གཞན་དང་མི་འདྲ་བའི་ནང་ཆོས་ཀྱི་ཁྱད་ཆོས།

གཞན་དང་མི་འདྲ་བའི་ནང་ཆོས་ཀྱི་ཁྱད་ཆོས།

 

༄༅། །ནང་པའི་ཆོས་ཞེས་པ་ནི། དད་པ་གཅིག་པུའི་ཐོག་ནས་འགྲོ་རྒྱུ་ཞིག་ཆགས་མེད། སྔོན་རྒྱ་གར་གྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་མང་པོས་བདར་ཤ་བཅད་ནས་རྟག་པ་རང་བྱུང་གི་སྐྱེས་བུ་འདོད་ན་སྐྱོན་གང་ཞིག་ཡོད་པ་བགྲོ་གླེང་བྱེད་པ་དང་། དེ་བཞིན་འཁོར་འདས་ཀྱི་བདེ་སྡུག་མྱོང་མཁན་གྱི་ཕུང་པོ་ལས་དོན་གཞན་པའི་བདག་ཅེས་པ་ཞིག་བཤད་ན་འགལ་འདུ་གང་འདྲ་ཡོད་པ་དེ་རིགས་ཧ་ཅང་ཞིབ་ཚགས་ཀྱིས་རྒྱ་གར་མཁས་པའི་གཞུང་དུ་གཏན་ལ་ཕབ་ནས་ཡོད།

དེས་ན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དག་གིས་མཛད་པའི་གཞུང་དེ་དག་ཡག་པོ་ཞིག་ཤེས་ན་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ཡིན། འདིར་སྟོན་པ་བཅོམ་ལྡན་འདས་ཀྱི་མཚན་བྱང་ལ། བདག་ཅག་གི་སྟོན་པ་སྟེ་ང་ཚོའི་སྟོན་པ་ཞེས་བཀོད་འདུག །ངོས་ལྟར་ན་སྨྲ་བ་ཟླ་མེད་པའི་སྟོན་པ་ཤཱཀྱ་སེངྒེ་ཞེས་བརྗོད་ན་འགྲེལ་བཤད་རྒྱག་རྒྱུ་ཡོད། དེ་མིན་ང་ཚོའི་སྟོན་པ་ཞེས་བརྗོད་ན་ཧིན་དྷུ་དག་གིས་ང་ཚོའི་སྟོན་པ་ཞེས་བརྗོད་ཆོག་ལ། ཁ་ཆེ་དག་གིས་ཀྱང་ང་ཚོའི་སྟོན་པ་ཞེས་བརྗོད་ཆོག །ང་ཚོ་སྨྲ་བ་ཟླ་མེད་པ་སྟེ། འཛམ་གླིང་འདིའི་ཐོག་གི་སྟོན་པ་ཚང་མས་འགྲོ་བ་མི་ལ་ཕན་ཐོགས་མཛད་ཡོད་ལ། མཛད་རྗེས་ཀྱང་ཧ་ཅང་ཆེན་པོ་རེད། མི་མང་པོར་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་འགྲེལ་བཤད་རྒྱག་སྐབས་འགལ་འདུའི་ཕུང་པོ་ཡིན་པ་ཞིག་ཕལ་ཆེར་ཆགས་ཡོད། དེས་ན་སངས་རྒྱས་པའི་ཆོས་ནི་དེ་ལྟ་བུའི་འགལ་འདུ་གཏན་ནས་མེད་པ་ཞིག་ཆགས་ཡོད། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་བང་རིམ་ཞིག་བསྒྲིགས་སྐབས་གཞན་དང་མི་འདྲ་བ་ཞིག་རེད་འདུག །དེང་སྐབས་ཚན་རིག་གི་ཐོག་ནས་ཀྱང་གཞི་བདེན་པ་གཉིས་ཞེས་པ་དེ་ཏག་ཏག་ར་འཕྲོད་པ་ཞིག་ཡོང་གི་ཡོད། སྣང་ཚོད་ཙམ་མིན་པར་ཡིན་ལུགས་ཀྱི་གནས་ཚུལ་བརྩད་གཅོད་བྱེད་རྒྱུ་དང་། སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡོད་པ་ཚན་རིག་པས་ཀྱང་བརྗོད་ཀྱི་ཡོད། དེས་ན་སངས་རྒྱས་པའི་ཆོས་དེ་དངོས་གནས་གཞན་དང་མི་འདྲ་བ་ཞིག་རེད་འདུག

ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སྩལ་བའི་བཀའ་སློབ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *