པ༽ ལྷོ་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཚུལ།
དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]།
ལྷ་ཆེན་མཁས་པ་འབུམ་གྱིས་བྱིན་བརླབས་ཤིང་། །
འཕགས་ཡུལ་མཁས་པ་དུ་མས་བསྔགས་གྱུར་པའི། །
མུ་སྟེགས་མཁས་པ་སྟོང་གི་དམ་བཅའི་ནགས། །
ལུང་རིགས་ཞུགས་ཀྱིས་སྦྱངས་མཛད་ཆོས་གྲགས་ཞབས། །
ཞེས་དང་། དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[2]།
རྒྱལ་བསྟན་འཆད་ཉན་དགེ་འདུན་སྡེ་ཉིད་ལ། །
རག་ལུས་ལ་དགོངས་སློབ་དཔོན་རང་ཉིད་ཀྱིས། །
བཞེངས་པའི་ལྷ་ཁང་ལྔ་བརྒྱ་ལྷག་ཡོད་ཅིང་། །
གཞན་བསྐུལ་མཐའ་ཡས་བཞེངས་ལ་གསོལ་བ་འདེབས། །
ཞེས་བསྔགས་པ་མཛད་པ་ལྟར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ། སངས་རྒྱས་ཀྱི་བསྟན་པ་མ་དར་བ་དང་། ཉམས་པའི་ཕྱོགས་ཐམས་ཅད་དུ་བསྟན་པའི་འགལ་རྐྱེན་བྱེད་པ་རྣམས་རྩོད་པས་ཚར་བཅད། རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་དགེ་འདུན་གྱི་སྡེ་དང་ཆོས་གཞི་ཐུག་མེད་དུ་དར་བར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཡང་བརྒྱ་རྩ་ཙམ་ཡོད་ཅིང༌། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ། །སློབ་དཔོན་འདིས་ཡོངས་སུ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་དགེ་སློང་དང་དགེ་བསྙེན་ཡན་ཆད་བསྡོམས་ན་འབུམ་དུ་ཉེ་བ་ཙམ་ཡོད་པར་གྲགས་ནའང༌། ཕལ་ཆེར་མཁན་སློབ་གཞན་ལ་གཏད་པ་ཁོ་ན་ཡིན་ཅིང༌། ཆོས་ཀྱིས་འབྲེལ་བའི་སློབ་མས་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང༌། ཕྱི་བཞིན་རྗེས་སུ་འབྲང་བ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་ངོ༌། །ཞེས་གྲགས་སོ། །ཞེས་བྱུང་ངོ་།།
གཞན་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[4]།
རིགས་པའི་སྟོབས་ཀྱིས་བླང་དོར་རྣམ་པར་འབྱེད། །
རིགས་པས་ཕ་རོལ་མུ་སྟེགས་རྒོལ་བའི་ཚོགས། །
རིགས་པ་ཕམ་མཛད་རིགས་པ་སྨྲ་བའི་དབང་། །
རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །
ཞེས་བསྔགས་པ་ལྟར་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་དཔལ་ཆོས་ཀྱི་གྲགས་པས་སླར་ཡང་སཾ་ག་ཨཱ་ཙཱརྱ་རྩོད་པས་ཚར་བཅད་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། སྐུ་ཚེའི་ཐ་མའི་ཚེ། ཡང་སྔར་གྱི་སཾ་གར་ཨཱ་ཙརྱ་དེ་ཉིད་བྷཊྚ་ཨཱ་ཙརྱ་ཕྱི་མའི་བུར་སྐྱེ་བ་བླངས་ཏེ་སྔོན་ལས་ཀྱང་བློ་གྲོས་ཀྱི་སྟོབས་ཆེ་བ། རང་གི་ལྷ་མདུན་དུ་འོངས་ཏེ་མངོན་སུམ་དུ་རིག་པ་སློབ་པ། རེས་འགའ་དེའི་ལུས་ལ་ཡོངས་སུ་ཞུགས་ནས་ཀྱང་སྔོན་མེད་པའི་རིག་པ་བརྗོད་པ་བྱུང་སྟེ། ལོ་བཅུ་གཉིས་ལོན་པ་ཙམ་ན་དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་པ་ན། དེར་བྲམ་ཟེ་རྣམས་ཀྱིས་རེ་ཞིག་གཞན་ལ་རྩོད་པར་གྱིས་ཤིག །དེས་ན་ངེས་པར་རང་ཉིད་རྒྱལ་བར་འགྱུར་ལ། ཆོས་ཀྱི་གྲགས་པ་ནི་ཕམ་པར་ནུས་པ་དཀའ་འོ་ཞེས་སྨྲས་ཀྱང༌། གལ་ཏེ་དེ་ལས་རྒྱལ་བར་མ་ནུས་ན། རྒོལ་བའི་གྲགས་པ་ཐོབ་པ་མེད་དོ་ཞེས་ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་སོང་སྟེ། གང་རྒྱལ་བ་དེའི་བསྟན་པ་ལ་ཅིག་ཤོས་འཇུག་པར་བྱས་ནས་བརྩད་པས། དཔལ་ཆོས་ཀྱི་གྲགས་པ་རྒྱལ་བར་གྱུར་ཏེ་དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་བྲམ་ཟེ་དགེ་བསྙེན་གྱི་སྤྱོད་པ་ལ་གནས་པ་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་བྱེད་པ་བྱུང་ངོ་ཞེས་གྲགས་ཤིང༌། དེས་བཞེངས་པའི་ལྷ་ཁང་ནི་ད་ལྟ་ཡང་ཡོད་དོ།།
དེ་ནས་དུས་ཀྱི་མཐར་ཡུལ་ཀ་ལིངྒར་[6]གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོ་མང་པོ་ཆོས་ལ་བཀོད་ནས་སྐུ་འདས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གདུང་དུར་ཁྲོད་དུ་ཞུགས་ལ་བཞེན་པས་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང༌། ཕྱོགས་ཐམས་ཅད་དྲི་བཟང་དང་རོལ་མོས་ཁྱབ་པ་ཞག་བདུན་གྱི་བར་དུ་བྱུང་ངོ༌། །གདུང༌ཐམས་ཅད་འཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་འདྲིལ་བ་ལས་རུས་པའི་རྣམ་པ་ཡེ་མེད་དོ། །ད་ལྟ་ཡང་དུས་སྟོན་གྱི་མཆོད་པ་བྱེད་དོ། །ཞེས་གསུངས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་སྐུ་འཁྲུངས་པའི་ཡུལ་ཕྱོགས་སུ་ལོག་སྨྲའི་ཚོགས་རྣམས་རིགས་པས་ཚར་བཅད་དེ་བཤད་སྒྲུབ་གཉིས་ཀྱི་ལམ་ནས་བསྟན་འགྲོའི་མཛད་པ་རྨད་དུ་བྱུང་བ་བསྐྱངས་པས་ན། སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) ཀྱིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་སྦྱར་རྒྱུ་ལས།[7]
ཕུལ་བྱུང་ཆེས་ཕྲ་རིགས་པའི་སྦར་ཁྱིམ་གྱིས། །
ལོག་སྨྲ་མུ་སྟེགས་གླང་པོའི་ཀླད་འགེམས་ཤིང་། །
བཤད་སྒྲུབ་གངས་ཀྱི་རི་བོར་འགྱིངས་མཁས་པའི། །
སྨྲ་བའི་སེངྒེ་ཆོས་ཀྱི་གྲགས་པའི་ཞབས། །
ཞེས་བསྟོད་ཕྱག་མཛད་པ་ལྟར། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་[8]ཀྱང་། སླར་སློབ་དཔོན་ལྷོ་ཕྱོགས་སུ་བྱོན་ནས་བསྟན་པ་མེད་པའི་ཡུལ་ལ་དར་བར་མཛད་སྐབས་སུ་སཾ་ག་ར་དེ་ཉིད་བྷ་ཊ་ཕྱི་མའི་བུར་སྐྱེས་ཏེ་ལོ་བཅུ་གཉིས་ལོན་ནས་ལྷོར་སོང་སྟེ་ཆོས་གྲགས་དང་སླར་ཡང་རྩོད་པས་ཕམ་ཚེ་གདོད་བསྟན་པར་ཞུགས་ནས་ལྷ་ཁང་ཡང་བཞེངས་པ་སྟེ་འདིས་གཙོ་བའི་ཕྱི་པ་འབུམ་དུ་ཉེ་བ་ནང་པར་གཞུག །ཅེས་ཀྱང་བྱུང་བ་ལྟར། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[9]། གནས་ཉེར་བཞིའི་ནང་ཚན་ཐུགས་ཀྱི་འཁོར་ལོའི་མེ་མཚམས་ལ་འཁོད་པའི་གོ་དཱ་བ་རི་ཟེར་བ་སོགས་ཡོད་པ་ལས། གོ་དཱ་བ་རི་ཟེར་བའི་གནས་དེ་དེང་སང་མུ་སྟེགས་པས་བཟུང་ཡང་འོ་མའི་ཆུ་མིག་སོགས་གནས་ཡ་མཚན་ཅན་མང་པོ་དང་། དཔལ་ལྡན་ཆོས་ཀྱི་གྲགས་པ་སོགས་པཎ་གྲུབ་མང་པོས་ཞབས་ཀྱིས་བཅགས་པའི་གནས་ཡིན་པས་བྱིན་རླབས་ཆེ་བ་ཞིག་གོ །ཞེས་གསུངས་སོ།།
དེ་བཞིན་ནཱ་རོ་པཎ་ཆེན་ (992-?) གྱི་ཞལ་སྔ་ནས་གསུངས་ཤིང་། མར་པས་བསྒྱུར་བའི་དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་ལས[10]། གོ་ཏ་ཝ་རི་ཞེས་ཐོས་འཛིན་གྱི་ཁྱད་པར་རོ། །དེའང་བའི་མཆོག་སྦྱིན་ཞེས་པ་སྟེ། བལ་པོ་གཅིག་གིས་བ་གཅིག་ཡོད་པ་དེ་རི་ལ་བཏང་བས་ནུ་མ་སྟོང་པར་བྱུང་སྟེ། དེའི་ཤར་ཕྱོགས་ན་ཆུ་འབབ་ལ། དེ་བརྒལ་བ་ན་འབིགས་བྱེད་ཅེས་བྱ་བའི་རི་ནགས་ཚལ་དང་མེ་ཏོག་དུ་མ་ལྡན་པ་ཉམས་དགའ་བའི་ཕྱོགས་གཅིག་ན་བའི་མཆོག་སྦྱིན་བྱས་པའི་འཚོམ་བུ་བརྐོས་པས་རྡོ་ནག་པོ་ཟོ་ཟོ་བརྩིགས་པ་ཆོས་འབྱུང་གི་རྣམ་པ་བྱང་སེམས་ཀྱིས་གང་བ་གཅིག་སྣང་སྟེ། དེ་ལྟ་བུའི་གནས་སོ། །ནང་ལྟར་ན་མཆོག་སྦྱིན་ལྟར་རྣ་བ་ནས་ཀྱང་རྣ་ལྤགས་འཛགས་པས་རྣ་བ་གཡོན་པའོ། །ཞེས་བྱུང་ངོ་།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༥༢
[2] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༣ན༥ བར།
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༤
[4] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༦
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༤
[6] སྔར་ཆོས་རྒྱལ་མྱ་ངན་མེད་ཀྱིས་དྲག་ཤུགས་ཀྱིས་དབང་དུ་བསྡུས་པའི་ཡུལ་ཞིག་སྟེ། ཡུལ་ཀ་ལེན་གྷ་ (Kalinga) ནི་གཙང་པོ་གྷོ་ཌ་བ་རི་ (Godavari) དང་། ཀེ་སི་ཊ་ན་ (Kistna)། མ(Mahanadi) (Jawaharlal Nehru) ཧ་ན་ཌེ་ (Mahanadi) གསུམ་བར་གྱི་ཤར་རྒྱུད་འཇུག་ངོགས་སུ་ཆགས་ཡོད་ཅེས། པཎྜི་ཏ་ནེ་རུས་ (Jawaharlal Nehru) བརྩམས་པའི་འཛམ་གླིང་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་ཅེས་པའི་ལོ་རྒྱུས་བརྩམས་ཆོས་སུ་གསལ་ལོ།།
[7] ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་ ༡༩ན༢ ནས་ ༢༠ན༢ བར།
[8] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༠༡
[9] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༩༥
[10] དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན། དཔེ་ཐུང་བྲིས་མ། ཤོག་ ༤བ༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༡ ནས་ ༤༡༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།