི་རྣམས་གྲངས་དུ་མའི་སྒོ་ནས་གཏན་ལ་འབེབས་ཤིང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་རྒྱས་པར་བཤད་དེ་ཐབས་ཤེས་གཉིས་ཀ་སྟོན་པ་རིན་ཆེན་ཕྲེང་བ་གསུངས། བསྟོད་པ་བཞི་[12]ཡང་སྟོང་ཉིད་སྟོན་པའི་བསྟན་བཅོས་ཡིན་ཡང་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པ་མ་ཡིན་ནོ།།[13]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤
[2] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤
[3] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༨
[4] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། ཤིང་དཔར་དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[5] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢
[6] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༤
[7] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༤༧
[8] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[9] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༢
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༣
[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༡༣
[12] འཇིག་རྟེན་ལས་འདས་པར་བསྟོད་པ་དང་། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། དོན་དམ་པར་བསྟོད་པ་བཅས་སོ།།
[13] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༡ ནས་ ༢༦༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།