༄༅། །ཆོས་གྲགས་ཀྱི་སྐུའི་འདོད་གསོལ་བཞུགས་སོ།།[1]
༼ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པ།༽
ཨོཾ་སྭསྟི་སིདྡྷི། ལྔ་བདོའི་དཔལ་མགོན་བདག་ཅག་སྟོན་པ་ཡི། །བསྟན་པ་དག་པར་བསྒྲུབ་ཕྱིར་བསམ་བཞིན་དུ། །ལྷོ་ཕྱོགས་རྒྱལ་དབང་གཙུག་ནོར་མུ་སྟེགས་རིགས། །ལེགས་འཁྲུངས་གཞོན་ནུ་སྒྲ་མཁན་དེ་ལ་འདུད། །ཞང་པོ་གཞོན་ནུ་ལེགས་ལྡན་གྱིས་བསྐྲད་པས། །མུ་སྟེགས་མཐར་མཛད་ནང་པའི་བསྟན་ལ་བྱོན། །དྷརྨཱ་ཀིརྟིའི་མཚན་འཆང་དབང་ཕྱུག་སྡེར། །ཚད་མའི་གཞུང་གསན་སློབ་དཔོན་ལས་ལྷག་འདུད། །
སློབ་དཔོན་གྲུབ་མཐའ་འཁྲུལ་འབྱིན་བཀའ་གནང་ཐོབ། །གྲངས་ཅན་གསང་ཚིག་ཐབས་མཁས་འཕྲུལ་གྱིས་མཁྱེན། །རྩོད་ལ་ཟླ་མེད་དྲིལ་བསྒྲགས་ཕལ་ཆེར་བྲོས། །དོ་ཟླར་འོས་རྣམས་ཚར་བཅད་དེ་ལ་འདུད། །སྟོབས་ལྡན་མེ་ཏོག་རྒྱས་པའི་སྒོ་དྲུང་དུ། །མཁས་པའི་དྲིལ་བསྒྲགས་ཕྱོགས་ལས་རྣམ་རྒྱལ་ནི། །ང་མིན་སུ་ཞེས་ཞལ་གྱིས་བཞེས་པའི་ཚེ། །དཔལ་ལྡན་ཆོས་གྲགས་སྙན་དབྱངས་བསྒྲགས་ལ་འདུད། །སྦྱིན་བདག་དེ་རྒྱུས་རབ་བྱེད་སྡེ་བདུན་དང་། །རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད་སོགས། །དུ་མའི་གམ་དུ་ཕྱིན་ཚེ་ཕྲག་དོག་གིས། །ཁྱི་མཇུག་བཏགས་ཀྱང་ངོ་མཚར་གསལ་བསྟན་འདུད། །ལུང་རིགས་ཐུགས་རྗེའི་ཐོག་མདའ་ལོག་འདྲེན་དགྲ། །རྨད་བྱུང་བྱིན་རླབས་ཆུ་རྒྱུན་སྐྱེ་དགུའི་གཉེན། །རྒྱལ་བས་ལུང་བསྟན་མཁས་གྲུབ་རྒྱ་མཚོ་ཡི། །དཔལ་ལྡན་ཆོས་ཀྱི་གྲགས་པ་དེ་ལ་འདུད། །རྒྱུ་རྐྱེན་རྟེན་འབྲེལ་དུ་མས་འཇིམ་བཟང་ནི། །བཟོ་རིག་མཁས་པའི་ལག་པའི་འཕྲུལ་འཁོར་ལས། །གང་གི་སྣང་བརྙན་རྒྱ་གར་པཎ་ཆེན་དབྱིབས། །ཆོས་དབྱིངས་མེ་ལོང་མདངས་ཅན་དེ་ལ་འདུད། །ཕྱག་གཡས་ཤེས་རབ་རལ་གྲིས་གཏི་མུག་གཅོད། །ཕྱག་གཡོན་བདག་མེད་སྒྲ་སྒྲོགས་རྣམ་འགྲེལ་གཞུང་། །འགྲོ་ལ་མི་འཇིགས་སྐྱབས་སྦྱིན་སྩོལ་བའི་ཕྱག །མཐའ་གཉིས་གནོན་པའི་ཕྱེད་ཀྲུང་ཅན་ལ་འདུད། །ཀུན་རྨོངས་རྒོལ་གཟུགས་ཀུན་དཀྲིས་ཀུན་འཁྲུགས་མདངས། །ཡང་དག་བསྟན་ལ་ལྷུར་ལེན་འདུད་པའི་དབྱིབས། །འགྲོ་རྣམས་དེ་ལྟའི་དཔལ་ལ་འགོད་དོ་ཞེས། །དགེ་སློང་ཆ་ལུགས་མཛེས་པས་སྤྲས་ལ་འདུད། །དོན་དམ་རིགས་བདག་པཎ་ཞྭ་རྩེ་རིང་ནི། །དཀོན་མཆོག་དབུ་འཕང་མཐོ་ཕྱིར་གྱེན་དུ་བསྒྲེངས། །སྤོབས་པའི་གདེངས་ལྡན་ཞྭ་ལག་རླུང་བསྐྱོད་ཚུལ། །རྣམ་པར་བརྗིད་པའི་དཔལ་འཛིན་དེ་ལ་འདུད། །མ་རྟོགས་ལོག་རྟོག་ཐེ་ཚོམ་དྲྭ་བ་ཡི། །རྒྱར་ཆུད་འཁྲུལ་པའི་གཞུང་ལུགས་ཚར་གཅོད་པའི། །རྣམ་དག་རིག་གཞུང་འགྲེལ་པ་བདུད་རྩིའི་བཅུད། །ལེགས་མྱོང་རིག་པར་སྨྲ་བ་ཁྱེད་འདྲར་ཤོག །བསིལ་ལྡན་ཁ་བའི་ལྗོངས་འདིར་རྔོག་ལོ་ཆེས། །དང་པོར་བསྒྱུར་མོད་འཇམ་མགོན་ས་སྐྱ་པ། །ཀུན་དགའ་རྒྱལ་མཚན་གང་གིས་འགྱུར་མཛད་པའི། །རྣམ་དག་བཤད་པའི་རྒྱུན་འདི་ཆེར་རྒྱས་ཤོག །འཇམ་མགོན་བླ་མའི་དོན་གྱི་དགོངས་པ་ནི། །འཁྲུལ་མེད་ལེགས་མཁྱེན་བསོད་ནམས་སེང་གེའི་ཞབས། །ལེགས་པའི་བློ་གྲོས་ངག་དབང་ཆོས་གྲགས་རྗེའི། །ལུགས་འཛིན་བློ་གསལ་རྒྱ་མཚོ་ཆེར་རྒྱས་ཤོག །དེ་ལ་བརྟེན་ནས་རྒྱལ་བའི་རིང་ལུགས་ལས། །ཕྱིར་ཕྱོགས་ལོག་སྨྲ་ཀུན་གྱི་རོ་འཛིན་སྙིང་། །ཚལ་པར་བཀས་ནས་ལེགས་བཤད་འཆི་མེད་བཅུད། །འཁོར་བའི་ཚ་གདུང་སེལ་ཀུན་ཆེར་རྒྱས་ཤོག །བློ་དང་དབང་མིང་ཨེ་ཐོག་འཆང་བ་ལས། །རིགས་ལམ་གཞུང་ལུགས་ཕྱོགས་བཅུར་རབ་འཕེལ་ནས། །དཔལ་ལྡན་ས་སྐྱའི་རིང་ལུགས་རྣམ་དག་གིས། །འཁྲུལ་མེད་ལམ་བཟང་སྟོན་འདི་ཆེར་རྒྱས་ཤོག །དཔལ་ལྡན་བླ་མ་དམ་པ་ཆོས་གྲགས་སྤྲུལ། །དཔལ་ལྡན་གནས་གསར་རྡོ་རྗེ་འཆང་ཆེན་དེའི། །དཔལ་ལྡན་བཀའ་སྲོལ་དྲི་མེད་ཉིན་མོའི་མགོན། །དཔལ་ལྡན་འོད་བརྒྱ་འགོག་མེད་ཆེར་རྒྱས་ཤོག །ཅེས་འདི་ས་སྐྱའི་གདུང་གི་མཆོག །དབང་སྡུད་སྙིང་པོས་ཆོས་གྲགས་སྐུ། །ལེགས་བཞེངས་རྣམ་འགྲེལ་གཞུང་འཛིན་ཆེད། །འདོད་གསོལ་གང་དེ་ཀུན་བློས་དགེ། །།
[1] ཀུན་བློའི་གསུང་འབུམ། ༼ཤྲཱི༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༢༠༠༨ ལོ། དཔེ་རིང་། ཤོག་གྲངས་ ༧ན༣
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།