ལྔ་པ། དཔལ་ལྡན་ཟླ་བ་གྲགས་པའི་ ༼ཙནྡྲ་ཀིརྟིཿ༽ རྣམ་ཐར།
ཀ༽ དཔལ་ལྡན་ཟླ་བ་གྲགས་པའི་མཚན་ཐོགས་ཚུལ།

དེ་ཡང་པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པར་གྲགས་པའི་དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[1]།
དཔལ་ལྡན་ཟླ་བ་གྲགས་པ་ཡི། །མཚན་ཙམ་ཐོས་པས་ཚེ་རབས་ཀུན། །
རྨོངས་པའི་མུན་པ་སེལ་མཛད་ཅིང་། །ཡེ་ཤེས་སྟེར་བ་ངོ་མཚར་ཆེ། །
ཞེས་གསུངས་པ་ལྟར་སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཙནྡྲ་ཀིརྟིཿ (चन्द्रकीर्ति) (Candrakīrti) དང་། རྒྱའི་སྐད་དུ། (月稱-月称菩萨) ལེགས་སྦྱར་གྱི་ཙནྡྲ་ཀིརྟིཿཞེས་པ་བོད་སྐད་དུ་བསྒྱུར་ན། ཟླ་བ་གྲགས་པ་སྟེ། དེ་ཡང་ཙནྡྲ་ཟླ་བ་དང་། ཀིརྟིཿགྲགས་པ་ལ་འཇུག་པས་ཟླ་བ་གྲགས་པ་ཞེས་བྱ། འོན་ཀྱང་ཙནྡྲཿཞེས་པ་ཚིམ་བྱེད་དང་། ཙནྜཿརུང་ཁུས་ཟ་བའི་དོན་དང་། དེ་བཞིན་ཀཱིརྟིཿཁང་བཟང་དང་། ཀཱིརྟི་བརྗོད་པ། ཀིརྟི་ཕྲེང་བར་བསྟར་བ་སོགས་ལ་འཇུག་ཚུལ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་དུ་[2]གསལ་བ་ལྟར། དབྱངས་ཅན་གྲུབ་པའི་རྡོ་རྗེས་ (1809-1887) མཛད་པའི་དཀའ་གནད་གསལ་བའི་མེ་ལོང་ལས[3]།
ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །
དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །
ཞེས་གསུངས་པ་ལྟར་དེ་དག་ལ་རྣམ་བཅད་དང་། རིང་ཆ་ཡོད་མེད་སོགས་ཆ་ཤས་ཕྲ་མོ་ཞིག་གིས་ཀྱང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས་མ་ནོར་བ་མཛད་གལ་ཆེའོ།།
སྤྱིར་ཟླ་བ་ཞེས་པའི་ཐ་སྙད་འདི་ནི། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མ་ཡིག་ཨང་ (P.T.1287) ལས[4]། བོད་ཀྱི་སྤུ་རྒྱལ་ནི་ཉི་མ་དང་འདྲའ། རྒྱ་རྗེ་ནི་ཟླ་བ་དང་འདྲ་སྟེ། ཞེས་བྱུང་བས། སྐབས་དེར་བོད་ཀྱི་དམངས་ཁྲོད་དུའང་དགུང་གི་ཉི་ཟླ་གཉིས་དཔེར་བླངས་ཏེ་གཏམ་མམ་མགུར་བཞེངས་སྲོལ་ཡོད་ཅིང་། ཉི་ཟླ་གཉིས་རྒྱུ་སྐར་གཞན་དང་འདྲ་ཡང་འོད་ཀྱི་ཚད་ནི་ཐ་དད་ཡིན་པ་གོང་གི་ཡིག་ཆར། རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱང་། གནམ་མཐའ་འོག་ཏུ་འོད་ཐ་དད་དོ། །ཞེས་བོད་རྒྱལ་ཁྲི་འདུས་སྲོང་གི་སྐབས་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་། རྒྱའི་དམག་དཔོན་ཧྲང་ཧྲུའུ་ཝང་ཞའོ་ཅེ་གཉིས་མདོ་སྨད་མཚོ་སྔོན་ཕྱོགས་སུ་དམག་འཐབ་སྐབས་ཀྱི་མགུར་ཚིག་ལས་ཤེས་ནུས་སོ།།
གཞན་ཡང་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ལས[5]།
ཚོགས་གཉིས་རྒྱ་མཚོའི་དཔལ་ལས་ལེགས་འཁྲུངས་ཤིང་། །ལུང་རྟོགས་ཆ་ཤས་ཡོངས་རྫོགས་ཟླ་བ་ནི། །
རྣམ་དག་གྲགས་པའི་འོད་དཀར་དྲ་བ་ཅན། །ཐུབ་བསྟན་ཀུ་མུད་གཉེན་ཁྱོད་རྒྱལ་གྱུར་ཅིག །
ཅེས་མཚནམ་སྒྲ་དང་བཅས་བསྟོད་ཕྱག་མཛད་པ་ལྟར། སློབ་དཔོན་འདི་ཉིད་ཀྱི་མཚན་ལ་ཟླ་བ་གྲགས་པ་ཞེས་པ་ནི། དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས་པ་ཞིག་ཡིན་པ་ལས། རང་ཅག་བོད་མིས་བརྗོད་སྲོལ་ཡོད་པ་ལྟར། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་ (1808-1887) མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་ལས[6]།
མ་འོངས་པ་ཡི་མདུན་མ་བསུ། །མ་འོངས་པ་ཡི་མདུན་བསུས་ན། །
ཟླ་བ་གྲགས་པའི་ཕ་དང་འདྲ། །
ཞེས་གསུངས། དེ་ཡང་། སྔོན་མི་དབུལ་པོ་ཞིག་གིས་ནས་མང་དུ་རྙེད་པ་སྣོད་དུ་བླུགས་ནས་སྟེང་དུ་བཏགས། ཁོ་རང་དེའི་འོག་ཏུ་ཉལ་ནས་ད་ངས་ནས་འདི་ལ་གཞི་བྱས་ལོངས་སྤྱོད་མང་པོ་འོང་། དེ་ཚེ་ཆུང་མ་ཞིག་ཀྱང་བསུས། དེར་བུ་ཞིག་ཀྱང་ངེས་པར་སྐྱེ་སྟེ་དེའི་མིང་གང་འདོགས་སྙམ་ཙ་ན་ཟླ་བ་ཤཪ་བྱུང་བས་ངས་བུ་དེའི་མིང་ཟླ་བ་གྲགས་པར་གདགས་སོ་སྙམ་པའི་སྐབས་ནས་སྣོད་ཀྱི་ལུང་བྱི་བས་ཟོས་ཏེ་ཆད་ནས་ཁོ་རང་གི་སྟེང་དུ་ལྷུང་བས་བསད་པ་ཡིན། ཞེས་པའི་གཏམ་རྒྱུད་དང་འབྲེལ་ནས་ཟླ་བ་གྲགས་པའི་མཚན་ཐོགས་སྟངས་ཀྱང་། རང་རེ་བོད་ན་ཟླ་བ་ཤར་བའི་མཚན་མོ་ཞིག་ལ་དཔལ་ལྡན་ཟླ་བ་གྲགས་པའི་ཡབ་ཀྱིས་ནམ་མཁར་གཟིགས་ནས་ཐོག་མར་ཞིང་ལས་གནང་སྟེ་འབྲུ་རིགས་བསྒྲུབས། དེ་ནས་ཁྱིམ་གཞིས་བཟུང་ནས་བུ་ཞིག་སྐྱེ་བར་བྱས་ཏེ། བུའི་མིང་ལ་ཟླ་བ་གྲགས་པ་ཞེས་བཏགས་ན་སྙམ་པའི་བསམ་བློ་བཏང་ཚུལ་དེ་དག་ནི་དྲན་རྒྱུ་རྒོད་ཅིང་། ཁ་བདེའི་རིགས་ཀྱིས་བཟོས་པ་ཞིག་ལས་དོན་ལ་མི་གནས་ཏེ། ཟླ་བ་གྲགས་པ་ཞེས་པ་ནི། དཔལ་ནཱ་ལེནྡྲར་སློབ་དཔོན་གྱི་མཚན་གྱི་ཆ་ཤས་སློབ་མར་འདོགས་སྲོལ་ཡོད་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པའི་མཁན་པོའི་མཚན་ལ་ཟླ་བ་མགོན་པོ་ཡིན་ལ། དེའི་དྲུང་ནས་རབ་ཏུ་བྱུང་བས་མཁན་པོའི་མཚན་ཟུར་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་མཚན་འདོགས་གནང་མཛད་པ་ནི་བདེན་གཏམ་ལགས་ཤིང་། གཞན་ཡང་མཚན་མཁན་དང་། དབང་ཕྱུག་གིས་ལུང་བསྟན་གཉིས་ལས་ཀྱང་ཟླ་བ་གྲགས་པ་ཞེས་མཚན་གསོལ་བ་ཡིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༣
[2] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༧
[3] དཀའ་གནད་གསལ་བའི་མེ་ལོང་། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༠༩ ལོ། ཤོག་གྲངས་ ༡༤
[4] གནའ་རབ་བོད་ཀྱི་ཡིག་ཆ་གཅེས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༦༡
[5] ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སོགས། པོད། ༼༡༽ དབུ་མེད་བྲིས་མ། དཔེ་རིང་། ཤོག་ ༢༨༠བ༢
[6] ཀུན་བཟང་བླ་མའི་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༣ ནས་ ༣༩༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།