བ༽ བསམ་ཡས་གཙུག་ལག་གསར་བཞེངས་གནང་ཚུལ།

བ༽ བསམ་ཡས་གཙུག་ལག་གསར་བཞེངས་གནང་ཚུལ།

 

དེ་ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་ལས[1]།

འཕགས་བོད་མཁས་གྲུབ་བསམ་ཡས་བྱོན་པའི་གནས། །མདོ་རྒྱུད་བསྟན་བཅོས་བསམ་ཡས་བསྒྱུར་བའི་གནས། །

ཉན་བཤད་སྒོམ་སྒྲུབ་བསམ་ཡས་མཛད་པའི་གནས། །མཚན་མཆོག་དོན་དང་མཐུན་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། བསམ་ཡས་གཙུག་ལག་ཁང་ནི་ཆོས་འཁོར་གསུམ་གྱི་ཡ་གྱལ་དང་། བསྟན་པ་སྔ་དར་ལ་དམ་པའི་ཆོས་དར་ཡུལ།

རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་པའི་ཆོས་མང་པོ་བསྒྱུར་བའི་གནས་མཆོག །གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ། བཙན་པོའི་ཐུགས་དམ། འབངས་ཀྱི་མཆོད་གནས། དཀོན་མཆོག་གི་ཞིང་ཁམས། དགེ་འདུན་གྱི་བཞུགས་གནས་བཅས་ཡངས་པའི་ནོར་འཛིན་ཁྱོན་དུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བར་བྱས་པའི་དགོན་པའི་ཐོག་མ་འདི་ཉིད་གསར་བཞེངས་གནང་ཚུལ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ལས[2]།

དག་པ་རབ་འབྱམས་ཞིང་གི་བཀོད་པ་ཀུན། །ལུགས་གསུམ་མི་འགྱུར་གཙུག་ལག་ཁང་བཟང་དུ། །

མངོན་པར་བསྒྱུར་བས་ཡེ་ཤེས་སྒྱུ་མའི་གར། །བསྟན་ཚེ་ངོ་མཚར་བཀོད་པས་འཇིག་རྟེན་ཁྱབ། །

ཅེས་གསུངས་པ་ལྟར་ཕུར་ལྕོག་ངག་དབང་བྱམས་པས་ (1682-1762) མཛད་པའི་གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་ཕྲེང་བ་ལས་[3]ཀྱང་། འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྦྱིན་བདག་མཛད། དུས་གསུམ་མཁྱེན་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། མཁན་ཆེན་ཞི་བ་འཚོས་དཔལ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བཀོད་པ་མཛད་པའི་གཙུག་ལག་ཁང་དབུ་རྩེ་རིགས་གསུམ། གླིང་བཞི། གླིང་ཕྲན་བརྒྱད། ཉི་ཟླ་གཉིས་དང་བཅས་པའི་ས། རྒྱ་ནག་གི་སྐད་དུ་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་འཁོར་ཆེན་པོ་བསྐྲུན། སད་མི་མི་བདུན་རབ་ཏུ་བྱུང་ཞིང་། ལོཙྪ་བ་དང་པཎྜི་ཏ་མང་པོས་སཾ་སྐྲི་ཏའི་སྐད་ལས་བོད་སྐད་དུ་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཅིང་འཆད་ཉན་མཛད། ཅེས་གསལ་བ་ལྟར། རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་ (1925-2012) མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས[4]། ཁྲི་སྲོང་གིས་རྦ་གསལ་སྣང་སླར་ཡང་གདན་ཞུར་བཏང་ནས་སློབ་དཔོན་ཞི་བ་འཚོ་ཤཱནྟ་རཀྵི་ཏ་དགུང་ལོ་ ༧༥ ལ་བོད་དུ་ཕེབས་པས། གཙང་པོ་བྲཏཔུཏྲ་དང་མེལ་གཉིས་དང་ཉེ་བར་བསམ་ཡས་དགོན་པ་བཞེངས། དེ་ནི་མགདྷའི་རྒྱལ་པོ་དྷ་རྨ་པཱ་ལས། ཕྱི་ལོ་ 769-809 ལ་བཞེངས་པ། ཨུཏནྟ་པུ་རིའི་གཙུག་ལག་ཁང་ཆེན་པོ་ལ་དཔེ་བྱས་ཏེ་བོད་ལ་སངས་རྒྱས་པའི་དགོན་པ་དང་པོ་དེ་བཞེངས་ཞེས་བྲིས། དེ་ ༨༢༣ ལ་རྨང་བཏིང་། ༨༣༥ ལ་གྲུབ། གླིང་བཞི་དང་གླིང་ཕྲན་བཅུ་བཞི་ནས་གླིང་ཕྲན་གཉིས་ཀྱི་མིང་མ་རྙེད། ཅེས་ཀྱང་བྱུང་ངོ་།།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་མཁན་སློབ་རྣམ་གཉིས་ཀྱི་མཛད་རྗེས་མདོར་བསྡུས་ལས[5]། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་ཆ་གང་དུ་བཟང་མིན་གྱི་བརྟག་དཔྱད་མཛད་པའི་ཆེད་དུ་མཁན་པོ་དང་། སློབ་དཔོན། བཙན་པོ། གཉེར་སྟག་བཙན་སྡོང་གཟིགས་བཅས་ཧས་པོ་རིའི་རྩེར་ཕེབས་ནས་གཟིགས་པ་ན། སྐབས་དེར་བསམ་ཡས་ཀྱི་ས་གཞི་དེ་འཇག་མ་སྐྱ་ཐོ་རེ་བ་དང་། ཤིང་རྩི་སྡོང་ཕུང་ཆུང་བ་དང་། ལྕང་མ་སྡོང་པོ་ཐར་ཐོར་རེ་ཡོད་པ་རྣམས་ལ་གཟིགས་ནས་ཤར་ཕྱོགས་རི་ནི་རྒྱལ་པོ་ཁྲིའི་སྟེང་དུ་བཞུགས་པ་འདྲ་བ་དང་། མེ་ཡར་གྱི་རི་དྲེལ་རྟ་ཆུ་འཐུང་བ་འདྲ་བ། དོལ་ཐང་དཀར་གྱི་ཡོལ་བ་བྲེས་པ་འདྲ་བ། ས་གཞི་འདི་མཁར་གཞོང་མེ་ཏོག་གུར་ཀུམ་གྱིས་བཀང་བ་འདྲ་བ་བཅས་ལྷ་ཁང་བཞེངས་པའི་ས་གནས་འདི་རང་བཟང་ཞེས་གསུངས་ནས་ཕྱག་མཁར་གྱིས་ཕྱག་བྲིས་མཛད།

བོད་འབངས་རྣམས་ལ་གསང་བ་བྱ་བའི་ཕྱིར་ས་ཆ་འདིར་ཆིབས་རྟ་འདོགས་པའི་བྲེས་ཆེན་པོ་ཞིག་བརྩེགས་རྒྱུ་ཡིན་ཁུལ་གྱིས་རྩྭ་འཇག་མ་རྣམས་ཀྱི་རྩེ་མོ་ཕན་ཚུན་བསྡུས་ནས་མདུད་པ་བརྒྱབ་སྟེ་མཐོ་ཡོར་བཙུགས་པ་བཞིན་དུ་བསྐོར་ནས་ཕྱིའི་རྭ་བ་སྔོན་དུ་བརྩེགས་ནས་ས་ཆོག་གི་རིམ་པ་རྣམས་མཛད། བཙན་པོའི་ཐུགས་དམ་ལྷ་ཁང་འདི་འཛམ་བུའི་གླིང་འདི་ན་ངོ་མཚར་ཆེ་བ་གཅིག་བྱེད་དགོས། དེ་ཡང་འདུལ་བ་དང་། མདོ་སྡེ། མངོན་པ་བཅས་མདོ་ཕྱོགས་ཀྱི་སྡེ་སྣོད་ཐམས་ཅད་དང་། གསང་སྔགས་རྒྱུད་སྡེ་བཞི་ཐམས་ཅད་དང་མཐུན་པ་ཞིག་བྱེད་དགོས་གསུངས་ནས་སྔོན་དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་འགོར་བཞེངས་པའི་ཨོ་ཏནྟ་པཱུ་རིའི་[6]གཙུག་ལག་ཁང་ལ་དཔེ་བྱས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྗེས་སུ་སློབ་དཔོན་ཆེན་པོ་དང་ལྷན་དུ་རབ་གནས་ཀྱི་ཆོ་ག་རྒྱས་པར་གནང་། ཞེས་གསུངས་ལ། དེ་བཞིན་རླངས་བྱང་ཆུབ་འདྲེ་བཀོལ་ (968-1076) གྱིས་མཛད་པའི་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས[7]། སྔོན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་བཞེངས་པའི་དུས་སུ། དེའི་རབ་ཏུ་གནས་པ་བྱས་པའི་ཚོགས་གྲལ་ན། གྲུབ་པ་ཐོབ་པའི་སྐྱེས་བུ་བོ་དྷི་སཏྭ་དང་། སྔགས་འཆང་བའི་རྒྱལ་པོ་པདྨ་འབྱུང་གནས་དང་། རྒྱལ་བློན་བྱང་ཆུབ་སེམས་དཔའ་ཀུན་འཚོགས་པ་ལ། རྗེ་མངའ་བདག་རྒྱལ་པོའི་ཞལ་ནས། གཙུག་ལག་ཁང་གི་བྱ་བ་ནི་ཚར། ལྷ་མི་ཡོངས་ཀྱི་ཐུགས་དགོངས་ནི་གྲུབ། དུས་ད་ལྟ་ལས་སྐྱིད་པ་མེད་པས། ཆོས་སམ་བསྟན་བཅོས་གང་ལེགས་པ་ཞིག་གསུང་བར་ཞུ་ཞུས། ཞེས་བྱུང་བ་ལྟར། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་རབ་གནས་མཛད་པར་གསུངས།

དེ་ནས་མཁན་ཆེན་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨ་སམྦྷ་ཝ་གཉིས་ཀྱིས་ས་ཆོག་མཛད་དེ་ཨོ་ཏཱནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག །མཐའ་ལྕགས་རིས་བསྐོར་བས་བཀོད་པ་མཛད་ཏེ་མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་། ས་མོ་ཡོས་ལ་ཚར་ནས་མཁན་ཆེན་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་སམ་བྷ་ཝས་རབ་གནས་མཛད་དགའ་སྟོན་བྱས་ཏེ། ཞེས་གསུངས་པ་ལྟར། པདྨ་བཀའ་ཐང་ལས[8]། བོད་དུ་དམ་ཆོས་ཇི་ལྟར་དར་བ་ནི། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། །བསམ་ཡས་བརྩིག་པའི་ས་གཞི་འདུལ་བ་ལ། །ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི། །སློབ་དཔོན་བོ་དྷི་ས་ཏྭ་གདན་དྲངས་ནས། །ས་གཞི་བཏུལ་བས་འཐུལ་བར་མ་གྱུར་ནས། །པདྨ་འབྱུང་གནས་གདན་འདྲེན་ལུང་ཡང་བསྟན། །པདྨ་འབྱུང་གནས་བོད་དུ་བྱོན་ནས་ནི། །ལྷ་སྲིན་སྡེ་བརྒྱད་དབང་བསྡུས་བྲན་དུ་བཀོལ། །བྲག་དམར་བསམ་ཡས་རྒྱལ་པོའི་ཐུགས་དམ་བཞེངས། །ཞེས་གསུངས་པ་ལྟར། བསམ་ཡས་གཙུག་ལག་ཁང་མཚན་རྒྱས་པར་འབོད་ན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གྲགས་ལ། གཙུག་ལག་ཁང་དེ་ཉིད་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། ལྟ་བས་ཆོག་མི་ཤེས་པ། བསམ་ཡུལ་ལས་འདས་པ་ (ཡས་པ་) ཞིག་བྱུང་བས་བསམ་ཡས་ཞེས་མཚན་དུ་ཐོགས་ཀྱང་རུང་བར་གསུངས། གཙུག་ལག་ཁང་འདི་ནི་བོད་གངས་ཅན་ལྗོངས་ཀྱི་གནས་རི་བཞི་ཡི་ཡ་གྱལ་ཧས་པོ་རི་ཡི་འདབས་རོལ་ཏུ་གནས་ཤིང༌།

(བསམ་ཡས་ཧས་པོ་རི།)

དེ་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་གདུང་ལས་བལྟམས་པའི་མཁན་ཆེན་བོདྷི་ས་ཏྭ་དང༌། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་རྗེས་སློབ་དཔོན་གྱིས་ས་དཔྱད་བརྟགས་ནས་ཆུ་ཕོ་སྟག་ཕྱི་ལོ་ ༧༦༢ ལ་རྨང་བཏིངས་ཏེ་ལོ་གསུམ་ལ་རྫོགས་པར་གྲུབ་ཅིང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་ནས་སད་མི་བདུན་རབ་ཏུ་བྱུང་བ་དང༌། བོད་དུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་དང་པོ་འདི་ཉིད་བཞེངས་པའོ།།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་ལས[9]། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ། །ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །གངས་ཅན་ལྗོངས་སུ་ཐུབ་བསྟན་ཉིན་མོར་བྱེད། །ཐོག་མར་འདྲེན་མཛད་ཆོས་རྒྱལ་མེས་དབོན་གྱི། །ངོ་མཚར་ཕྱག་རྗེས་ཆོས་འཁོར་རྣམ་པ་གསུམ། །རྟེན་དང་བརྟེན་པར་བཅས་ལ་གསོལ་བ་འདེབས། །ཁྱད་པར་མཁན་སློབ་ཆོས་གསུམ་ཞལ་འཇོམས་ཏེ། །འཛམ་གླིང་རྒྱན་གྱུར་སྤྲུལ་པའི་གཞལ་མེད་ཁང་། །བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་། །ས་གསུམ་སྙན་པར་གྲགས་ལ་གསོལ་བ་འདེབས། །འདུལ་བར་གཙུག་ལག་མདོ་སྡེར་ཞིང་ཁམས་ཚུལ། །མངོན་པ་ལྟར་ན་སྣོད་བཅུད་གཅིག་ཏུ་གྲུབ། །སྔགས་ཀྱི་ལུགས་སུ་དཀྱིལ་འཁོར་ཆེན་པོར་རྫོགས། །ངོ་མཚར་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །དབུ་རྩེ་རིམ་གསུམ་ལུགས་གསུམ་བཀོད་པ་ཅན། །བསྐོར་ཁང་འཁོར་ས་ལྷོ་བྱང་ནུབ་ཀྱི་མཛོད། །རི་དབང་ལྷུན་པོར་ཉི་ཟླས་བརྒྱན་པའི་ཚུལ། །ཡཀྵ་ལྟག་འོག་བཅས་ལ་གསོལ་བ་འདེབས། །འཇམ་དཔལ་གླིང་དང་ཨཱརྱ་པ་ལོའི་གླིང་། །དགའ་ལྡན་བྱམས་པ་གླིང་དང་བྱང་ཆུབ་ཏུ། །སེམས་བསྐྱེད་གླིང་སྟེ་གླིང་ཆེན་བཞི་ཡི་ཚུལ། །ཕྱོགས་བཞིར་བཞུགས་པ་རྣམས་ལ་གསོལ་བ་འདེབས། །རྣམ་དག་ཁྲིམས་ཁང་བརྡ་སྦྱོར་ཚང་མང་གླིང་། །བདུད་འདུལ་སྔགས་པ་སྒྲ་སྒྱུར་རྒྱ་གར་གླིང་། །ལུང་བསྟན་བཻ་རོ་མི་གཡོ་བསམ་གཏན་གླིང་། །རིན་ཆེན་སྣ་ཚོགས་པེ་དཀར་དཀོར་མཛོད་གླིང་། །གླིང་ཕྲན་བརྒྱད་དང་བཀའ་རྟགས་མཆོད་རྟེན་བཞི། །ཁམས་གསུམ་ཟངས་ཁང་བུ་ཚལ་གསེར་ཁང་གླིང་། །དགེ་རྒྱས་ལྷ་ཁང་ཇོ་མོ་གླིང་གསུམ་དང་། །དེར་བཞུགས་དཀོན་མཆོག་རྣམས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྒྱལ་པོའི་ཐུགས་དམ་གྱི་གཙུག་ལག་ཁང་འདི་ཉིད་སྡེ་སྡོད་གསུམ་དང་། རྒྱུད་སྡེ་དང་མཐུན་པར་བཞེངས་པ་སྟེ། འདུལ་བ་ལྟར་ན་རྒྱལ་བའི་གསུང་རབ་ལ་སློབ་གཉེར་དང་སྒོམ་སྒྲུབ་བྱེད་ཡུལ་གྱི་གཙུག་ལག་ཁང་དང་། མདོ་སྡེ་ལྟར་ན་སངས་རྒྱས་སྲས་དང་བཅས་པའི་ཞིང་ཁམས་ཀྱི་རྣམ་པ་ལྟ་བུ། མངོན་པ་ལྟར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་བཀོད་པའི་ཚུལ་དང་། གསང་བ་གསང་སྔགས་ལྟར་ན་དཀྱིལ་འཁོར་གྱི་ཚུལ་དུ་བཞེངས་པར་གསུངས།

དེ་ཡང་གཙུག་ལག་ཁང་འདི་ཐོག་བརྩེགས་རིམ་པ་གསུམ་དང་ལྡན་ཞིང༌། མཐའ་བཞི་ལྕགས་རིས་བསྐོར་ལ་གླིང་བཞི་གླིང་ཕྲན་གྱིས་བརྒྱན་པ་སྟེ། ཤར་གྱི་གླིང་དུ། སད་མི་བདུན་རབ་ཏུ་བྱུང་གནས་རྣམ་དག་ཁྲིམས་ཁང་གླིང་དང༌། ཆོས་དཔྱད་བྱ་ཡུལ་མཁྱེན་རབ་འཇམ་དཔལ་གླིང༌། བརྡ་སློབ་ཁང་བརྡ་སྦྱོར་ཚང་མང་གླིང༌། ལྷོ་ཡི་གླིང་དུ། སྔགས་ཀྱི་སྲི་གཏད་མནན་ཁང་བདུད་འདུལ་སྔགས་པ་གླིང༌། བཙན་པོའི་རྟ་མགྲིན་སྒྲུབ་གནས་ཨརྱ་པ་ལོའི་གླིང༌[10]། དམ་ཆོས་སྒྱུར་ཁང་སྒྲ་སྒྱུར་རྒྱ་གར་གླིང༌། ནུབ་ཀྱི་གླིང་དུ། བཻ་རོ་ཙཱ་ན་བཞུགས་ཡུལ་བཻ་རོ་ཙཱ་ནའི་གླིང༌། མ་འོངས་ལུང་བསྟན་ཁང་བྱམས་པ་གླིང༌། བསམ་གཏན་སྒོམ་ཁང་བསམ་གཏན་གླིང༌། བྱང་གི་གླིང་དུ། རིན་ཆེན་གཏེར་མཛོད་ཁང་རིན་ཆེན་སྣ་ཚོགས་གླིང༌། བྱང་ཆུབ་སེམས་བསྐྱེད་གནས་བྱང་ཆུབ་སེམས་བསྐྱེད་གླིང༌། མཛོད་ཁང་པེ་ཧར་དཀོར་མཛོད་གླིང་སོགས་བཞེངས་སོ།།

དེ་ལྟར་གཙུག་ལག་ཁང་འདིའི་བཟོ་སྐྲུན་གྱི་བཀོད་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི། བོད་ཆོས་ལ་དད་པ་རྣམས་དགའ་བ་སྐྱེ་བའི་ཕྱིར་འོག་ཁང་བོད་ལུགས་དང༌། ཞང་པོ་རྒྱ་ཡིན་པས་བར་ཁང་རྒྱ་ལུགས། ཆོས་ཀྱི་འབྱུང་གནས་རྒྱ་གར་ཡིན་པས་སྟེང་ཁང་རྒྱ་གར་ལུགས་བཅས་ལུགས་གསུམ་གྱི་ཁྱད་ཆོས་ཚང་བར་བྱས་ཡོད།

འོག་ཁང་རྣམ་དག་སྒོ་གསུམ་དུ་འདུ་ཁང་ཀ་བ་བཅོ་བརྒྱད་ཀྱི་རྒྱ་ཁྱོན་དུ་རྟེན་གཙོ་གུ་རུ་ང་འདྲ་མ་དང༌། གཙོ་བོའི་གཡས་གཡོན་དུ་མཁན་སློབ་ཆོས་གསུམ་དང༌། བཻ་རོ་ཙཱ་ན། གཡས་སུ་ཇོ་རྔོག་འབྲོམ་གསུམ་དང་། འཇམ་དབྱངས་རྣམ་གསུམ་སོགས་ཀྱི་སྐུ་བརྙན་བཞུགས། གཙང་ཁང་དབུས་མའི་རྟེན་གཙོ་རྡོ་སྐུ་རང་བྱོན་ཇོ་བོ་བྱང་ཆུབ་ཆེན་མོ་དང༌། དེའི་གཡས་སུ་ནམ་མཁའི་སྙིང་པོ། བྱམས་པ། སྤྱན་རས་གཟིགས། སའི་སྙིང་པོ། དགའ་བའི་དཔལ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་དྲུག་གོ།

གཡོན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཕྱག་རྡོར། འཇམ་དབྱངས། སྒྲིབ་པ་རྣམ་སེལ། དགེ་བསྙེན་ཆེན་པོ་དྲི་མ་མེད་པ་དང༌། ཁྲོ་བོ་མི་གཡོ་བ། དམར་པོ་གཙོ་འཁོར་བཅུ་གསུམ། གསང་འདུས་ཡེ་ཤེས་ཞབས་ལུགས་ལ་ལྷ་བཅུ་དགུ་ཡོད་པ་ལས་དྲུག་མ་ཤོང་ནས་བྱང་ཆུབ་ཆེན་པོའི་རྒྱབ་ཏུ་གྱང་ལོགས་ལ་བྲིས་པ་སོགས་རྟེན་བྱིན་ཅན་མང་པོ་བཞུགས། བར་ཁང་གཡུ་ཞལ་མཐིལ་རྒྱ་ཁྱོན་ཀ་བ་ཉི་ཤུའི་སར་རྟེན་གཙོ་མཁན་སློབ་ཆོས་གསུམ་དང༌། སྐུ་རྒྱུ་ཀོ་བ་ལས་བཞེངས་པའི་གཙོ་བོ་རྣམ་པར་སྣང་མཛད། དེའི་གཡོན་དུ་མ་འོངས་པའི་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ་སྐུ་བཞེངས་སྟབས་སུ་བཞུགས་པ་སོགས་ཀྱིས་གཙོས་སྐུ་བརྙན་མང་དུ་བཞུགས། སྟེང་ཁང་དུ་སྐུ་རྒྱུ་རས་འདམ་ལས་བཞེངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀུན་ཏུ་རིག་པ་རིགས་ལྔ་དང༌། ཉེ་སྲས་བརྒྱད། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་པོ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་པོ་བཞུགས། ལྷ་ཁང་དེ་དག་གི་སྐྱ་ལྡེབས་སུ་མདོ་སྡེ་ལས་བྱུང་བའི་རྟོགས་བརྗོད་དང༌། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་སྲུང་མའི་རྒྱུད་རིས་མཚར་དུ་དངར་བ་བྲིས་ཡོད་ལ། ཐོག་སྟེང་དུ་གཉྫི་ར་གསེར་ལ་ཤེལ་གྱི་ཏོག་ཅན་བཙུགས་ཡོད།

གཞན་ཡང་གཙུག་ལག་ཁང་འདིའི་ཕྱོགས་བཞིར་ཁ་དོག་མི་གཅིག་པའི་མཆོད་རྟེན་ཆེན་པོ་བཞི་ཡོད་པ་སྟེ། བྱང་ཤར་མཚམས་སུ་རྒྱུ་བོད་རྫ་ལས་གྲུབ་པའི་མཆོད་རྟེན་སྔོན་པོ་ཐོག་བརྩེགས་བདུན་ཙམ་ལྡན་པ་ཞིག་གནས། མཆོད་རྟེན་དེ་ནི་ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་ལུགས་སྒོ་བཅུ་དྲུག་གིས་བརྒྱན་པ། ཁྲི་དཔངས་མཐོ་བ། མཆོད་རྟེན་གྱི་བང་རིམ་གཉིས་པའི་ཕྱོགས་བཞིར་ལྷ་ཁང་གསུམ་རེ་དང༌། མཆོད་རྟེན་གྱི་བུམ་པའི་ཐོག་ཕྱོགས་བཞིར་ལྷ་ཁང་གསུམ་རེ་དང༌། མཆོད་རྟེན་གྱི་བང་རིམ་གཉིས་པའི་ཕྱོགས་བཞིར་ལྷ་ཁང་རེ། བུམ་པའི་སྟེང་དུ་ཆོས་འཁོར་བཅུ་གསུམ། དེའི་རྩེ་མོར་ནོར་བུའི་ཏོག་གིས་མཛེས་པར་བྱས་ཤིང་དེ་ནས་ཕྱོགས་བཞིར་ལྕགས་ཐག་གིས་སྦྲེལ་ཡོད།

མཆོད་རྟེན་ནག་པོ་ནི་གཙུག་ལག་ཁང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང༌། དེ་ནི་དེ་བཞིན་གཤེགས་པའི་གདུང་གིས་བརྒྱན་པ་རང་སངས་རྒྱས་ཀྱི་ལུགས་སུ་བཞེངས་པ་ཁྲོ་ཟངས་ཁ་སྦུབས་པ་ལྟ་བུར་སྣང༌། མཆོད་རྟེན་དེ་རྩིག་གདན་གྲུ་བཞིའི་སྟེང་པདྨ་འདབ་བརྒྱད་ཀྱི་ཆོས་ཁྲི་དང༌། དེའི་སྟེང་དུ་མཆོད་རྟེན་གྱི་བུམ་པ། ཆོས་འཁོར་བཅུ་གསུམ་ཡང་སྟེང་དུ་ནོར་བུའི་ཏོག་བཅས་ཀྱི་མཛེས་པར་སྣང༌། མཆོད་རྟེན་དཀར་པོ་ནི་གཙུག་ལག་ཁང་གི་ཤར་ལྷོའི་མཚམས་སུ་ཆགས་ཤིང་། དེའི་མཐའ་སྐོར་དུ་ས་དཀར་གསོལ་བའི་མཆོད་རྟེན་ཆུང་ངུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་དང་དབུས་སུ་མཆོད་རྟེན་དཀར་པོ་སེང་གེ་བརྒྱད་ཀྱིས་བརྒྱན་པ། དེའི་བང་རིམ་དང༌། ཆོས་འཁོར་བཅུ་གསུམ་ནོར་ཏོག་སོགས་ཀྱང་སྤྱིར་ན་གོང་དང་འདྲ་ཞིང་། གཙུག་ལག་ཁང་གི་ལྷོ་ནུབ་མཚམས་སུ་མཆོད་རྟེན་དམར་པོ་བཞུགས། དེ་ནི་རྒྱུ་སོ་ཕག་དང་རྡོ་ལས་གྲུབ་ཅིང་། དབྱིབས་ཅོང་དྲིལ་ཁ་སྦུབས་པ་ལྟར་དུ་སྣང་བ་བཅས་མཆོད་རྟེན་ཆེན་པོ་རྣམ་བཞིའི་བཀོད་པ་ངོ་མཚར་ཆེ་ལ། ནང་དུ་རྟེན་བྱིན་ཅན་ཁྱད་དུ་འཕགས་པ་དུ་མ་བཞུགས་ཡོད།

གཙུག་ལག་ཁང་གི་གཞུང་སྒོའི་ལྷོ་ངོས་རྩིག་འགྲམ་དུ་རྡོ་རིང་ཞིག་ཡོད་པ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཙུགས་པ་ཞིག་དང་། རྡོ་རིང་གི་ཐོག་ཏུ་བོད་ཡིག་ཁོ་ན་ལས་གཞན་གྱི་རྒྱན་རིས་སོགས་གང་ཡང་མེད་པས་གནའ་ཉམས་དང་ལྡན་པ་ཞིག་ཡོད། གཞན་ཡང་འོག་ཁང་རྣམ་དག་སྒོ་གསུམ་གྱི་རྒྱལ་སྒོའི་ཐོག་ཏུ་ཆིང་གོང་མས་བྲིས་པའི་ཀེ་ལོ་ཅ་ལན་ཞེས་པའི་རྒྱ་ཡིག་གི་སྒོ་པན་ཞིག་བཀལ་ཡོད་པ་དང༌། དེའི་མདུན་གྱི་རྒྱལ་སྒོའི་སྦྲ་ཤུར་ནང་བོད་ཡིག་བཀོད་པའི་ཅོང་ཆེན་པོ་ཞིག་བཀལ་ཡོད་པ་མཁས་པའི་དགའ་སྟོན་ནང་ཅོང་འདི་ནི་རྒྱལ་བའི་བསྟན་པར་དད་ཞེན་ཆེ་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་ཕུལ་བར་བཤད། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་མཁན་སློབ་ཆོས་གསུམ་གྱིས་ཐུན་མོང་ཐོག་ཕྱག་བཏབ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ།

དེ་ལྟར་བསམ་ཡས་གཙུག་ལག་ཁང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཇི་ལྟར་བཞེངས་པའི་ཚུལ་ནི། ཐང་ཡིག་ལས། བླ་མཁྱེན་བི་རྗེ་བཙན་པོ་མངའ་གསོལ་ནས། །ས་དཔྱད་མ་ལུས་ལེགས་པར་གཟིགས་ནས་ནི། །དེ་ནས་བསམ་ཡས་འོམ་བུའི་ཚལ་དུ་བྱོན། །འོམ་བུའི་ཚལ་དུ་བསམ་ཡས་རྨང་བཏིང་བས། །བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣས་འདུས། །རྒྱ་གར་རྒྱ་ནག་ཟ་ཧོར་ལ་སོགས་ནས། །ས་འདུལ་མཁན་གྱི་བླ་མཆོད་གདན་དྲོངས་ན། །རྒྱལ་པོའི་ཐུགས་དགོངས་རྫོགས་པར་ཡོང་ངོ་ཞེས། །དེ་ནས་རྒྱལ་པོས་བློ་གྲོས་དཔོན་གཡོག་གསུམ། །ཟ་ཧོར་ཡུལ་དུ་གཏམ་ཉུལ་བ་ལ་བཏང་། །དེ་རྣམས་རིམ་པར་ཟ་ཧོར་ཡུལ་དུ་སླེབས། །སྐད་རིགས་མི་གཅིག་གནས་ཚུལ་གོ་དཀའ་ཡང་། །རིམ་བཞིན་ཉུལ་བས་འདྲིས་ཤིང་གཏམ་གོ་ནས། །ཆོས་རྒྱལ་གཅིག་དང་སྲིད་རྒྱལ་གཉིས་ཀྱི་འོག །ཟ་ཧོར་རྒྱལ་ཁམས་མ་ལུས་འདུས་ནས་འདུག །ཆོས་རྒྱལ་དེ་ནི་ཆོས་ལས་སྲིད་མི་གསུངས། །སྲིད་རྒྱལ་དེ་ནི་སྲིད་ལས་ཆོས་མི་གསུངས། །ཆོས་རྒྱལ་གོ་མ་བྱི་ཡི་སྲས་པོ་ནི། །སྐུ་གཅིག་མཚན་གསུམ་གྲགས་པའི་མཁན་པོ་ཞིག །ཆོས་ཀྱི་འཁོར་ལོ་བསྐོར་བས་ཆོས་གྲྭར་ཕྱིན། །གསུང་མི་གོ་ཡང་སྐུ་ལ་མོས་པ་ཐོབ། །བོ་དྷི་སཏྭ་ཤནྟ་དེ་ཝ་[11]ཉིད། །ཟ་ཧོར་ཡུལ་དུ་རྩོད་མེད་ཆོས་སྨྲར་གྲགས། །གཏམ་ཁུངས་ཆོད་ནས་བོད་དུ་ཡོང་བར་གྱུར། །རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོ་དགྱེས། །དེ་ནས་རྒྱལ་པོའི་དཔོན་གཡོག་ལྔ་རེ་ལ། །གསེར་ཕྱེ་བྲེ་རེ་ཞུ་ཡིག་བཅས་ཕུལ་ནས། །ཟ་ཧོར་ས་ཆོད་མཁན་པོའི་དྲུང་དུ་ཕྱིན། །ལྷན་ཅིག་འགྲོགས་ནས་མཁན་པོ་མཇལ་ནས་ནི། །བཀའ་འཕྲིན་གསེར་ཕྱེ་ཕྱག་ཏུ་ཕུལ་བ་ཡིས། །མཁན་པོ་དགྱེས་པས་ཞལ་མདངས་དཀར་བསྟན་ནས། །མྱུར་མགྱོགས་པ་དང་བསྡོངས་ནས་བོད་དུ་བྱོན། །བོད་དུ་ཕེབས་ནས་གསང་ཕུར་རྗེ་དང་མཇལ། །ཟ་ཧོར་མཁན་པོས་རྗེ་ལ་ཕྱག་བཙལ་ནས། །རང་དོན་འགལ་མེད་ཆེན་པོའི་རྣམ་ཐར་ནི། །ཁུར་ལ་མི་བརྩེགས་པ་ཡིས་འཇིག་རྟེན་འདེགས། །ཉི་མ་རླབས་ཆེན་རྟ་ཞོན་སྒྱུར་བར་བྱེད། །གླང་ཆེན་རྒྱབ་ཁལ་རབ་ཏུ་བརྟན་པར་ཁུར། །ཞེས་གསུངས་རྒྱལ་པོའི་ཕྱག་ལ་འཇུས་པ་ཡིན། །མཆོད་ཡོན་ཐུགས་དགོངས་ཤིན་ཏུ་འདྲེས་པར་གྱུར། །དེ་ནས་མེ་མོ་གླང་ལོ་ཉི་ཤུའི་ཉིན། །བསམ་ཡས་གླིང་བཞི་གླིང་ཕྲན་བཅུ་གཉིས་དང་། །ཡཀྵ་ལྟག་འོག་ཉི་ཟླ་གཉིས་ཀྱི་ཚུལ། །ས་རིས་བཅད་ནས་མཁན་པོའི་ས་བཏུལ་ནས། །རྒྱལ་པོའི་སྐུ་ལ་དར་དཀར་ན་བཟའ་གསོལ། །ཕྱག་ཏུ་གསེར་གྱི་འཁོར་ལ་སྨན་སྣ་བྱུག །ས་ལ་ཁྲུ་གང་བརྐོས་པའི་འོག་ནས་ནི། །ས་ཞག་དཀར་སེར་དམར་གསུམ་བྱུང་བ་ཡིན། །རྒྱལ་པོའི་ཞལ་དུ་གསོལ་ཞིང་དབུ་ལ་བྱུགས། །མཁན་པོའི་ཞལ་ནས་རྗེ་ཡི་བསམ་པ་འགྲུབ། །བསྟན་པ་རབ་ཏུ་དར་བར་གྱུར་ཅིག་གསུངས། །དེ་ནས་བརྩིགས་པའི་རྨང་གཞི་བཙུགས་པ་ན། །བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས། །ཉིན་བརྩིག་མཚན་བཤིག་ས་རྡོ་རང་གནས་བསྐྱལ། །དེ་ནས་རྒྱལ་པོའི་ཞལ་ནས་མཁན་པོ་ལ། །ད་ལྟ་མ་འོངས་སེམས་ཅན་སྐྱབས་གནས་སུ། །གཙུག་ལག་ཁང་ཞིག་ལེགས་པར་བཞེངས་འདོད་ཀྱང་། །བདག་སྒྲིབ་ཆེའམ་མཁན་པོས་བྱིན་མ་རློབས། །བསམ་པ་མི་འགྲུབ་འདྲའོ་ཞུས་པ་ན། །བདག་ནི་བྱང་ཆུབ་སེམས་བློ་སྦྱང་བར་འཚལ། །ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་འདུག །ད་ལྟ་རྒྱ་གར་རྡོ་རྗེ་གདན་དྲུང་དུ། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་བཞུགས། །རིག་པའི་གནས་ལྔ་ཀུན་ལ་མཁས་ཆེ་བས། །དོན་གྱི་རྩལ་འབྱོང་མཆོག་ཐུན་དངོས་གྲུབ་བརྙེས། །བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ་ཡིན། །ལྷ་འདྲེ་འདར་ཞིང་འབྱུང་པོའི་ཚོགས་རྣམས་འདུས། །དུས་གསུམ་སངས་རྒྱས་མཆོག་དེ་སྤྱན་དྲོངས་ན། །རྒྱལ་པོའི་ཐུགས་དགོངས་རྫོགས་པར་འགྱུར་རོ་གསུངས། །རྒྱལ་པོས་སློབ་དཔོན་ཆེན་པོ་དེ་འདྲ་བ་སྤྱན་འདྲོངས་ནུས་སམ་ཞུས་པར། སྔོན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་སྐབས་མཁན་སློབ་ཆོས་གསུམ་སྐུ་མཆེད་ཡིན་ཚུལ་དང་། སྨོན་ལམ་གྱི་འབྲེལ་བ་ཡོད་པས་གདན་འདྲེན་པར་ནུས་ཞེས་དབུགས་དབྱུང་། བསླབ་བྱ་ལུང་བསྟན་གནང་། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་ཆོས་འགའ་རེ་གསུངས། བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ནས་དམར་པོ་རི་ལ་ཐོག་བརྒྱབ། ལོ་ཉེས་མི་ཕྱུགས་ནད་ཡམས་སོགས་བཀྲ་མི་ཤིས་པས་བར་ཆད་མང་བར་བྱས་པས། མཁན་པོ་རེ་ཞིག་བལ་ཡུལ་དུ་ཕེབས་སོ[12]། །ཞེས་གསལ་ལོ།།

གཞན་ཡང་བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ལས་[13]ཀྱང་། གཙུག་ལག་ཁང་གི་དབུས་སུ་རིའི་རྒྱལ་པོ་རི་རབ་ལ་དཔེ་བླངས་ཏེ་དབུ་རྩེ་ལྷ་ཁང་ཆེན་མོ་བཞེངས། སྟེང་གི་གཡས་གཡོན་དུ་ཉི་མ་ལྷ་ཁང་དང་། ཟླ་བ་ལྷ་ཁང་བཞེངས། གླིང་བཞི་གླིང་ཕྲན་བརྒྱད་མཚོན་པའི་ཆེད་དུ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་ཁང་བཅུ་གཉིས་བཞེངས། ཕྱོགས་བཞིར་མཆོད་རྟེན་བཞི་དང་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་ངུ་བརྒྱ་དང་བཅུ་མེད་བརྒྱད་བཞེངས། སྒོ་བཞིར་རྡོ་རིང་བཞི་བཙུགས། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཐོག་མ་དེ་ཡིན། ཞེས་གསུངས་པ་ལྟར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ལས[14]། དེས་ན། རྒྱལ་བའི་རྒྱལ་ཚབ་དམ་པ་ཞི་བ་འཚོ། །སྔགས་འཆང་བླ་མེད་དགེ་སྦྱོང་པདྨ་འབྱུང་། །མཁས་པའི་གཙུག་རྒྱན་ཀ་མ་ལ་ཤཱི་ལ། །ཁྲི་སྲོང་ལྡེའུ་བཙན་ལྷག་པའི་བསམ་པ་ཅན། །བོད་ཡུལ་མུན་པ་ཉི་མ་ཤར་བ་བཞིན། །དམ་ཆོས་སྣང་བ་ཕྱོགས་མཐར་རྒྱས་མཛད་པ། །བཀའ་དྲིན་འཁོར་མེད་དམ་པ་བཞི་ཀ་ལ། །བོད་རྣམས་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་ཁ་ཏོན་ཡང་བྱས་སོ། །ཞེས་གསུངས་པ་ནི་ཅིས་མི་བདེན།

འོན་ཀྱང་ཕྱིས་ཀྱི་མི་ལོ་བཞི་བརྒྱ་ལྷག་ཙམ་རིང་གི་ཟང་ཟིང་དང༌། བོད་སིལ་བུའི་དུས་ཡུན་ཅུང་རིང་བ་བཅས་ཀྱིས་རྐྱེན་པས་དུས་རབས་བཅོ་ལྔ་ནས་དུས་རབས་བཅུ་དྲུག་པའི་མཚམས་སུ་དགོན་པ་འདི་ཐོར་ཞིག་ཏུ་སོང༌། དུས་ཕྱིས་ས་ཆེན་ཀུན་དགའ་སྙིང་པོ་སོགས་སྐྱེས་ཆེན་དམ་པ་དུ་མས་ཉམས་གསོ་རིམ་པར་མཛད་ཅིང་། ངག་རྒྱུན་གྱི་ལོ་རྒྱུས་གསུང་སྲོལ་ལྟར་ན། མི་ལོ་སུམ་བརྒྱའི་གོང་རོལ་དུ་བསམ་ཡས་གཙུག་ལག་ཁང་འདིར་ཞུགས་ཀྱིས་རྐྱེན་པས་སྔར་གྱི་ཁང་རྒྱུད་རྣམས་མེས་འཇིག་སྐད། ད་ལྟའི་བསམ་ཡས་གཙུག་ལག་ཁང་འདི་ཉིད་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་དེ་མོ་རྒྱལ་ཐོག་ཐོག་མའི་སྐབས་ཉམས་གསོ་རྒྱ་ཆེར་མཛད་ནས་བསྒྲུབས་པ་ཞིག་ཡིན་ལ། གཞན་ཡང་དུས་ཕྱིས་བསམ་ཡས་གཙུག་ལག་ཁང་ལ་ཉམས་གསོ་སྔ་ཕྱི་གཉིས་ཙམ་གནང་བ་སྟེ། ༡༽ རབ་བྱུང་ ༡༢ པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་དབུ་རྩེ་རིགས་གསུམ་དང་བཅས་པའི་གསེར་འཕྲུ་མདའ་ཡབ་གསར་བཞེངས་ཉམས་གསོ་གནང་བ་དང་། ༢༽ རབ་བྱུང་ ༡༤ པའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ཞིག་གསོ་གནང་སྟེ་ཤིང་སྟག་ཕྱི་ལོ་ ༡༨༥༤ ལོར་དཀར་ཆག་བརྩམས། འོན་ཀྱང་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་གྱི་ལོ་བཅུའི་རིག་གནས་གསར་བརྗེའི་གོད་ཆག་ནང་བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པ་དང་བཅས་པར་གཏོར་སྐྱོན་ཆེན་པོ་བྱུང་ཡང་། ད་ལྟའི་ཆར་གང་འཚམ་བསྐྱར་སྐྲུན་གནང་ཐུབ་པ་བྱུང་ཡོད་པ་བཅས་སོ།།  །།

བསམ་ཡས་ཀྱི་ལྡེབས་རིས་སུ་གསལ་བའི་བོད་ཀྱི་རབ་བྱུང་ཐོག་མ་སད་མི་མི་བདུན་སྟེ། ༡། གཉན་དཔལ་དབྱངས། (སྦ་ཁྲི་གཟིགས་ཀྱང་ཟེར། མཚན་དངོས་དཔལ་དབྱངས། ༢། སྦ་གསལ་སྣང་། (ཡེ་ཤེས་དབང་པོ།) ༣། སྦ་ཁྲི་བཞེར། (ཡང་ན་སྦ་ཁྲི་བཞེར་གཞིར) ༤། པ་གོར་བཻ་རོ་ཙ་ན། ༥། རྨ་རིན་ཆེན་མཆོག ༦། རྒྱལ་བ་མཆོག་དབྱངས། ༧། འཁོན་ཀླུའི་དབང་པོ་སྲུང་བ། (འཁོན་ནཱ་གེནྡྲ་རཀྵི་ཏ་ཀྱང་ཟེར) བཅས་ཡིན་ཚུལ་བརྗོད་ཀྱང་དཔྱད་གཞིར་སྣང་ངོ་།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྒྱ་ཆེན་བཀའ་མཛོད། པོད། ༼༡༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢ན༢ བར།

[2]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༨༩

[3]  ངག་དབང་བྱམས་པའི་གསུང་འབུམ། ༼ང༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༩ན༣

[4]  ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༣

[5]  དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཅ༽ དཔྱད་རྩོམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༦

[6]  ཨུ་ཏནྟན་པཱུ་རི་ཞེས་པ་ནི། འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པའི་དོན་ཡིན་ཏེ། ཨོ་ཏནྟ་འཕུར་བྱེད་དང་། པཱུ་རི་གྲོང་ཁྱེར་གྱི་མིང་དུ་བཤད་དོ། །ཀུན་མཁྱེན་རིན་པོ་ཆེས། ཨོ་ཏནྟ་པུ་རི་ཁ་ཅིག་འབུར་ལྡིང་ཟེར་ཡང་མཚོ་བསུབ་ནས་གཙུག་ལག་ཁང་བྱས་པས་མཚོ་སྦས་གྲོང་ཞེས་པ་ཡིན་ཞེས་གསུངས། ཨཀྱཱ་ཡོངས་འཛིན་གྱིས་གཙུག་ལག་ཁང་འདི་བཞེངས་རྗེས་དགེ་སློང་བརྒྱ་དང་། དགེ་བསྙེན་བརྒྱའི་འཚོ་བ་ལོ་མང་པོར་སྦྱར་བ་ཡིན་གསུངས། འགའ་ཞིག་ཏུ་དགེ་སློང་ལྔ་བརྒྱ་དང་དགེ་བསྙེན་ལྔ་བརྒྱའང་ཟེར་བས་གང་འགྲིག་དཔྱད་གཞིའོ། །ཞེས་འདུལ་བའི་ཚིག་མཛོད་ཤོག་གྲངས་ ༡༠༧༢ གསལ་ལོ།།

[7]  རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣

[8]  བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ དེབ་གཟུགས། ཤོག་གྲངས་ ༡༢༡

[9]  རྒྱ་ཆེན་བཀའ་མཛོད། པོད། ༼༡༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢ན༢ བར།

[10]  སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས། ཨཱརྱཱ་ཝ་ལོ་ཀི་ཏ་འཕགས་པ་སྤྱན་རས་གཟིགས་ཞེས་པ་ཟུར་ཆག་པས་ཨཱརྱ་པ་ལོ་ཞེས་བརྗོད་པར་གསལ།།(དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨)

[11]  སྤྱིར་ཤནྟ་དེ་ཝ་ཞེས་པ་ཞི་བ་ལྷ་དང་། ཤནྟ་རཀྵི་ཏ་ཞི་བ་འཚོ་ལ་འཇུག་པས་དཔྱད་དགོས་ལ། གཞན་ཡང་བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༧༧༡ ལ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ། ཟ་ཧོར་གྱི་མཁན་པོ་ཤཱནྟ་དེ་ཝ་ཞེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ཀྱི་འགྱུར་དང་། ཞེས་དང་། དེ་བཞིན་བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཇི༽ དེབ་ཨང་ ༦༧ པ། ༢༠༠༡ ལོ། ཤོག་གྲངས་ ༤༩༡ ལ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥའི་འགྱུར་ཞེས་བྱུང་བ་འདི་དག་ལ་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

[12]  འཕགས་བོད་རྒྱལ་རབས་ཆོས་འབྱུང་ཀུན་གྱི་དོན་བསྡུས་ངོ་མཚར་གསལ་བའི་མེ་ལོང་། ཁམ་རི་ཚང་བློ་བཟང་རྡོ་རྗེ། ལྡི་ལི། ༡༩༨༩ ལོ། ཤོག་ ༧༢

[13]  ཕུན་ཚོགས་ཚེ་རིང་། བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༢

[14]  བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༧༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༧ ནས་ ༢༦༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *