ཟ༽ དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཚུལ།
དེ་ཡང་དབུ་མའི་བྱུང་རིམ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ལས[1]།
བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། །ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། །
དགུ་བརྒྱར་སེམས་ཙམ་སྲོལ་ཕྱེ་ཐོགས་མེད་ཀྱིས། །རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀྲལ། །
བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །
དེ་རྗེས་ཞི་འཚོས་རང་རྒྱུད་གཉིས་པ་བྱས། །
ཞེས་[2]པ་བོད་ཁ་ཅིག་སློབ་དཔོན་ཡེ་ཤེས་སྡེའི་གསུང་ལ་འཁྲུལ་ནས་སློབ་དཔོན་ཞི་འཚོ་ཡན་ཆད་དུ་ཕྱི་དོན་མེད་ཅིང་། ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་ཅིང་དོན་དམ་པར་མ་གྲུབ་པར་འདོད་པའི་དབུ་མ་པ་མ་བྱུང་བར་འདོད་པ་མི་འཐད་དེ། དེའི་སྔོན་ནས་མངོན་རྟོགས་རྒྱན་མི་ཡུལ་དུ་བྱུང་ཟིན་པའི་ཕྱིར་དང་། སློབ་དཔོན་སེངྒེས་བཟང་པོས་ (740-796) མཛད་པའི་འགྲེལ་པ་དོན་གསལ་ལས[3]།
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །
ཞེས་གསུངས་པ་ལྟར་འཕགས་པ་གྲོལ་སྡེས་ཀྱང་དེའི་དོན་དབུ་མར་བཀྲལ་ཞིང་། རྩ་བར། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་དང་། ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པ་ལྟར་ཐེག་པ་གསུམ་གྱི་རྟོགས་རིགས་ཐ་དད་པར་བཤད་པའི་ཕྱིར་དང་། སློབ་དཔོན་ལེགས་ལྡན་གྱིས་ཀྱང་ཕྱི་དོན་འགོག་པའི་དབུ་མ་པ་ཕྱོགས་སྔར་བླངས་པ་ལའང་སྔོན་ལ་ཕྱི་དོན་མེད་ཅིང་སེམས་བདེན་གྲུབ་ཁས་ལེན་དུ་བཅུག་ནས་སླར་སེམས་དེ་ཡང་བདེན་མེད་དུ་འཆད་ཅེས་པ་ལ་ཐོག་མར་མི་གཙང་བས་སྦགས་ནས་སླར་བཀྲུ་བ་བས་དང་པོ་ནས་མ་གོས་པ་བཟང་བའི་དཔེས་དང་པོ་སེམས་ཙམ་བསྟན་ནས་ཕྱིས་དབུ་མ་སྟོན་པ་བས་དང་པོ་ནས་དབུ་མ་སྟོན་པ་བཟང་བར་བཤད་པའི་ཕྱིར་ཏེ། ཤེས་རབ་སྒྲོན་མེ་ལས་དང་པོ་རྣམ་པར་རིག་པ་ཙམ་བླངས་ཕྱིས་དེ་ཡོངས་སུ་གཏོང་བར་འདོད་ནའང་འདམ་རྫབ་ཀྱིས་སྦགས་ནས་འཁྲུ་བ་ལས་དང་པོ་ནས་མི་རེག་པར་ཐག་བསྲིང་བ་བཟང་སྟེ། ཕྱི་རོལ་གྱི་ངོ་བོ་ཉིད་མེད་པར་རྟོག་པ་བཞིན་དུ་རྣམ་ཤེས་ཀྱང་བདག་མེད་པ་དང་སྐྱེ་བ་མེད་པར་རྟོག་པར་བྱ་བར་རུང་ངོ་། །ཞེས་གསུངས་སོ། །འདི་འགྲེལ་བཤད་ཀྱིས་སེམས་ཙམ་པ་ལ་སྦྱར་ཞིང་། དེ་ཡང་རྟོག་གེ་འབར་བར་སེམས་ཙམ་པའི་སྐབས་སུ་དེ་འདྲ་ཞིག་བཤད་པ་ལ་དགོངས་པ་འདྲ་ཡང་། ལུང་འདིའི་དོན་སེམས་གང་ཟག་གི་བདག་མེད་དང་། བདེན་པའི་སྐྱེ་མེད་རྟོགས་རུང་ཞེས་པར་སྣང་བའི་ཕྱིར་དང་། རྟོག་གེ་འབར་བ་ལས་ཀྱང་། གལ་ཏེ་གཞན་དག་ན་རེ་ཞེས་སོགས་ཀྱིས་གཞན་དག་ཅེས་སེམས་ཙམ་པ་ལས་ཟུར་དུ་དགར་ཚིག་ཡོད་པའི་ཕྱིར་དང་། དེར་སེམས་ཙམ་པའི་འདོད་པ་གཞན་བརྗོད་པ་ལ་འདི་སྨྲས་པ་དང་། གལ་ཏེ་ལྟ་བུ་ཙམ་ལས་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་ཟླ་གྲགས་ཡན་ཆད་དུ་དེ་འདྲའི་དབུ་མ་པ་མ་བྱུང་ཟེར་བའང་ལེགས་པར་ཁེགས་སོ།།
གཞན་ཡང་ཞི་འཚོའི་སྔོན་ནས་ཕྱི་དོན་འདོད་མི་འདོད་ཀྱི་དབུ་མ་པ་གཉིས་ཀ་བྱུང་སྟེ། ཕྱི་དོན་མེད་པའི་དབུ་མ་པ་སློབ་དཔོན་ལེགས་ལྡན་གྱིས་བཀག་པ་ལས་ཞི་འཚོས་དེ་གཉིས་དཔྱད་ནས་དབུ་མ་པ་སྔ་མའི་ལུགས་ཁས་བླངས་པའི་ཕྱིར་ཏེ། དབུ་མ་རྒྱན་རང་འགྲེལ་ལས། གང་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་དམ་བཅས་པས་རྒོལ་བ་ངན་པ་ཐམས་ཅད་ཀྱིས་ལན་གདབ་པར་འདོད་པའི་ཀུན་རྫོབ་ཀྱི་དངོས་པོ་གང་ཡིན་པ་དེ་དཔྱད་པར་བྱའོ། །ཞེས་དང་། དེའི་དཀའ་འགྲེལ་ལས། དེ་དཔྱད་པར་བྱའོ་ཞེས་བྱ་བ་ནི་དབུ་མའི་ལམ་རྣམ་པ་གཉིས་དཔྱོད་པར་བྱེད་པ་ཡིན་ནོ། ཞེས་པ་ནས། འདི་སློབ་དཔོན་སྐལ་ལྡན་གྱིས་དབུ་མའི་སྙིང་པོ་ལས་གསུངས་སོ། །གཞན་དག་སེམས་པ་ནི་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཁོ་ན་རིགས་པར་མཐོང་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་དབུ་མའི་ལམ་གཉིས་ཞེས་པ་ལྟར་དབུ་མ་པའི་ལུགས་ཡིན་ཏེ། སེམས་ཙམ་པས་རང་ལ་དབུ་མ་པར་འདོད་ཀྱང་། དབུ་མ་པ་སུས་ཀྱང་སེམས་ཙམ་པ་དབུ་མ་པར་མི་འབོད་པའི་ཕྱིར་དང་། གཞན་དག་ཅེས་པའི་གཉིས་ཚིག་དང་། མཐོང་བ་རྣམས་སོ་ཞེས་པའི་རྣམས་སྒྲས་གཞན་དག་ལ་དུ་མ་ཡོད་པར་བཤད་པས་ཞི་འཚོ་དེའི་མཚན་གཞི་ཡིན་པ་རྗེའི་དགོངས་པ་ཡིན་ཀྱང་། དེ་ལ་ཞི་འཚོས་མ་ཁྱབ་པའི་ཕྱིར་རོ། །
དེས་ན་དེ་དུས་ནས་རྣལ་འབྱོར་སྤྱོད་པ་དང་མཐུན་པའི་དབུ་མ་བ་ཙམ་ཡོད་མོད་ཀྱང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ནི་སློབ་དཔོན་ཞི་འཚོ་ཁོ་ན་ཡིན་ཏེ། སློབ་དཔོན་འདིས་ཟླ་གྲགས་ཀྱིའང་རྗེས་ཙམ་ན་དེ་འདྲའི་ལུགས་སྟོན་པའི་དབུ་མ་རྒྱན་རྩ་འགྲེལ་སོགས་གཞུང་རྒྱས་པར་བརྩམས་ནས་སྲོལ་ཆེན་པོ་བཏོད་པའི་ཕྱིར་རོ། །དེའི་སྔོན་ནས་ཀྱང་སྲོལ་ཙམ་ཡོད་ཀྱང་མི་གནོད་དེ། འཇིག་རྟེན་ན་ཤིང་རྟ་ཆེན་པོ་འགྲོ་སའི་ལམ་ལ་ལམ་ཡོད་ཙམ་གྱིས་མི་ཆོག་གི །ལམ་སྲོལ་ཡངས་ལ་ཆེ་བ་དགོས་པ་བཞིན་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཡེ་ཤེས་སྡེས་ཀྱང་། ཇི་སྐད་དུ། དེ་ནས་སློབ་དཔོན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་གཞུང་ལ་བརྟེན་ནས་ཐ་སྙད་དུ་ཕྱི་རོལ་མེད་པ་དང་། དོན་དམ་པར་སེམས་རང་བཞིན་མེད་པར་སྟོན་པའི་དབུ་མའི་ཚུལ་མི་འདྲ་བ་ཞིག་མཛད་པས་དབུ་མ་པ་རྣམ་པ་གཉིས་སུ་བྱུང་ཞིང་། ཞེས་སོ། །ཞེས་གསུངས་ལ། འདི་ནི་རྗེ་བདག་ཉིད་ཆེན་པོའི་ཡང་དགོངས་པ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོའི་ (1357-1419) དྲང་ངེས་ལེགས་བཤད་སྙིང་པོ་ལས[4]། དེས་ན་འདི་འདྲ་བའི་ལུགས་ཀྱང་རེ་རེ་ཙམ་བྱུང་མོད་ཀྱང་གཞུང་རྒྱས་པར་བརྩམས་ནས་ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི་སློབ་དཔོན་ཞི་བ་འཚོས་སྲོལ་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེ་བཞེད་པ་ལྟར་ལེགས་སོ། །ཞེས་གསུངས་སོ།།
དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[5]། ཉི་མ་ཟླ་བར་རབ་མཚུངས་པའི། །ཤིང་རྟའི་སྲོལ་ཟུང་མཚོ་ཆེན་ལས། །ལེགས་འོངས་པཎ་གྲུབ་པད་དཀར་ཕྲེང་། །འཕགས་ཡུལ་མཛེས་རྒྱན་ཚར་དུ་དངར། །ནམ་ཞིག་ལུགས་བཟང་འོ་མའི་མཚོ། །ཀཻ་ལ་ཤ་ལྗོངས་རྫིང་བུའི་ངོགས། །སྐལ་ལྡན་བསོད་ནམས་བསེར་བུ་ཡིས། །རྣམ་པར་བསྐྱོད་ཅིང་ལུད་པ་ན། །མཁས་མཆོག་ཞི་བ་སྲུང་བ་དང་། །གྲུབ་པའི་རྗེ་བོ་མཚོ་སྐྱེས་ཞབས། །མི་རྗེ་ཟུར་ཕུད་ལྔ་པ་ཡི། །རྣམ་འདྲེན་ངང་པའི་དེད་དཔོན་གསུམ། །དེར་ནི་སྐལ་ལྡན་བྱེ་བའི་བསོད་ནམས་ཀྱི། །ཀྱོ་བས་ཉེ་བར་བཀུག་བཞིན་ལྷན་ཅིག་གཞེས། །ཞེས་གསུངས་སོ།།
དེ་ལྟར་མཁན་ཆེན་ཞི་འཚོས་སྲོལ་བཟང་བཏོད་པའི་དབུ་མ་ནི་ཐལ་རང་གཉིས་ལས་རང་རྒྱུད་པ་ཡིན་པས། དབུ་མ་རང་རྒྱུད་པའི་གོ་དོན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་གྲུབ་མཐའ་ལས[6]། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རང་རྒྱུད་པ་ཟེར་བའི་གོ་དོན་ནི། ཕྱི་རོལ་དོན་གྱིས་སྟོང་པའི་སྟོང་ཉིད་སེམས་ཙམ་པའི་ལྟ་ཚུལ་དང་མཐུན་པར་ཁས་ལེན་པའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན། ལུགས་འདི་ཐོག་མར་གསར་གཏོད་མཛད་མཁན་ནི་སློབ་དཔོན་ཞི་བ་འཚོ་ཡིན། ཞེས་གསུངས་པ་ལྟར་རང་རྒྱུད་ཤར་གསུམ་དང་། ཤར་གསུམ་གྱི་མཁན་པོ། དབུ་མ་རང་རྒྱུད་པའི་དབྱེ་བ་བཅས་ནི། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[7]། སློབ་དཔོན་ཞི་འཚོས་དབུ་མ་རྒྱན་དང༌། སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང༌། དེ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲགས། རང་རྒྱུད་པ་ལ་དབྱེ་ན། གཞིའི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པའི་རྣལ་འབྱོར་སྤྱོད་པ་དང༌། མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་དང༌། སྔ་མ་ལ་ཡང་རྣམ་བདེན་པ་དང་མཐུན་པ་དང༌། རྣམ་རྫུན་པ་དང་མཐུན་པའི་དབུ་མ་པ་གཉིས་ཡོད་པའི་ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལ་དང༌། འཕགས་པ་གྲོལ་སྡེ་ལྟ་བུ་སྔ་མ་དང༌། སློབ་དཔོན་སེང་གེ་བཟང་པོ། ཛེ་ཏ་རི། ལྭ་བ་པ་ལྟ་བུ་ཕྱི་མ་ཡིན་ལ། ཕྱི་མ་ལ་ཡང་རྣམ་རྫུན་དྲི་བཅས་པ་དང་མཐུན་པ་དང༌། དྲི་མེད་པ་དང་མཐུན་པ་གཉིས་ཡོད་དོ། །ཞེས་གསུངས།
དེ་བཞིན་རྟ་ནག་མཁན་ཆེན་ཆོས་རྣམ་རྒྱལ་གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[8]། རང་རྒྱུད་པ་ནི། ཐོག་མར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་སྲོལ་ཕྱེ། དེའི་སློབ་མ་དཔལ་སྦས་དང་། དེ་ནས་སློབ་དཔོན་ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀཱ་མ་ལ་ཤཱི་ལའམ། བོད་སྐད་དུ་པདྨའི་ངང་ཚུལ་དུ་གྲགས་པ་གསུམ་གྱིས་རྒྱ་གར་ཤར་ཕྱོགས་སུ་རང་རྒྱུད་ཀྱི་སྲོལ་བསྐྱངས་པས་རང་རྒྱུད་ཤར་གསུམ་དུ་གྲགས། ཞེས་གསུངས་པ་ལྟར་མཁན་ཆེན་ཞི་འཚོས་དབུ་མ་རང་རྒྱུད་པའི་སྲོལ་གསར་དུ་བཏོད་པ་ལགས་སོ།།
དེ་ཡང་འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ (1846-1912) མཛད་པའི་དབུ་མ་རྒྱན་གྱི་འགྲེལ་པ་ལས[9]། ཤིང་རྟ་ཆེན་པོ་འདིའི་རིང་ལུགས་སྐྱོང་བ་ཡང་། འཕགས་ཡུལ་དུ་སློབ་དཔོན་སེངྒེ་བཟང་པོ། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན་ལ་སོགས་པ་དང་། གཞན་ཡང་པཎྜི་ཏ་རྣམས་ལས་མང་ཤོས་ཤིག་ཡིན་ལ། ཡེ་ཤེས་ཞབས། འཕགས་པ་གྲོལ་སྡེ། སེང་བཟང་། ཨ་བྷ་ཡཱ་ཀ་ར་སོགས་ཀྱིས་ཤེར་ཕྱིན་ནི་ལྟ་བ་འདི་ཁོ་ན་ལྟར་གཏན་ལ་ཕབ་པར་མཛད། དེ་ལས་འཕགས་གྲོལ་སོགས་སློབ་དཔོན་འདིའི་སྔོན་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་བཞེད་མཁན་འགའ་ཙམ་ཡོད་ཀྱང་། དངོས་སུ་ཕྱི་དོན་མེད་པར་རྣམ་རིག་པའི་ཚུལ་དང་མཐུན་པའི་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་པོ་ནི་སློབ་དཔོན་འདི་ཡིན་པར་མཁས་དབང་ཐམས་ཅད་མགྲིན་གཅིག་ཏུ་བཞེད་ལ། དེ་ལྟར་རིགས་པས་ཀྱང་འགྲུབ་པ་རྒྱ་གཞུང་ལ་བལྟས་པས་ཤེས་སོ། །དེས་ན་ཀླུ་སྒྲུབ་ཡབ་སྲས་གཞུང་ཕྱི་མོའི་དབུ་མ་པ་དང་། ཟླ་བ་གྲགས་པ་ཐལ་འགྱུར་དང་། ལེགས་ལྡན་འབྱེད་མདོ་སྡེའི་དབུ་མ་དང་། སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཤད་དོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་མཐའ་ཆེན་མོ། འབྲས་སྤུངས་སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༥༥༠
[2] གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། སྒོ་མང་གྲྭ་ཚང་། ༡༩༩༤ ལོ། ཤོག་གྲངས་ ༣༧༨
[3] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥
[4] ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༥
[5] གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༥
[6] དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༤༢
[7] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༥
[8] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༢
[9] མི་ཕམ་གསུང་འབུམ་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༥ ནས་ ༣༠༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།