༢༢༽ ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་རྣམ་ཐར།

༢༢༽ ཐམས་ཅད་མཁྱེན་པའི་བཤེས་གཉེན།

 

ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཞིག་གི་ཟུར་བུ་ཞེས་བྱ་བ། ཆུང་ངུའི་སྐབས་ཁང་སྟེང་དུ་བསྙལ་ནས། མ་མེ་ཏོག་འཐུར་སོང་བ་ལས། བུ་ཆུང་བྱ་རྒོད་ཀྱིས་ཁྱེར་ཏེ། ཡུལ་དབུས་དཔལ་ནཱ་ལེནྡྲའི་གནྡྷོ་ལ་ཞིག་གི་རྩེ་མོར་བཞག་གོ །

པཎྜི་ཏ་རྣམས་ཀྱིས་དེ་བླངས་ཏེ་གསོས་ནས་ཆེར་བསྐྱེད་པ་ན་བློ་རྣོ་བར་གྱུར་ཏེ། དགེ་སློང་སྡེ་སྣོད་འཛིན་པའི་བར་དུ་གྱུར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་བསྒྲུབས་པས་དངོས་སུ་ཞལ་གཟིགས་ཤིང༌། ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བ་ལས། ཐམས་ཅད་སྦྱིན་པར་བཏང་བ་ན། ནམ་ཞིག་ན་ཡོ་བྱད་སྦྱིན་རྒྱུ་ཅུང་ཟད་ཀྱང་མེད་དེ། ཕྱོགས་འདིར་བསྡད་ན་སློང་བ་པོ་མང་པོས་རྐང་སྟོང་སྐྱེལ་བར་གྱུར་སྙམ་སྟེ། ལྷོ་ཕྱོགས་ཀྱི་རྒྱུད་ཐག་རིང་པོར་བྱོན་ནོ། །དེར་ལམ་ཁར་བྲམ་ཟེ་རྒད་པོ་མིག་ལོང་བ་ཞིག་བུས་ལོང་འཁྲིད་བྱས་ཏེ་བྱུང་བ་ལས། གང་དུ་འགྲོ་དྲིས་པས། དཔལ་ནཱ་ལེནྡྲ་ན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ། སློང་བ་པོ་ཐམས་ཅད་མགུ་བར་བྱེད་པ་ཞིག་ཡོད་ཟེར་བས། དེ་ལ་སློང་དུ་འགྲོ་ཟེར། དེ་ཉིད་ང་ཡིན་ན་ཡོ་བྱད་ཐམས་ཅད་ཟད་དེ་འདིར་འོང་ངོ་བྱས་པས། དེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་བར་འདུག་ནས། སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། རྒྱལ་པོ་ས་ར་ཞེས་བྱ་བ་ལྟ་བ་ལོག་པ་ལ་མངོན་པར་ཞེན་ཅིང༌། གདུག་པའི་སློབ་དཔོན་གྱིས་རྗེས་འབྲང་པ་ཞིག་གིས་མི་བརྒྱ་རྩ་བརྒྱད་ཉོས་ཏེ། མེ་ལ་མཆོད་སྦྱིན་དུ་བྱས་ན། དེ་དག་གི་ཚེ་དང་དབང་ཐང་ཐམས་ཅད་བདག་ཉིད་ལ་འབྱུང་ཞིང༌། ཐར་པའི་རྒྱུ་ཡང་ཡིན་ནོ་ཞེས་བསམས་ནས། མི་བརྒྱ་དང་བདུན་བརྙེད། ལྷག་མ་གཅིག་མ་རྙེད་པར་ཡོད་པ་གསན་ནས་སློབ་དཔོན་གྱིས་རང་ཉིད་བཙོངས་ཏེ། བྲམ་ཟེ་འདི་ལ་ཕན་གདགས་སམ་སྙམ་ནས་ཁྱོད་སྡུག་བསྔལ་བར་མ་བྱེད་ཅིག །ངས་ཡོ་བྱད་བླངས་ནས་འོང་ངོ་བྱས་ནས་གྲོང་ཁྱེར་དུ་མི་ཉོ་བ་སུ་ཡོད་བྱས་པས། རྒྱལ་པོས་ཉོས་ཏེ། རིན་ལ་སློབ་དཔོན་གྱི་ལུས་ཀྱི་ལྗིད་དང་མཉམ་པའི་གསེར་གཞལ། གསེར་སློབ་དཔོན་གྱིས་བྲམ་ཟེ་ལ་སྦྱིན་པས་མགུ་ནས་སོང་ངོ༌། །དེ་ནས་སློབ་དཔོན་རྒྱལ་པོའི་ཁྲི་མུན་དུ་བྱོན། མི་དེ་རྣམས་ན་རེ། གལ་ཏེ་ཁྱོད་མ་འོངས་ན་ངེད་རྣམས་ཐར་བ་ཡང་སྲིད་པ་ལས། ང་ནི་ད་ལྟ་ཉིད་སྲེག་གོ་ཞེས་ཤིན་ཏུ་སྡུག་བསྔལ་བར་འདུག་ཅིང༌། དེའི་ནུབ་མོ་ཕྱོགས་ཡངས་པ་གཅིག་ཏུ། ཤིང་གི་ཚོགས་རི་ལྟར་སྤུངས་པའི་དབུས་སུ། མི་བརྒྱ་རྩ་བརྒྱད་པོ་བཅིངས་ཏེ་བཞག །ལྟ་བ་ལོག་པའི་སློབ་དཔོན་དེས་ཆོ་ག་བྱས། ཤིང་ཐམས་ཅད་མེར་འུར་གྱིས་འབར་བའི་ཚེ། མི་བརྒྱ་རྩ་བདུན་པོ་དེ་རྣམས་ཆོ་ངེས་དིང་གིས་བཏབ་པས། སློབ་དཔོན་སྙིང་རྗེ་མི་ཟད་པ་སྐྱེས་ཏེ། འཕགས་མ་སྒྲོལ་མ་ལ་ཡུས་ཀྱིས་གསོལ་བ་བཏབ་པས། རྗེ་བཙུན་མ་མདུན་དུ་བྱོན་ཏེ་ཕྱག་ལས་བདུད་རྩིའི་ཆུ་རྒྱུན་བབས། སྐྱེ་བོ་རྣམས་ཀྱི་སྣང་ངོ་ལས་ཕྱོགས་གཞན་གང་དུ་ཡང་མེད་པར། མེ་འབར་བ་ཁོ་ནའི་ཐད་དུ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བྱུང༌། མེ་ཞི་ནས་མཚོ་རྫིང་དུ་གྱུར། དེ་ནས་རྒྱལ་པོ་ཡ་མཚན་སྐྱེས་ཏེ། སློབ་དཔོན་ལ་ནི་གུས་པས་མཆོད། སྐྱེ་བོ་དེ་རྣམས་ལ་ཡང་བྱ་དགའ་བྱིན་ནས་བཏང་ངོ༌། །རྒྱལ་པོས་མཆོད་པ་ཆེན་པོ་བྱས་ཀྱང་ཡང་དག་པའི་ལྟ་བ་ལ་མ་ཚུད་ཅིང༌། དམ་པའི་ཆོས་མི་དར་བར་འདུག་ནས། ཡུན་རིང་རབ་སོང་བ་ན་ཐུགས་སྐྱོ་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བདག་རང་གི་སྐྱེ་ཡུལ་དུ་སྐྱེལ་བར་ཞུས་པས། ན་བཟའ་ལ་འཇུས་ནས་མིག་ཚུམས་ཤིག་གསུངས། མིག་བཙུམས་པ་ན་དེ་མ་ཐག་མིག་ཕྱེ་ཞིག་གསུངས། མིག་ཕྱེ་བས་སྔར་མ་མཐོང་བའི་རྒྱལ་པོའི་ཕོ་བྲང་ཆེན་པོ་ཞིག་གི་ཡུལ་ལྗོངས་ཤིག་ན་སླེབས་ནས་འདུག་པས། བདག་ནཱ་ལེནྡྲར་མི་སྐྱེལ་བར་འདིར་བསྐྱལ་བ་ཅི་ལགས་ཞུས་པས། ཁྱེད་ཀྱི་སྐྱེ་བའི་ཡུལ་ནི་འདི་ཁོ་ནའོ་ཞེས་གསུངས། དེ་ནས་དེར་བཞུགས་ཏེ་སྒྲོལ་མའི་ལྷ་ཁང་ཆེན་པོ་ཡང་བཞེངས། ཆོས་མང་དུ་བསྟན་ཅིང༌། སྐྱེ་བོ་ཐམས་ཅད་བདེ་བ་ལ་བཀོད། འདི་ཉི་མ་སྦས་པའི་སློབ་མ་ཡིན་ནོ། །དུས་འདི་ཙམ་ན་གྲུབ་ཆེན་ཌོམ་བྷི་ཧེ་རུ་ཀ་དང༌། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡང་བྱུང༌། དེ་རྣམས་ཐོག་མཉམ་པ་ལས་སྔ་ཕྱིའི་གོ་རིམ་ཅུང་ཟད་ནི། བེ་རུ་པ་གྲུབ་པ་ཐོབ་ནས་ལོ་བཅུ་ཙམ་ན། ཌོམ་བྷི་ཧེ་རུ་ཀས་དངོས་གྲུབ་བརྙེས། དེ་ནས་ལོ་བཅུ་ཙམ་ན་དྲིལ་བུ་པས་བརྙེས་སོ། །དུས་རབས་ནི་བརྒྱ་ཕྲག་བཅུ་གཅིག་པའི་ནང་ཙམ་མོ། །ཞེས་བྱུང་ངོ་།།

སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་བསྟན་བཅོས་ནི། ༡༽ རྒྱུད་ཤ་པ་ལ། སྒྲོལ་མ་ཕྲེང་བ་འཛིན་པའི་བསྟོད་པ། པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་སྔ་འགྱུར་དང་། ༢༽ མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྩེ་གཅིག་ཏུ་མཛད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་ལ། སླད་ཀྱིས་པཎྜི་ཏ་མ་ནི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་པ། ༣༽ འཕགས་མ་སྒྲོལ་མའི་མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ། ཆོ་ག་བར་བདུན་མར་བཅད་པ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཟླ་བ་གཞོན་ནུའི་རང་འགྱུར། ༤༽ ལྷ་མོ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་གསོལ་བ་འདེབས་པ་ཞེས་བྱ་བའི་བསྟོད་པ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། ༥༽ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་བཅས་དང་། ༦༽ རྒྱུད་མུ་པ་ལ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང༌། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོང་ཏོའི་མཁར་དུ་བསྒྱུར་བ་སོགས་བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༨༤༡

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༠ ནས་ ༤༤༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *