༢༽ རྒྱ་ཡིག་ཐོག་གསལ་བའི་རྣམ་ཐར།
འོ་ན་སློབ་དཔོན་སངས་རྒྱས་བསྐྱངས་བྱོན་ཡུལ་རྒྱ་ནག་རི་བོ་རྩེ་ལྔ་ཡིན་པ་དང་། རྣམ་རྒྱལ་མའི་གཟུངས་མཆོག་ཀྱང་ལེགས་སྦྱར་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་བ། བོད་ཡིག་ཏུ་གསལ་བའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་སོགས་ལ་རྒྱའི་ཡིག་ཆའི་ཁུངས་གང་ཞིག་ཡོད་ཅེ་ན། དེ་ཡང་རྒྱ་ནག་གི་སུང་རྒྱལ་རབས་[1]སྐབས་སུ་བརྩམས་པའི་ཡིག་ཆའི་[2]ནང་ཇི་ལྟར་འབྱུང་བ་བཞིན་བོད་བསྒྱུར་[3]ཞུས་པ་གཤམ་གསལ།
ཀུན་མཁྱེན། དཔལ་གྱི་རྣམ་རྒྱལ་མའི་གཟུངས་འདི་ཐོས་མཁན་གྱི་སྐྱེ་བོ་ཡོད་ན། རྣ་བས་ཐོས་ཙམ་ཉིད་ནས་ཚེ་རབས་སྔོན་མར་བསགས་པའི་དམྱལ་བར་ལྷུང་བྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཀུན་མཁྱེན། གལ་ཏེ་གཞུང་འདི་བཀླགས་ཙམ་བྱེད་མཁན་གྱི་སྐྱེ་བོ་བྱུང་ཚེ། སྐྱེ་བོ་དེ་ཉིད་ངན་སོང་གསུམ་དུ་སྐྱེ་བྱེད་དུ་གྱུར་པའི་སྡིག་སྒྲིབ་ཐམས་ཅད་ཤུལ་མེད་དུ་བྱང་བར་འགྱུར་ལ། སངས་རྒྱས་བྱང་སེམས་ཇི་སྙེད་བཞུགས་པའི་ཞིང་ཁམས་དང་། སུམ་རྩེན་གྱི་གཞལ་ཡས་ཁང་ཡོད་དོ་ཅོག །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས་བྱོན་པའི་ཆོས་སྒོ་ཐམས་ཅད་ལ་བདེ་བླག་ཏུ་སླེབས་ཐུབ།
ཕྱི་ལོ་ ༦༧༦ སྐབས་དེར་ཐང་གི་རྒྱལ་རྒྱུད་གསུམ་པ་ཐང་ཀའོ་ཙུང་[4]གིས་རྒྱལ་སྲིད་སྐྱོང་བཞིན་ཡོད་ཅིང་། ལོ་འདིར་གོང་མ་ལིའི་ཀྲིས་ལ་ཁྲག་ཤེད་ཀྱི་ནད་གཞི་ཕོག་པ་སྔར་ལས་ཚབས་ཆེར་གྱུར། ཁོང་བློན་ཆེན་རྣམས་དང་གྲོས་གླེང་གནང་མཐར། རྒྱལ་སྲིད་རང་ཉིད་ཀྱི་བཙུན་མོ་ཝུའུ་ཙེའི་ཐེན་ལ་སྤྲོད་རྒྱུའི་གྲོས་ཆོད་བྱུང་། འོན་ཀྱང་རྒྱལ་པོའི་གནང་ལུགས་དེར་ངོ་རྒོལ་བྱེད་མཁན་ཧ་ཅང་ཁྱོན་ཆེ་བྱུང་བར་བརྟེན་བཙུན་མོ་ཝུའུ་ཙེ་ཐེན་ཡང་གོང་མའི་གསེར་ཁྲིར་འཁོད་ཐུབ་པ་བྱུང་མེད་ལ[5]། ལོ་དེར་རྒྱ་གར་ནས་ཕེབས་པའི་རབ་ཏུ་བྱུང་བ་ཞིག་དཀའ་ཚེགས་ཁྱད་བསད་ཀྱིས་ལ་ཀླུང་མང་པོ་བརྒྱབ་སྟེ་རྒྱ་ནག་གི་ཧྲན་ཤིས་ཡུལ་དུ་ཆགས་པའི་རི་བོ་རྩེ་ལྔར་ཕེབས་པ་དང་། ཁོང་གི་མཚན་ལ་སངས་རྒྱས་བསྐྱངས་ཞེས་ཞུ་ཞིང་། ཁོང་ཉིད་རི་བོ་རྩེ་ལྔར་ཕེབས་པའི་དམིགས་ཡུལ་ནི། གསུང་རབ་མང་དག་ཏུ་གསལ་བའི་དྭངས་བསིལ་རི་བོར་བཞུགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་མཇལ་གྱི་སླད་དུ་ཕེབས་པ་ཡིན།
ལོ་རྒྱུས་དེབ་ཐེར་ནང་ཁོང་གི་སྐོར་ལ། དཀའ་ངལ་མི་འཛེམས། ལ་ཀླུང་མང་བརྒལ། གནས་བཟང་མང་ཆས། གནས་བདག་གཙོ་མཇལ། ཞེས་ཅུང་ཟད་ཙམ་ལས་འཁོད་མེད། འོན་ཀྱང་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱི་གནས་མཇལ་གྱི་བརྒྱུད་རིམ་ལ་བལྟས་ཚེ། ལམ་རྒྱུད་དེ་ནི་ཉེན་ཁ་དང་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ། མཐར་ཁོང་ཉིད་རི་བོ་རྩེ་ལྔར་བྱོན་པར་མ་ཟད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱང་ཞལ་མཇལ་བྱུང་མོད། འོན་ཀྱང་ཁོང་གི་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ནི། རྗེ་བཙུན་འཇམ་དབྱངས་ཀྱིས་ཁོང་ལ་གསུངས་པའི་གསུང་གི་ཐོག་མ་ནི་ལོག་རྒྱུགས་ཞེས་པ་དེ་ཡིན། སངས་རྒྱས་བསྐྱངས་རི་བོ་རྩེ་ལྔར་དད་བརྩོན་ཧ་ཅང་ཆེན་པོའི་ངང་ཕྱག་མཆོད་མཛད་ནས་བཞུགས་པ་ནི། གཅིག་ཏུ་ན་སློབ་དཔོན་སངས་རྒྱས་ཀྱིས་ཐུགས་དད་ཧ་ཅང་ཆེན་པོས། རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་འདི་ལྟར་འདེབས་གནང་ཡོད་ལས་ཆེ།
ན་མོ་མཉྫུ་ཤྲི་ཡེ། ཤེས་རབ་ཀྱི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་གནས་འདིར་གཤེགས་སུ་གསོལ། ད་སྐབས་ཀྱི་སྐྱེ་བོ་དག་འཕྲལ་གྱི་བདེ་སྐྱིད་ཐུང་ངུ་དེ་མ་གཏོགས་ཐར་པའི་བདེ་བར་བརྩོན་མཁན་ཤིན་ཏུ་དཀོན་ནོ། །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་ཁོང་ནི་ལོ་ངོ་ཆིག་སྟོང་ལྷག་གི་སྔ་རོལ་ནས་མྱང་འདས་ཀྱི་ཚུལ་བསྟན་ཟིན་ལ། དགྲ་བཅོམ་པའི་གོ་འཕང་རིན་པོ་ཆེ་ཐོབ་པ་རྣམས་ཀྱང་ད་སྐབས་འཇིག་རྟེན་ཁམས་སུ་བཞུགས་མེད། མ་གཞི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འགྲོ་དྲུག་གི་བདེ་སྡུག་ལ་གཟིགས་ནས་ཡོད་ཀྱང་། བདག་ཅག་ལས་སྒྲིབ་ཤིན་ཏུ་མཐུག་པའི་རྐྱེན་གྱིས་ཁོང་རྣམས་མཇལ་བའི་སྐལ་བ་མ་ཐོབ། འོན་ཀྱང་ཤེས་རབ་ཀྱི་དབང་ཕྱུག་ཁྱེད་ནི། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཁྱེད་ལ་དག་པའི་ཞིང་ཞིག་ཡོད་ཅེས་སྟོན་པས་དངོས་སུ་གསུངས་པས། ཁྱེད་ཉིད་ད་ལྟ་རི་བོ་རྩེ་ལྔའི་གནས་མཆོག་ཁྱད་པར་ཅན་འདིར་རྒྱལ་སྲས་ལྔ་བརྒྱར་བཀའ་ཆོས་གསུངས་བཞིན་བཞུགས་ཡོད། དེ་ཕྱིར་རྗེ་བཙུན་ཁྱེད་ཀྱིས་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། བདག་ལའང་རྨོངས་མུན་སེལ་བའི་ལམ་བཟང་སྟོན་དུ་གསོལ། ཞེས་གུས་བརྩེ་ཆེན་པོས་སྤྱན་ཆབ་ཕྱུང་བཞིན་གསོལ་བ་བཏབ་བོ།།
སུང་རྒྱལ་རབས་ཀྱི་མཁན་ཆེན་བྱུང་རབས་པོད་གཉིས་པར་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་འཁོད་གསལ། སྐབས་དེ་དུས་ཁོང་གིས་རི་ཁུག་ནས་རྒན་པོ་ཞིག་ཕེབས་པ་གཟིགས་ཤིང་། རྒན་པོ་དེར་རྒྱ་རིགས་ཀྱི་ངོ་རིས་ཡོད་ཀྱང་། ཞལ་ནས་གསུངས་པའི་སྐད་ནི་སྒྲ་ཤིན་ཏུ་དག་པའི་བྲམ་ཟེའི་སྐད་རེད་འདུག །རྒན་པོས་དེ་སྐད་གསུངས། ཁྱོད་གནས་འདིར་གང་ཞིག་བྱེད་དུ་འོངས་ཞེས་གསུངས་པས། གུས་པས་ལ་ཀླུང་མང་པོ་བརྒྱབ་སྟེ། རི་བོ་རྩེ་ལྔར་རྗེ་བཙུན་འཇམ་དཔལ་དབྱངས་མཇལ་དུ་བཅར་བ་ཡིན་ཞེས་ཞུས། འོ་ན་ཁྱོད་ཀྱིས་དཔལ་གྱི་གཙུག་ཏོར་རྣམ་རྒྱལ་མའི་གཟུངས་ཁྱེར་ཡོད་དམ་ཞེས་བཀའ་འདྲི་གནང་བ་སངས་རྒྱས་བསྐྱངས་ཀྱིས་གསན་རྗེས་འཐོམས་ཙམ་གནང་། གུས་པ་རྗེ་བཙུན་འཇམ་དབྱངས་མཇལ་བར་བཅར་བ་ཙམ་ལས། དཔེ་ཆ་གཞན་ཁྱེར་མེད། ཅེས་ཞུས་པས་རྒན་པོས་དབུ་གཡུགས་ཙམ་གནང་སྟེ། དེ་སྐད་གསུངས། རྒྱ་ནག་ཡུལ་གྱི་འགྲོ་བས་སྡིག་སྒྲིབ་ཚབས་པོ་ཆེ་བསགས་ཡོད་ལ། གྲྭ་སར་ཡོད་པའི་རབ་བྱུང་ཕོ་མོ་ཚོས་ཀྱང་ཚུལ་འཆལ་གྱི་ལྟུང་བ་མང་དུ་བསགས་ཡོད་པས། དཔེ་ཆ་དེས་འགྲོ་བའི་སྡིག་ལྟུང་དག་པར་ཕན་རླབས་ཤིན་ཏུ་ཆེན་པོ་ཡོད། ཁྱེད་ཀྱིས་དཔེ་ཆ་དེ་མ་ཁྱེར་བར་འདིར་ཅི་བྱེད་དུ་འོངས། ཁྱོད་ལ་འཇམ་དབྱངས་དངོས་ཀྱི་ཞལ་མཇལ་བྱུང་ཡང་ཅི་ཕན། ཞེས་གསུངས་བཞིན་དུ་རྒན་པོ་དེས་ཕྱག་མཛུབ་ནུབ་ཕྱོགས་སུ་བསྟན་གནང་སྟེ། ལོག་རྒྱུགས། རྒྱ་གར་ལ་ལོག་རྒྱུགས། དཔེ་ཆེ་དེ་ཁྱེར་ནས་རྒྱ་ནག་ཏུ་ཤོག །དེ་ནི་སངས་རྒྱས་བྱང་སེམས་རྣམས་ལ་འབུལ་བའི་མཆོད་པའི་རབ་ཡིན་ལ། འགྲོ་དོན་མཛད་ཐབས་བཟང་ཤོས་ཤིག་ཀྱང་ཡིན། དཔེ་ཆ་དེར་གཤིན་པོའི་ཡར་འདྲེན་དང་། ངན་སྐྱོབ་ཀྱི་བྱིན་རླབས་ཁྱད་པར་ཅན་ལྡན་པས། སངས་རྒྱས་ཀྱི་སྐུ་དྲིན་གསོ་ཕྱིར་ཁྱོད་ཀྱིས་དེ་ལྟར་བྱེད་དགོས། ཁྱེད་རང་དཔེ་ཆ་ཁྱེར་ནས་སླེབས་དུས། ངས་རྗེ་བཙུན་གྱི་བཞུགས་གནས་བསྟན་ཆོག་ཅེས་གསུངས། སངས་རྒྱས་བསྐྱངས་དགའ་སྐྱོ་འདྲེས་མའི་ངང་རི་བོ་རྩེ་ལྔར་སྐུ་ཕྱག་ཕུལ་ནས་ཡར་བཞེངས་སྐབས་རྒན་པོ་དེ་ཉིད་གར་སོང་ཆ་མེད་དུ་གྱུར་པས། ཁོང་ཧ་ལས་ཤིང་དད་མོས་སྔར་ལས་ལྷག་པ་སྐྱེས།
སངས་རྒྱས་བསྐྱངས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་གཟུངས་དཔེ་བསྣམས་ནས་བསྐྱར་དུ་རྒྱ་ནག་ཕྱོགས་སུ་ཐོན། ངའི་ངོས་ནས་ཡིག་འབྲུ་དེ་དག་འབྲི་བར་སྐར་མ་གཅིག་ཙམ་ལས་མི་འགོར་ཡང་། སངས་རྒྱས་བསྐྱངས་ཀྱི་ངོས་ནས་དེ་ཕྱག་བསྟར་གནང་བར་ལོ་གསུམ་ལྷག་ཙམ་དུས་འགོར་བྱུང་། ཁོང་རྒྱ་ནག་གི་ས་གཞིའི་ཐོག་ཕྱི་ལོ་ ༦༧༩ ཞབས་སོར་འཁོད་པའོ།།
ཐང་རྒྱལ་རབས་ཀྱི་ཁྲིམས་ལུགས་ལྟར་ན། རྒྱ་གར་གྱི་ཆོས་དཔེ་ཁག་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་བར་ངེས་པར་དུ་གོང་མའི་ཆོག་མཆན་ཐོབ་དགོས་པས། སངས་རྒྱས་བསྐྱངས་ཀྱིས་གོང་མར་སྙན་ཞུ་ཡང་ཡང་ཕུལ་མཐར་གཞི་ནས་གོང་མ་མཇལ་ཐུབ་པ་བྱུང་ཞིང་། ཁོང་གིས་གོང་མར་གཟུངས་དེའི་ཁྱད་འཕགས་ཀྱི་ཡོན་ཏན་དུ་མ་བརྗོད་ནས། གཟུངས་དེ་རྒྱ་ཡིག་ཏུ་སྒྱུར་འདོད་ཀྱི་རེ་འདུན་ཡང་ལན་འགའ་ཞུས། སངས་རྒྱས་བསྐྱངས་ཀྱི་ཆོད་སེམས་བརྟན་པོ་དེས་གོང་མ་སེམས་འགུལ་ཐེབས་ཏེ། རྒྱ་ཡི་བླ་མ་ཐེག་གསུམ་ཉི་ཟེར་ཞུ་བ་ཞིག་དང་། ཏུང་ལུའུ་དགོན་པའི་མགྲོན་དཔོན་ཏུའུ་ཞིང་ཐའུ་གཉིས་པོ་སངས་རྒྱས་བསྐྱངས་ཀྱི་ཕྱག་རོགས་སུ་མངགས་ནས་ཕོ་བྲང་ནང་གཟུངས་དཔེ་དེ་བསྒྱུར་དགོས་པའི་བཀའ་ཕབ་པ་ལྟར་སྐུ་ངལ་ཁྱད་བསད་ཀྱིས་རྒྱ་སྒྱུར་གནང་སྟེ་ལོ་ཙཱའི་ཕྱག་ལས་མཇུག་བསྒྲིལ་བས། སངས་རྒྱས་བསྐྱངས་ཐུགས་སྤྲོ་བའི་ངང་བསྒྱུར་ཡིག་རྒྱ་ནག་གོང་མར་ཕུལ་བས་གོང་མས་དགྱེས་འཛུམ་ངང་ཁོང་ལ་གདེང་འཇོག་གནང་། འོན་ཀྱང་གོང་མས་དེ་རྗེས་བཤད་པའི་སྐད་ཆ་དག་ནི་སངས་རྒྱས་བསྐྱངས་ཀྱི་དབུ་ལ་དབྱུག་པ་ཞུས་པ་ལྟ་བུ་ཞིག་བྱུང་། ཁྱེད་ལ་རས་བུབ་ཁྲི་སུམ་ཅུ་སྤྲད་ཆོག །དཔེ་ཆ་ཕོ་བྲང་ནང་འཇོག་དགོས་པ་ལས་ཕོ་བྲང་གི་ཕྱི་ལ་བསྣམས་མི་ཆོག་ཅེས་བཤད། སྐབས་དེར་གཅིག་བྱས་ན་སངས་རྒྱས་བསྐྱངས་ཀྱི་ཐུགས་ལ་འདི་ལྟར་དགོངས་སྲིད།
ལོ་གསུམ་ལྷག་ཙམ་འགྲུལ་བཞུད་ཀྱི་ངལ་བའི་ཁྲོད་དུ་དུས་འདས་པ་ཡིན་ལ། དཔེ་ཆ་སྒྱུར་སྐབས་སུའང་བརྡ་སྤྲོད་དང་ཚིག་སྦྱོར་གང་ཐད་ལ་དཀའ་བ་གྲངས་མེད་སྤྱད་པ་ཡིན། ད་ལྟ་དེའི་ལན་དུ་རས་སྣ་འགའ་ཞིག་ལས་མེད་ཟེར་བ་ཕར་ཞོག །མཐའ་ན་གསེར་སྲང་སྲང་ཁྲི་སུམ་བརྒྱ་སྤྲད་ཀྱང་ང་ལ་མི་དགོས། ལོ་རྒྱུས་དེབ་ཐེར་ནང་དེ་ལྟར་འཁོད་ཅིང་། སྐབས་དེར་སངས་རྒྱས་བསྐྱངས་སྤྱན་ཆབ་དྲག་པོ་ཤོར། དེ་བཞིན་དུ་ཁོང་གིས་དེ་སྐད་གསུངས། གོང་མ་རིན་པོ་ཆེ། བདག་གིས་སྲོག་ཉེན་ལ་མ་འཛེམས་པར་དཔེ་ཆ་བསྒྱུར་བ་ནི་འགྲོ་བ་རྣམས་ལ་ཕན་ཕྱིར་ཡིན། ད་ལྟ་གོང་མ་ཉིད་ནས་དཔེ་ཆ་བསྒྱུར་མ་དེ་ཕྱིར་ཁྱབ་སྤེལ་ཐད་བཀག་འགོག་གནང་ན། མཐའ་ཡས་འགྲོ་བར་ཇི་ལྟར་ཕན། དེ་ཕྱིར་གོང་མ་རིན་པོ་ཆེས་ཕྱག་དཔེ་བདག་ལ་ཕྱིར་སྤྲོད་གནང་རོགས་ཞེས་ཞུས་པ་གོང་མས་དེ་གསན་རྗེས་ཁྲོ་གཉེར་བསྟན་ཙམ་བྱས། གོང་མའི་ངོས་ནས་བརྗོད་ན། གསུང་རབ་ཡིག་སྒྱུར་གྱི་ལོ་ཙཱའི་ལས་གཞི་ནི་ནམ་རྒྱུན་ནས་ཕོ་བྲང་གི་མ་དངུལ་ནས་མཁོ་འདོན་དང་ལས་རིམ་བཀའ་བཀོད་གནང་བཞིན་ཡོད་པས། ཕྱག་དཔེ་ཡིག་སྒྱུར་ཟིན་རྗེས་ཀྱི་འགྲོ་ལུགས་ཐད་དོ་དམ་བྱེད་པའི་དབང་ཆ་ལོས་ཡོད་སྙམ་གྱི་ཡོད་སྟབས། གོང་མ་དང་སངས་རྒྱས་བསྐྱངས་ཀྱི་དགོངས་ཚུལ་ཐ་དད་ཡིན་སྲིད། གོང་མས་སངས་རྒྱས་བསྐྱངས་འཇམ་རྩུབ་ཀྱི་ཐབས་ཤེས་ཇི་ལྟར་བྱས་ཀྱང་སངས་རྒྱས་བསྐྱངས་ཀྱི་ཆོད་སེམས་ལ་འགྱུར་བ་སྤུ་ཙམ་ཐེབས་མེད། སངས་རྒྱས་བསྐྱངས་ཀྱིས་ཕྱག་དཔེ་ཕྱིར་བཞེས་མ་ཐུབ་ན་ཤི་དགོས་བྱུང་ཡང་ཕོ་བྲང་ནས་གོམ་གང་ཕྱིར་ཤོལ་མི་བྱེད་པའི་རྣམ་པ་སྟོན་པར་མཛད་པས་གོང་མ་ཡང་ཅི་བྱ་གཏོལ་མེད་དུ་གྱུར། མཐར་བསྒྱུར་མ་འདིར་ཞོག་ལ་མ་དཔེ་ཁྱེར་རྒྱུགས་ཞེས་བཀའ་བཏང་། སངས་རྒྱས་བསྐྱངས་ཕོ་བྲང་ནས་ཞལ་གྱེས་ཏེ་ཕྱིར་ཕེབས་སྐབས། ཁོང་གི་ཕྱག་ཏུ་མ་དཔེ་གཅིག་ལས་མེད་ཀྱང་སྟབས་ལེགས་པ་ཞིག་ལ། ཁོང་གིས་ཉིན་མཚན་འགའ་ཤས་རིང་སྐུ་ལས་བསྐྱོན་ནས་བསྒྱུར་ཐུབ་པའི་ཚིག་དོན་གནད་འགག་ཅན་རྣམས་ད་དུང་ཆད་ལྷག་མེད་པར་ཁོང་གི་ཐུགས་ངོར་བརྟན་པོར་ངེས་གནང་ཡོད།
དེ་ནས་ཁོང་ཤིལ་མིང་དགོན་དུ་ཕེབས་ཤིང་། དགོན་པ་དེ་ནི་ཐང་རྒྱལ་རབས་སྐབས་ཀྱི་སྙན་གྲགས་ཆེས་ཆེ་བའི་སྒྲ་བསྒྱུར་ལོ་ཙཱའི་གླིང་ཞིག་ཡིན་པར་མ་ཟད། ཉི་ཧོང་གི་གསང་སྔགས་སྲོལ་གཏོད་པ་པོ་མཁན་པོ་ཁུང་ཧའི་ ༼རྒྱ་མཚོ་སྟོང་པར་གོ༽ ཡང་སྔ་དུས་སུ་སྒྲ་བསྒྱུར་གླིང་དེར་བཞུགས་མྱོང་ཡོད། ཤིལ་མིང་དགོན་དུ་ཧྲུན་ཀྲན་ཞུ་མཁན་གྱི་ལེགས་སྦྱར་སྐད་ལ་ཤིན་ཏུ་བྱང་ཆུབ་པའི་དགེ་འདུན་པ་ཞིག་ཡོད། སངས་རྒྱས་བསྐྱངས་དགོན་དེར་ཕེབས་རྗེས་ཧྲུན་ཀྲན་ཁོང་གི་ཕྱག་རོགས་གཞོན་པར་གྱུར་ཞིང་། ཁོང་དང་ཧྲུན་ཀྲན། དེ་བཞིན་རྒྱ་ཡུལ་གྱི་ཕུལ་བྱུང་དགེ་འདུན་འགས་མཉམ་རུབ་ཀྱིས་དཔལ་གྱིས་རྣམ་རྒྱལ་མའི་གཟུངས་བསྐྱར་དུ་བསྒྱུར་གནང་བ་དང་། གསར་དུ་བསྒྱུར་བའི་རྒྱ་དཔེ་དེ་ཉིད་ཐོག་མའི་བསྒྱུར་མ་དང་བསྡུར་ན་ཚིག་འགའ་ཤས་ཀྱི་བརྗོད་སྟངས་ཐད་ཁྱད་པར་ཡོད་པ་ལས་དེ་མིན་ཁྱད་པར་གཞན་མ་མཆིས། དེ་རྗེས་རྒྱ་དཔེ་བསྒྱུར་མ་དེ་ཡང་རྒྱ་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ནང་ཡོངས་སུ་ཁྱབ་ཅིང་། དཔེ་ཆའང་བསྒྱུར་ཟིན་པས་ད་ནི་འགྲོ་བའི་དུས་སུ་སླེབས། དེ་ནས་སངས་རྒྱས་བསྐྱངས་ཀྱིས་ཐོག་མའི་མ་དཔེ་བསྣམས་ཏེ་རི་བོ་རྩེ་ལྔར་ཕེབས། དེ་རྗེས་སུས་ཀྱང་ཁོང་མཇལ་མ་མྱོང་ལ། ལོ་རྒྱུས་དེབ་ཐེར་ནང་འཁོད་གསལ། ཕྱག་དཔེ་བསྣམས་ཏེ་རི་བོ་རྩེ་ལྔར་ཕེབས་རྗེས་གར་སོང་ཐད་མི་གསལ་ལོ།།
དེ་ནས་ལོ་ཟླ་མང་པོ་འདས་ཏེ། གོང་མ་ཐང་ཐའི་ཙུང་གི་སྐུ་དུས་སུ། ལྷོ་ཕྱོགས་ཡུན་ཧྥེང་དགོན་པ་ནས་མཚན་ལ་ཧྥ་ཀྲོ་ཞུ་བའི་རབ་བྱུང་བ་ཞིག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་ཤིང་། ཁོང་གིས་མཚན་གང་རྡོ་རྗེ་བྲག་ཕུག་ཏུ་སྐུ་ཕྱག་ཕུལ་ཏེ། རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་མཇལ་ཐུབ་པའི་སྨོན་ལམ་བཏབ་པས། གློ་བུར་དུ་ཁོང་གི་སྤྱན་སྔར་སྐུ་གཟུགས་ཆེ་ལ་རིང་བའི་རྒྱ་གར་གྱི་དགེ་འདུན་པ་ཞིག་འཆར། དགེ་འདུན་དེས་རང་ཉིད་ནི་སངས་རྒྱས་བསྐྱངས་ཡིན་ཞེས་གསུངས་ནས། ཧྥ་ཀྲོ་ལ་རྐང་ལྷམ་ཕུད་ནས་མིག་བཙུམས་ཤིག་གསུངས། ཧྥ་ཀྲོ་ཡིས་དེ་ལྟར་གནང་ནས་སྤྱན་གདངས་རྗེས་བཀོད་པ་ལེགས་ཤིང་། བརྗིད་ཉམས་དོད་པའི་ལྷ་ཁང་ཞིག་གཟིགས་པ་དང་། ལྷ་ཁང་གི་སྒོ་བྱང་དུ་རྡོ་རྗེ་པྲཛྙཱའི་གླིང་། ཞེས་འཁོད་ཡོད། དགོན་པའི་སྒོ་རའི་ནང་བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ལྷག་བཞུགས་ཡོད་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་བྱང་སེམས་ཀུན་གྱི་དབུས་གཙོར་བཞུགས་ཏེ་ཆོས་གསུང་བཞིན་ཡོད། རྗེ་བཙུན་གྱིས་འཛུམ་ཞལ་སྟོན་པ་གནང་སྟེ་ཧྥ་ཀྲོ་ལ་སློབ་སྟོན་སྩལ་བར་མ་ཟད། ད་དུང་བཟའ་བཏུང་ཡང་གང་ལེགས་གསོལ་སྩལ་གནང་། མཐར་སངས་རྒྱས་བསྐྱངས་ཀྱིས་ཧྥ་ཀྲོ་ཕྱི་ལ་བསྐྱལ། དགོན་པའི་ཕྱིར་རྐང་ལྷམ་སྔར་ལྟར་རང་སར་གནས་ཡོད། ཧྥ་ཀྲོ་རྐང་ལྷམ་གྱོན་རྗེས་སླར་ཕྱི་བལྟས་གཟིགས་སྐབས་སངས་རྒྱས་བསྐྱངས་དང་། ཉམས་དགའ་བའི་དགོན་སྡེ་དང་བཅས་པ་གར་སོང་ཆ་མེད་དུ་གྱུར། ཞེས་བྱུང་ངོ་།།
གཞན་ཡང་སངས་རྒྱས་བསྐྱངས་ཀྱིས་གསུང་རབ་བསྒྱུར་རྗེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་བཟང་མཇལ་བ་དང་། བོད་བརྒྱུད་ནང་བསྟན་གྱི་ཤོད་སྲོལ་ལྟར་ན། སངས་རྒྱས་བསྐྱངས་ཁོང་ཉིད་ཞི་བྱེད་ཀྱི་སྲོལ་གཏོད་པ་པོ་ཕ་དམ་པ་སངས་རྒྱས་སམ་ཀ་མ་ལ་ཤཱི་ལ་ཞེས་བཞེད་སྲོལ་ཡོད་པར་མ་ཟད། ལ་ལས་སངས་རྒྱས་བསྐྱངས་དང་། ཕ་དམ་པ་སངས་རྒྱས། དེ་བཞིན་རྒྱ་ནག་གི་དྷ་མོ་མཁན་ཆེན་བཅས་ནི་གང་ཟག་གཅིག་ཡིན། ཞེས་ཤོད་སྲོལ་ཡང་འདུག །ཅེས་རྒྱའི་ཡིག་ཆར་གསལ་ལོ།།
དེ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་དུས་རབས་གསུམ་པ་བཞི་པར་བྱོན་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་དུས་རབས་བརྒྱད་པ་དང་། ཕ་དམ་པ་སངས་རྒྱས་དུས་རབས་བཅུ་གཉིས་པའི་ནང་བྱོན་པས་གོང་གསལ་རྒྱ་ནག་ཏུ་བྱོན་པའི་ལོ་ཚིགས་ལྟར་ན། སློབ་དཔོན་འདི་གསུམ་གའི་ལོ་ཚིགས་དང་མཐུན་དཀའ་བར་གྱུར་ཀྱང་། ཕྱི་ལོ་ ༤༧༤ ལོར་བྱོན་པ་ལྟར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བྱོན་ལོ་དང་འགྲིག་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སུང་རྒྱལ་རབས་ནི་ཕྱི་ལོ་ ༩༧༠ ནང་བཙུགས་པར་བརྟེན་དུས་རབས་ ༡༠ ནས་དུས་རབས་ ༡༢ བར་ཡིན་འདུག
[2] https://mp.weixin.qq.com/s/rBav2AUCnjDNcdnAsjHV1Q
[3] གཞིས་བཞུགས་ཆུ་མིག་བསྟན་འཛིན་ལུང་རྟོགས་ཀྱིས་ ༢༠༡༦ ཟླ་ ༡༠ ཚེས་ ༢༨ ལ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའོ།།
[4] ཐང་ཀའོ་ཙུང་གི་མིང་ལ་ལིའི་ཀྲིས་ཟེར་བ་དང་། ཐང་ཐའི་ཙུང་ལིའི་ཧྲིས་མིན་གྱི་བུ་ཡིན།
[5] ལོ་དེར་རྒྱལ་པོས་ཁྲི་ལོའི་མཚན་རྟགས་ཀྱང་ཡིལ་ཧེངས་སུ་བསྒྱུར་བ་རེད། ཝུའུ་ཙེའི་ཐེན། རྒྱ་ནག་ལོ་རྒྱུས་ཐོག་བྱུང་བའི་རྒྱལ་མོ་དང་པོ་ཡིན་ལ། གཅིག་པུ་དེའང་ཡིན། ཁྲི་ལོའི་མཚན་རྟགས་ནི་རྒྱ་ནག་གི་ལུགས་ལྟར་ན། རྒྱལ་པོ་རེ་རེར་ཁྲི་ལོའི་མཚན་རྟགས་མི་འདྲ་བ་འདོགས་སྲོལ་ཡོད་པ་དང་། སྤྱིར་བཏང་རྒྱལ་པོ་གསར་པ་ཁྲི་ལ་འགོད་ཐེངས་རེར་ཁྲི་ལོའི་མཚན་རྟགས་རེ་བརྗེ་སྲོལ་ཡོད།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༧ ནས་ ༢༡༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།