ཐ༽ ཇོ་བོས་གཡུལ་འགྱེད་འདུམས་ནས་མཛའ་བོར་མཛད་པ།

ཐ༽ གཡུལ་འགྱེད་འདུམས་ནས་མཛའ་བོར་མཛད་པ།

 

དེ་ཡང་ཆོས་སྤྱོད་ཉེར་མཁོ་ཡན་ལག་ཉི་ཤུ་པ་ཡིད་བཞིན་ནོར་བུའི་ཐེམ་སྐས་ལས[1]།

རིག་པའི་གནས་ལྔ་དག་ལ་མཁྱེན་པ་རྒྱས། །

སྒྲོལ་མས་ལུང་བསྟན་ཁ་བ་ཅན་དུ་བྱོན། །

ལྔ་བརྒྱའི་དུས་སུ་ཐམས་ཅད་མཁྱེན་པར་འགྱུར། །

འགྲོ་མགོན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པའི་འགྲོ་མགོན་ཨ་ཏི་ཤས་རྒྱ་གར་རྡོ་རྗེ་གདན་དུ་བཞུགས་སྐབས་དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་བར་གྱི་རྩོད་པ་འདུམས་ཏེ་མཛའ་བོར་མཛད་པའི་ཚུལ་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[2]།

གཙུག་ལག་འཇོམས་པའི་མུ་སྟེགས་རྒྱལ་བ་དངོས། །

མ་ག་དྷ་པ་གཡུལ་འགྱེད་གྱུར་པའི་ཚེ། །

གཞན་སྡེ་ཕམ་བྱས་སླར་ཡང་རྗེས་འཛིན་མཛད། །

དགྲ་བཅོམ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[3]ཀྱང་། དེའི་ཚེ་ཇོ་བོ་རྗེ་རྡོ་རྗེ་གདན་ན་བཞུགས་དུས། མ་ག་དྷའི་རྒྱལ་པོ་ནཻརྱ་པཱ་ལ་དང་། ནུབ་ཕྱོགས་ཀརྞའི་རྒྱལ་པོ་གཉིས་རྩོད་པར་གྱུར་ཏེ། ཀརྞའི་རྒྱལ་པོས་མ་ག་དྷར་དམག་དྲངས། གྲོང་མ་ཐུབ་པར་གནས་གཞི་རྣམས་སུ་དྲངས་པས་རབ་ཏུ་བྱུང་བ་བཞི། དགེ་བསྙེན་གཅིག་དང་ལྔ་བཀྲོངས། ཡོ་བྱད་མང་པོ་ཁྱེར་བའི་དུས་སུ་ཀོ་ལོང་མ་མཛད་པར་བྱང་ཆུབ་ཀྱི་སེམས་བསྒོམས། ཕྱིས་གཡུལ་ལོག་ནས་མ་ག་དྷའི་རྒྱལ་པོས་ཀརྞའི་དམག་མི་ཐམས་ཅད་གསོད་པ་ལ་ཐུག་པ་ན་ཀརྞའི་རྒྱལ་པོ་དང་དམག་མི་ཐམས་ཅད་ཀྱི་སྲོག་བསྐྱབས་ནས་བཏང་། སླར་ཡང་དེ་གཉིས་འཐབས་པ་ན་ཇོ་བོ་རྗེས་ཟང་ཟིང་གི་ནོར་ཚད་མེད་པ་སོ་སོར་གནང་སྟེ་ཆུ་བོ་ཆེན་པོ་བརྒལ་ནས་དམག་ཕན་ཚུན་འདུམས་པར་མཛད་དེ་སེམས་ཅན་གྲངས་མེད་པའི་སྲོག་བསྐྱབས་སོ། །དེ་ཡང་། བསྟོད་པ་ལས[4]།

རྒྱལ་པོ་ནཻརྱ་པཱ་ལ་དང་། །ནུབ་ཕྱོགས་ཀརྞའི་རྒྱལ་པོ་གཉིས། །

རྩོད་པ་ཆེན་པོ་བྱུང་བའི་ཚེ། །ནུབ་ཕྱོགས་ཀརྞའི་རྒྱལ་པོ་ཡིས། །

མ་ག་དྷར་ནི་དམག་དྲངས་པས། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །

རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་པོ་གཞན་དུ་ཁྱེར། །

ཁྱོད་ལ་ཞེ་སྡང་མི་མངའ་བས། །ཀོ་ལོང་མ་མཛད་སྙིང་རྗེ་འཁྲུངས། །

གཡུལ་ལོག་ཚེ་ན་དམག་མི་བསྐྱབས། །ཕྱི་ནས་བླ་མས་འདུམས་མཛད་དེ། །

འཚོ་བའི་ཡོ་བྱད་མ་གཏོགས་པ། །ཡོ་བྱད་ལྷག་མ་མེད་པར་བཏང་། །

ལུས་དང་སྲོག་ལ་མ་གཟིགས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །

དེ་གཉིས་འདུམས་ནས་མཛའ་བོར་མཛད། །

ཅེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། ཀརྞའི་ཡུལ། འདི་ནི་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་པ་དང༌། རྒྱ་གར་ཤར་ཕྱོགས་པཱ་ལའི་རྒྱལ་རབས་ཉམས་རྒུད་དུ་སོང་སྟེ་རྒྱལ་པོ་ནེརྱ་པཱ་ལས་སྲིད་དབང་བཟུང་སྐབས་ནུབ་ཕྱོགས་ཀརྞའི་རྒྱལ་པོས་མ་གྷ་དྷར་དམག་དྲངས་ཏེ་གྲོང་ཁྱེར་བཟུང་མ་ཐུབ་པའི་དབང་གིས་དམག་དཔུང་ནང་པའི་གནས་གཞི་ཡོད་སར་དྲངས་ཏེ་ནང་པའི་ལྷ་ཁང་དང་དགོན་པར་གནོད་པ་ཆེན་པོ་བྱས་པ་དང༌། རྗེས་སུ་དམག་ཕམ་ནས་ཀརྞའི་ཕྱོགས་ཀྱི་མི་མང་པོ་གསོད་པར་ཉེ་སྐབས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཆུ་བོ་གངྒཱ་ལ་ཐེངས་མང་པོ་ཕར་བརྒལ་ཚུར་བརྒལ་མཛད་ནས་བར་འདུམ་གནང་བའི་ལོ་རྒྱུས་རྣམ་ཐར་ནང་གསལ་བ་དེ་ཡིན། ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྒྲུབ་ཐབས་ཀུན་བཏུས། ༼ཐ༽ ཤིང་པར་དཔེ་རིང་། ཤོག་གྲངས་ ༡༠༠ན༦

[2] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[4] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༣༡ ནས ༣༤༡ བར།

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༧ ནས་ ༧༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *