ཙ༽ མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འཇུག་གི་སློབ་མ།
བདག་ཉིད་ཆེན་པོ་འདིའི་གསུང་ལས་སྐྱེས་པའི་དངོས་སློབ་ལ་ཆ་མཚོན་ན། ཀུན་མཁྱེན་རོང་སྟོན་ཐམས་ཅད་མཁྱེན་པས་ (1367-1449) མཛད་པའི་དབུ་མ་ལ་འཇུག་པའི་སྒོམ་རིམ་རིན་ཆེན་སྒྲོན་མེ་ལས[1]།
སློབ་དཔོན་ཀླུ་སྒྲུབ་གསུང་རབ་བདུད་རྩི་ཡིས། །བློ་གྲོས་དབང་པོ་མཆོག་ཏུ་རབ་རྒྱས་པ། །
དབུ་མའི་གཞུང་ལུགས་རིགས་སྲོལ་རྣམ་པར་འབྱེད། །ཀླུ་སྒྲུབ་རྗེས་འཇུག་བླ་མ་རྣམས་ལ་འདུད། །
ཅེས་གསུངས་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གཏན་ལ་ཕབ་པའི་ལམ་སྲོལ་དེ་ཉིད་འཛིན་ཅིང་སྤེལ་བར་བྱེད་པའི་རྗེས་འཇུག་གི་སློབ་མ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་པ་ལས་གཙོ་བོར་གྱུར་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[2]། འདི་ལ་སློབ་མ་ཐུགས་སྲས་བཞི། ཉེ་སྲས་གསུམ། སྲས་ཀྱི་ཐུ་བོ་བཞི་སོགས་ཡོད་པ་ལས། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ན་གཱ་བོ་དྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏང་གི་པའོ། །ཉེ་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་དང་གསུམ་མོ། །སྲས་ཀྱི་གཙོ་བོ་བཞི་ནི། ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ་ཀྱི་སྟེང་དུ་ཟླ་བ་གྲགས་པ་དང་བཞིའོ། །གཞན་ཡང་རྒྱལ་སྲས་ཞི་བ་ལྷ། ཤ་ཝ་རི་དབང་ཕྱུག །ནག་པོ་པ་སོགས་བསམ་གྱིས་མི་ཁྱབ་པའང་འདིའི་སློབ་མ་དངོས་སོ། །ཡང་ཉེ་གནས་གསུམ་ནི་ཨཱརྱ་དེ་ཝ། ན་གཱ་བོ་དྷི། ཞི་བ་ལྷ་གསུམ་ཡིན་ཟེར་བའང་འདུག །ཅེས་གསུངས་པ་ལྟར་དངོས་བརྒྱུད་ཀྱི་སློབ་མ་ཤིན་ཏུ་མང་བས་མ་སྤྲོས་སོ།།
དེ་ལྟར་གསུང་སྐྱེས་ཀྱི་སློབ་མ་ཆེས་མང་དུ་བྱུང་ཡང་། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལ་འཕགས་པ་ལྷ་དང་། ཀླུ་བྱང་དང་། ཤཱཀྱ་བཤེས་གཉེན་གསུམ་འཕགས་པའི་སློབ་མར་གྲགས་ཆེ་ལ། ཞེས་གསུངས་ཤིང་། གཞན་ཡང་མ་ཏཾ་གི་ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བཞེད། ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་བཞེད། བོད་ཀྱི་བླ་མ་ཁ་ཅིག་གིས་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་པར་བཞེད་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་སློབ་མར་བཤད་དེ། ཇོ་བོའི་གསུང་སྒྲོས་རྗེའི་ལམ་རིམ་དུ་དྲངས་པ་ལས། ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པར་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་གྲགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་ཞལ་གྱིས་བཞེས་པར། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ལོ།།
དེ་བཞིན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[3]། དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ལ་སློབ་མའི་མཆོག་ཐུགས་སྲས་བཞི། ཉེ་སྲས་གསུམ་རྣམས་སུ་ཡོད་པ་ལས། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་གཟིགས་ན་ག་བོ་དྷི། ས་བརྒྱད་ནོན་པ་ཨརྱ་དེ་ཝ། སྤྱན་གཟིགས་ཞལ་མཐོང་མ་ཏང་གི་པའོ། །ཉེ་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་དང་གསུམ་མོ། །ཡང་སྲས་ཀྱི་ཐུ་བོ་བཞི་ཞེས་པའི་ཐ་སྙད་བྱས་ནས། སྔར་གྱི་ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ་དང་གསུམ་གྱི་སྟེང་དུ་ཟླ་བ་གྲགས་པ་དང་བཞིའོ་ཞེས་འགའ་ཞིག་ལས་འབྱུང་ལ། གཞན་ཡང་རྒྱལ་སྲས་ཞི་བ་ལྷ། ཤ་བ་རཱི་དབང་ཕྱུག །ནག་པོ་པ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །ཡང་ཉེ་གནས་གསུམ་ལ་ཨཱརྻ་དེ་བ། ན་ག་བོ་དྷི། ཞི་བ་ལྷ་དང་གསུམ་བགྲངས་པ་ཡང་འགའ་ཞིག་ལས་འབྱུང་། དེ་རྣམས་ཀྱི་ནང་ནས་དཔལ་ལྡན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་མི་མཐུན་པ་མང་བས་འདིའི་དཔྱད་པ་འོག་ཟླ་གྲགས་ཀྱི་རྣམ་ཐར་འཆད་པའི་ཚེ་འབྱུང་ལ། ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་སྐོར་དཔྱད་པ་རྒྱས་པ་ཟླ་གྲགས་ཀྱི་རྣམ་ཐར་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་གསུང་འབུམ། འཐོར་བུ། ༼ཁ༽ བསྟོད་ཚོགས། དཔེ་རིང་ཤོག་གྲངས་ ༩༠ན༡
[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣
[3] ཨ་མྱེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༩ ནས་ ༣༩༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།