ན༽ བྱམས་པས་ལུང་བསྟན་ནས་སེང་བཟང་གིས་ཤེར་ཕྱིན་མཛད་ཚུལ།

ན༽ བྱམས་པས་ལུང་བསྟན་ནས་ཤེར་ཕྱིན་མཛད་ཚུལ།

 

དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]།

དེ་ཚེ་མི་ཕམ་མགོན་པོ་མནལ་ལམ་དུ། །

ཞལ་བསྟན་གསུང་གིས་དབུགས་དབྱུང་ལུང་བསྟན་མཛད། །

རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཚེ། །

བསྟན་འགྲོའི་དོན་དུ་བྱོན་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། ད་དུང་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་བཞེད་ནས་མཁན་ཆེན་ཞི་བ་འཚོ་ལ་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ་ཤར་ཕྱོགས་ཁ་སརྤཱ་ཎིར་སོངས་ཤིག །ཅེས་ལུང་བསྟན་ཏོ། །ཇི་ལྟར་ལུང་བསྟན་པ་ལྟར་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ་རྨི་ལམ་བརྟགས་པས་ཐོ་རངས་ཀྱི་རྨི་ལམ་ན། ཨོ་ཏཱནྟ་པཱུ་རི་བི་ཧཱ་རའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་མཐུག་པོ་ཞིག་གི་གསེབ་ན་ལྷའི་ལུས་རྗེ་བཙུན་བྱམས་མགོན་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་དུ་མཆིས་ན་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ་ཁྱེད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ལ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ།།

མནལ་སད་དེ་མཆོད་པ་བྱས་ནས་བསྟན་བཅོས་བརྩམས་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ཕྱོགས་ཁ་སརྤཱ་ཎི་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་དྷརྨཱ་པ་ལས་ཡུམ་འཆད་པ་ལ་སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ནས་གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་ཕེབས་ཏེ་དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེར་ཕྱིར་གྱི་མན་ངག་རྒྱ་ཆེར་འདོམས་པར་མཛད། རྒྱལ་པོ་དྷརྨ་པཱ་ལས་སྦྱིན་བདག་བྱས་ནས་བྱམས་མགོན་གྱིས་ལུང་བསྟན་པ་ལྟར་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་དང་། ཤེར་ཕྱིན་སྒོམ་པ། ཙནྡྲ་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་རྣམས་མཛད་དོ། །ཞེས་གསུངས་ལ། ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས་[3]ཀྱང་ཕྱོགས་མཚུངས་སུ་གསུངས་སོ།།

གཞན་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཁས་དང་གྲུབ་པའི་སློབ་དཔོན་ཆེན་པོ་སེངྒེ་བཟང་པོའི་བླ་རྣལ་ལས[4]།

བྱམས་པ་མགོན་པོས་རྗེས་བཟུང་པཎྜི་ཏ། །

རྒྱལ་ཡུམ་དགོངས་པ་ཇི་བཞིན་གསལ་མཛད་ཅིང་། །

མཁྱེན་རབ་མཐའ་ཡས་སེངྒེ་བཟང་པོ་ལ། །

གསོལ་བ་འདེབས་སོ་ཡུམ་དོན་རྟོགས་པར་ཤོག །

ཅེས་གསུངས་པ་ལྟར། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) མཆོག་གིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ལས[5]། སློབ་དཔོན་སེངྒེ་བཟང་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་ཡུལ་གྱི་དོན་ལ་རིང་དུ་གོམས་པ་ཞིག་སྟེ། དེས་རང་གི་མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས་རྨི་ལམ་དུ་དགེ་སློང་གུར་གུམ་མདོག་ཅན་སྤྱོད་ལམ་ཤིན་ཏུ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་ས་པ་ཎིར་སོངས་ཤིག་ཅེས་ལུང་བསྟན་ཏོ། །སད་དེ་དེར་སོང་ན་ཞག་གསུམ་དུ་བསྙུང་གནས་བྱས་ཏེ་རྨི་ལམ་བརྟགས་པས་རྨི་ལམ་ན་ཨོ་ཏན་ཏ་པཱུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ། སྤྲིན་ཕུང་མཐུག་པོ་ཞིག་བསེབ་ན་ལྷའི་བུ་ལུས་སྤྲིན་བསེབ་ནས་བྱུང་ནས་མཆོད་པ་བྱེད་པ་མཐོང་སྟེ་ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ནས་རིང་དུ་བལྟས་པས། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ་ཉིད་ཀྱི་བསྟན་བཅོས་ལ་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འཇུག་པར་བགྱི་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐོར་བ་བསྡུས་ཏེ་ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ། །སད་དེ་མཆོད་པ་བྱས་ནས་བསྟན་བཅོས་བརྩམས་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་ས་སྐྱོང་གིས་ཡུམ་འཆད་པ་ལ་སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ཏེ། གདན་འདྲེན་བཏང་བའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ། ཉི་ཁྲི་བསྡུས་དོན་ལེ་བརྒྱད་མ། བརྒྱད་སྟོང་འགྲེལ་ཆེན། འགྲེལ་པ་དོན་གསལ། བསྡུས་དོན་རྟོགས་པར་སླ་བ། ཤེར་ཕྱིན་སྒོམ་པ་ལ་སོགས་པ་མཛད། ཅེས་གྲགས་ལ། བརྒྱད་སྟོང་འགྲེལ་ཆེན་ལས། དཔལ་ལྡན་ཆོས་སྐྱོང་གིས་སྦྱིན་བདག་བྱས་ནས། ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བྱས་པར་བཤད་དེ། དཔལ་ལྡན་ཆོས་སྐྱོང་ནི་ས་སྐྱོང་གི་ཡབ་མེས་ཡིན་པར་ཡང་གྲགས་སོ། །དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་[6]ཀྱིས། རང་གི་སློབ་བུ་གུ་ཎ་མི་ཏྲས་བསྐུལ་ནས་བསྡུས་འགྲེལ་བརྩམས། གསང་འདུས་ལ་ལུང་དང་མཐུན་པའི་ཆོས་བཅུ་བཞི་མཛད་དོ། །ཞེས་གསལ་ལ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ (1469-1544/1546) གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ལས་[7]ཀྱང་། སློབ་དཔོན་སེངྒེ་བཟང་པོ་ཆོས་ཅན། ཁྱོད་ཀྱིས་འགྲེལ་པ་རྩོམ་རིགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མགོན་པོའི་ཞལ་མངོན་སུམ་དུ་གཟིགས་ཏེ། འགྲེལ་པ་རྩོམ་པའི་གསུང་གི་གནང་བ་ཐོབ་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ན་ཕྱི་རབས་ཀྱི་གཟུར་གནས་རྣམས་འགྲེལ་པ་འདི་ལ་འཆད་ཉན་གྱི་སྒོ་ནས་འཇུག་རིགས་སོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢ན༤

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༠༠

[3]  བཀའ་འགྱུར་དཔེ་བསྡུར་མ། པོད། ༼༡༠༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༤༩

[4]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ང༽ ཆོས་ཚན་ ༧ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༣བ༤ བར།

[5]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༢༠

[6]  རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ནི། སེང་གེ་བཟང་པོའི་སློབ་མའི་ཐོག་མ་ལྟ་བུ་ཡིན་ཅིང༌། སེང་བཟང་སྐུ་འདས་པ་ཙམ་ན། གྲུབ་པ་བརྙེས་ནས་ཆོས་སྟོན་པའི་འགོ་བརྩམས་པ་ཙམ་ཡིན། འདིའི་རྣམ་ཐར་རྒྱས་པ་ནཱ་ལེནྡྲའི་མཁན་རབས་ཀྱི་སྐབས་སུ་བྲིས་ཡོད་པ་དེར་གཟིགས་པར་ཞུ།

[7]  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༢༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༧ ནས་ ༡༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *