ཕ༽ བུདྡྷ་པཱ་ལི་ཏའི་ཆེ་བ་བརྗོད་པ།
དེ་ཡང་རྩ་བ་ཤེས་རབ་ཀྱི་རྒྱ་འགྲེལ་གྲགས་ཅན་བརྒྱད་ནི། ༡ ག་ལས་འཇིགས་མེད་དང་། (བུ་སྟོན་རིན་པོ་ཆེས་འདི་རྩ་ཤེའི་རང་འགྲེལ་དུ་གསུངས་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་ལེགས་བཤད་སྙིང་པོར་དེ་མིན་པར་གསུངས།) ༢ དེ་བ་ཤརྨ།[1] (ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷ། (དུས་རབས་ལྔ་པ་ནས་དྲུག་པ།) སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་བ་ཤརྨས་ཟླ་གྲགས་འགོག་པར་བསམས་ནས།
རྩ་ཤེའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བརྩམས་པར་ཏཱ་ར་ནཱ་ཐའི་ཆོས་འབྱུང་ན་ (༡༨༠) གསལ།) ༣ གུ་ཎ་མ་ཏི། (ཡོན་ཏན་བློ་གྲོས། དུས་རབས་ལྔ་པ་ནས་དྲུག་པ།) ༤ གུ་ཎ་ཤྲཱི། (ཡོན་ཏན་དཔལ། དུས་རབས་ལྔ་པ་ནས་དྲུག་པ།) ༥ སྠི་ར་མ་ཏི། (བློ་གྲོས་བརྟན་པ། C.510-570) ༦ སངས་རྒྱས་བསྐྱངས་ཀྱི་བུདྷཱ་པཱ་ལི་ཏ་ (C.230-330)། ༧ ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ། (ལེགས་ལྡན་འབྱེད་ནི་ (C.500-570) དེ་བ་ཤརྨའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །ཞེས་རྗེའི་ལེགས་བཤད་སྙིང་པོར་གསུངས།) ༨ ཟླ་བ་གྲགས་པའི་ (C.600-650) ཚིག་གསལ་དང་བརྒྱད་ཡོད་དོ།།
བརྒྱད་པོ་དེ་དག་ལས། ༡) མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་། ༢) སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ། ༣) སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་ཤེས་རབ་སྒྲོན་མེ། ༤) དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་དང་བཞི་ལས་གཞན་རྣམས་བོད་གངས་ཅན་གྱི་སྐད་དུ་མ་བསྒྱུར་བ་སྣང་ལ། དེ་ལྟར་རྩ་ཤེའི་འགྲེལ་པ་འཕགས་བོད་ཀྱི་སྐྱེས་བུ་དམ་པ་དུ་མས་མཛད་པ་མང་དུ་བཞུགས་པའི་ཁྲོད་ནས་བུདྡྷཿཔཱ་ལི་ཏ་ནི་རྒྱལ་མཚན་གྱི་ཏོག་ལྟར་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་སློབ་དཔོན་ཟླ་བ་གྲགས་པ་དང་། རྗེ་བདག་ཉིད་ཆེན་པོས་བསྔགས་པ་རྒྱ་ཆེར་མཛད་པ་སྟེ། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དཀའ་གནད་བརྒྱད་ཀྱི་ཟིན་བྲིས་རྗེའི་གསུང་བཞིན་བརྗེད་བྱང་དུ་བཀོད་པ་ལས[2]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལ། འགྲེལ་པ་གྲགས་ཆེ་བ་བརྒྱད་དུ་ཡོད་ལ་དེའི་ནང་ནས་ཀྱང་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ཟླ་བ་གྲགས་པ་གཉིས་ཀྱིས་མཛད་པ་འདི་གཉིས་ཡིན་ལ། དེ་ལའང་འགྲེལ་བྱེད་གཞན་དང་མི་མཐུན་པའི་ཁྱད་པར་ཕྲ་མོ་མཐའ་ཡས་ཀྱང་གནད་དུ་ཆེ་བ་བརྒྱད་ཡིན་གསུང་སྟེ། གཞིའི་སྐབས་སུ་ཐ་སྙད་དུའང་རང་མཚན་དང༌། ཀུན་གཞི་ཁས་མི་ལེན་ཞིང་། ཕྱི་དོན་ཁས་ལེན་པ་དང་། ལམ་གྱི་སྐབས་ལ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང་། རང་རིག་ཁས་མི་ལེན་ཞིང༌། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང་། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ། ཁས་ལེན་པའི་དམ་བཅའ་བཞི་དང་། མི་ལེན་པའི་ཕྱོགས་བཞིའོ། །ཞེས་གསུངས་པ་ལྟར་འགྲེལ་བྱེད་འདི་དག་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་མཆིས་པར་གསུངས་སོ།།
གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[3]། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཐུན་མོང་མིན་པ་གསལ་བར་བྱེད་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་རྨད་དུ་བྱུང་བ་མཛད་པ་ལ་འགྲེལ་པ་བུདྡྷ་པཱ་ལི་ཏར་གྲགས། ཞེས་གསུངས་པ་ལྟར། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1672-?) ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས[4]།
འགྲེལ་པ་འགྲོལ་བའི་བརྡ་རྙིང་སྟེ། །གོ་དཀའི་བརྡ་དང་རྟོགས་དཀའི་དོན། །
གསལ་བར་བྱས་ནས་འགྲོལ་བ་ལ། །འགྲེལ་པ་ཞེས་སུ་བཤད་པ་ཡིན། །
ཞེས་གསུངས་པ་ལྟར། རྩ་ཤེའི་འགྲེལ་པ་བརྒྱད་ཡོད་པ་དེ་དག་གི་ནང་ནས་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་རྨད་དུ་བྱུང་བ་ཞིག་དང་། རྩ་ཤེའི་དགོངས་པ་ཐལ་འགྱུར་དུ་འགྲེལ་བྱེད་ཐོག་མ་དེ་ཡིན་ཅིང་། འཕྲིན་ལས་ནམ་མཁའ་དང་མཉམ་པའི་བསྟན་བཅོས་གལ་ཆེ་ཞིག་ཀྱང་ཡིན། ལྷག་པར་དུ་དཔལ་ལྡན་ཟླ་བ་གྲགས་པ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་བུདྡྷ་པཱ་ལི་ཏ་འདི་ཉིད་ཁུངས་ཉིད་དུ་འདྲེན་པའི་བསྟན་བཅོས་གཙོ་བོ་ཞིག་ཡིན། འོན་ཀྱང་སློབ་དཔོན་ལེགས་འབྱེད་ཀྱིས་འགྲེལ་པ་འདིས། བདག་སྐྱེ་འགོག་པར་མཛད་པའི་འགྲེལ་ངག་མདོར་བསྟན་ལ་དགག་པ་མཛད་པ་དང་། རང་རྒྱུད་འཐད་པའི་ཕྱོགས་ལ་སྒྲུབ་བྱེད་མང་དུ་བསྟན་ཡོད། དེ་ཡང་རྩ་ཤེའི་རབ་བྱེད་དང་པོར་དངོས་པོ་རྣམས་མཐའ་བཞིར་སྐྱེ་བ་བཀག་པའི་ཚུལ་ལ་ཐོག་མར་བདག་སྐྱེ་འགོག་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ལས[5]། དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། །གལ་ཏེ་ཡོད་ཀྱང་ཡང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བས། དེ་ཡང་མི་འདོད་དེ། དེའི་ཕྱིར་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ། །ཞེས་པའི་འགྲེལ་ངག་མདོར་བསྟན་ལ་ཡང་སྒྲ་ཡོད་པ་རྒྱས་བཤད་དང་སྦྱར་བ་མ་དགོངས་ནས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་དགག་པ་མཛད་ཚུལ་ནི་ཤེས་རབ་སྒྲོན་མ་ལས[6]། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་བསལ་བའི་ཕྱིར་དང་། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཏེ། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་དགག་པར་མཛད་པ་ལ། སྐྱོན་བརྗོད་དེ་ཉིད་དཔལ་ལྡན་ཟླ་བ་འགོག་ཚུལ་ཡང་། ཚིག་གསལ་ལས[7]། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོས་མཐོང་ངོ་། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ཞེས་གང་སྨྲ་བ་དེ་ནི་མི་རིགས་སོ། །ཞེས་སོགས་ཀྱིས་ཕ་རོལ་པོས་བདག་ལས་སྐྱེ་བ་འདོད་པ་འགོག་པ་ལ་འགལ་བརྗོད་ཀྱི་ཐལ་བ་འགོད་པས་ལོག་རྟོག་འགོག་ནུས་ལ། དེས་མི་ནུས་ན། དཔེ་རྟགས་བརྗོད་པས་ཀྱང་འགོག་མི་ནུས་ཏེ། རང་ལ་ཁས་བླང་འགལ་བ་དེ་ལྟ་བུ་མཐོང་བཞིན་དུ། བསྙོན་འདིངས་པའི་རྒོལ་བ་དེ། དབུ་མ་པའི་རྩོད་ཟླ་མི་འོས་ལ་ད་དུང་དེ་ལ་རང་རྒྱུད་ཀྱི་རྟགས་བསྟན་དགོས་ཞེས་པ་ནི་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་རང་རྒྱུད་ཀྱི་རྗེས་སུ་དཔག་པ་ལ་མངོན་པར་དགའ་བྱེད་པ་ཡིན་ནོ། །ཞེས་སོགས་དང་སྤྱིར་འགྲེལ་པས་གཞན་གྲགས་ཀྱི་གཏན་ཚིགས་བསྟན་པ་ཡང་ཚིག་གསལ་ལས[8]། དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། །སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བའི་ཆོས་འཛིན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དངོས་པོ་ཞེས་པས་ཆོས་ཅན་དང་རྣམས་ཞེས་པའི་མང་ཚིག་གིས་མཐུན་དཔེ་འདོན་པ་ཡིན་པའི་ཕྱིར། ཞེས་འགྲེལ་ངག་གིས་དཔེ་རྟགས་བརྗོད་པའི་ཚུལ་གསལ་བར་མཛད་པ་དང་། ཡང་དེ་ཉིད་ལས[9]། རང་བཞིན་མེད་པར་སྨྲ་བས་རང་བཞིན་དང་བཅས་པ་སྨྲ་བ་ལ་ཐལ་བར་བསྒྲུབས་པ་ན་ཐལ་བ་ལས་བཟློག་པའི་དོན་ཅན་དུ་ཐལ་བར་ག་ལ་འགྱུར་ཞེས་དང་། ཕ་རོལ་པོའི་ལོག་རྟོག་འགོག་པ་ཕལ་ཆེར་ཐལ་བ་བསྒྲུབས་པ་ཁོ་ནས་གཞན་ཕྱོགས་སེལ་བར་མཛད་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྩ་ཤེས་དང་རྩོད་བཟློག་སོགས་ལས་ཐལ་བ་འཕངས་པ་ཁོ་ནས་གཞན་ཕྱོགས་སེལ་བ་མཛད་པ་ཤ་སྟག་བྱུང་ཚུལ་རྩ་ཤེའི་རྩ་བར་ཐལ་བ་འཕེན་པའི་ཚིགས་སུ་བཅད་པ་དུ་མ་དྲངས་ཏེ་ལེགས་ལྡན་གྱིས་སྐྱོན་བརྗོད་པ་རྣམས་སུན་དབྱུང་སྟེ་ཐལ་འགྱུར་འཐད་ལ། རང་རྒྱུད་མི་འཐད་པའི་ཚུལ་གསལ་བར་བྱས་པའི་གཞུང་གནམ་ལ་ཉི་ཟླ་རྣམ་གཉིས་དང་། ས་ལ་གསལ་བ་རྣམ་གཉིས་སུ་གྲགས་པའི་ཡ་གྱལ་འགྲེལ་པ་ཚིག་གསལ་མཛད་དེ་དཔལ་ལྡན་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་དང་། གྲུབ་མཐའ་དེ་ཉིད་ཀྱི་གཞུང་ལུགས་ལ་འཆད་ཉན་བར་མ་ཆད་པར་རྒྱུན་འཛིན་གྱི་སྐྱེས་ཆེན་དམ་པ་དཔག་ཏུ་མེད་པ་བྱུང་བ་ནི། འགྲེལ་པ་བུདྡྷ་པཱ་ལི་ཏའི་འཕྲིན་ལས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ལ་དགག་པ་མཛད་པའི་བཀའ་དྲིན་ཡིན་ཞེས་བརྗོད་ཆོག་པ་བཅས་སོ།། །།

(རྒྱ་ནག་རི་བོ་རྩེ་ལྔར་བཞུགས་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྐུ་གདུང་མཆོད་རྟེན།)
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དེ་བ་ཤརྨ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་ཐོག་མར་བཀྲལ་བའི་བསྟན་བཅོས་དཀར་པོ་རྣམ་པར་འཆར་བ་མཛད་པ་པོ་སྟེ། སློབ་དཔོན་འདི་ཉིད་ཕྱི་ལོའི་དུས་རབས་བདུན་པའི་མཇུག་ཙམ་དུ་སྐུ་འཁྲུངས་ཤིང་། སློབ་དཔོན་ཆོས་སྐྱོང་བླ་མར་བསྟེན། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་མུ་སྟེགས་པ་རྣམས་རྩོད་པས་ཕམ་པར་མཛད། རྒྱལ་པོ་ས་ལ་ཝ་ཧ་ནའང་ནང་པར་བཅུག་པས། དེས་ཀྱང་ལྷ་ཁང་དང་། མཆོད་རྟེན། ཆོས་གཞི་བཅས་མང་དུ་བཞེངས་འཛུགས་མཛད། དུས་སྐབས་དེར་སློབ་དཔོན་འདི་ཉིད་བསྟན་པའི་སྲོག་འཛིན་གཅིག་པུར་གྱུར་ཏོ།།
[2] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༩༩
[3] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧
[4] གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་ ༡༠༦
[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༥༡
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༩༡༤
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༢
[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༥
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༥ ནས་ ༢༦༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།