༣) ནཱ་ལེནྡྲ་ཕྱི་ལོའི་དུས་རབས་ལྔ་པར་བཞེངས་པའི་སྒྲུབ་བྱེད།

༣) ཕྱི་ལོའི་དུས་རབས་ལྔ་པར་བཞེངས་པའི་སྒྲུབ་བྱེད།

 

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་དང་། ཀུ་མརཱ་གུཔྟས་བཞེངས་པ། རྒྱལ་པོ་འཇིག་རྟེན་ཉི་མས་བཞེངས་པ། རྒྱལ་པོ་གཽ་པཱ་ལས་བཞེངས་པ་སོགས་འདོད་ཚུལ་མི་མཐུན་པ་མང་དུ་མཆིས་པ་ལས། ནཱལཱནྡཱའི་དགོན་གནས་འདི་ཉིད་རྒྱ་གར་ནང་ཤེས་རིག་དར་རྒྱས་ཀྱི་ཕུལ་བྱུང་དུས་རབས་སུ་བགྲང་བའི་གུཔྟའི་དུས་རབས་སུ་བྱུང་བ་ཞིག་ཡིན་པ་ནི།

ནཱ་ལཱནྡཱ་ཞིབ་འཇུག་ལས[1]། ཡང་དེང་དུས་ཀྱི་ལོ་རྒྱུས་ཉམས་ཞིབ་མཁས་ཅན་[2]དེ་རིགས་ཀྱིས་གུཔྟའི་རྒྱལ་པོ་ཤཀྲཱ་དིཏྱའི་ (Sakraditya) མཐུན་འགྱུར་ལ་བརྟེན་ནས་ནཱལཱནྡཱའི་ཆོས་སྡེ་བཞེངས་པ་ཡིན་ཚུལ་ཐང་སན་ཙང་གི་ལམ་ཡིག་ལ་ཁུངས་གཏུགས་ནས་བཤད་ཡོད། ཐང་སན་ཙང་གི་ལམ་ཡིག་བོད་ཡིག་ནང་ཡོད་པ་དེ་དང་། དབྱིན་ཡིག་ནང་ལུང་འདྲེན་བྱེད་བཞིན་པ་དེ་གཉིས་ཀར་མི་འདྲ་ས་ཅུང་ཙམ་ཡོད་འདུག །ཡིན་ན་ཡང་། ནཱལཱནྡཱ་བཞེངས་མཁན་དེ་སངས་རྒྱས་སྦས་པའི་མི་ཐོག་གོང་མ་ (སངས་རྒྱས་སྦས་པའི་ཡབ་བམ་ཡང་ན་ཨ་ཁུ།) དེ་ཡིན་པ་གཅིག་མཐུན་དུ་གསལ་ཡོད།

དེང་དུས་མཁས་པས་[3]ཞིབ་འཇུག་བྱས་པར་རྒྱ་ནག་གི་གནས་སྐོར་བ་ཧྥ་ཤཱན་གྱིས་རྒྱ་གར་གྱི་གནས་དང་དགོན་པ་མང་པོའི་སྐོར་གསུངས་ཡོད་ན་ཡང་ནཱལཱནྡཱར་གཙུག་ལག་སློབ་གཉེར་ཁང་ཞིག་ཡོད་ཚུལ་ཅི་ཡང་མ་གསུངས་པ་དང་། ཐང་སན་ཙང་གིས་སངས་རྒྱས་སྦས་པའི་ཡབ་ཀྱིས་བཞེངས་ཚུལ་གསུངས་པར་ཁུངས་གཏུགས་ནས་ནཱལཱནྡཱ་དུས་རབས་ལྔ་པའི་ནང་བཞེངས་སྐྲུན་བྱས་པ་ཞིག་ཡིན་ཚུལ་གསུང་གི་ཡོད། ཡིན་ན་ཡང་བསམ་ཞིབ་བྱེད་དགོས་པ་ཞིག་ནི། ཐང་སན་ཙང་གི་ལམ་ཡིག་བོད་ཡིག་མར་ནཱལཱནྡཱ་གསར་བཞེངས་གནང་ནས་ཁོང་གི་སྐུ་དུས་བར་ལོ་ ༡༠༠༠ ལྷག་སོང་ཚུལ་གསུངས་པ་དང་། སངས་རྒྱས་སྦས་པའི་ཡབ་ཀྱིས་བཞེངས་ཚུལ་བཤད་པ་[4]གཉིས་ཡིག་བསྒྱུར་སྐབས་ནོར་འཛོལ་བྱུང་མེད་ན། ནང་འགལ་ཡིན་པར་ཐེ་ཚོམ་མེད་པ་ཞིག་རེད། དེ་ཡང་ཡིན་ཏེ། ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་ཚུགས་ནས་ཐང་སན་ཙང་རྒྱ་གར་དུ་མ་སླེབས་བར་ལོ་ ༡༠༠༠ ལྷག་སོང་བ་དང་། དང་ཐོག་གསར་བཞེངས་བྱས་ནས་བཙུན་པ་ཐང་སན་ཙང་རྒྱ་གར་དུ་སླེབས་སྐབས་ཀྱི་ནཱལཱནྡཱའི་སྦྱིན་བདག་གནང་མཁན་བར་རྒྱལ་པོ་བཞི་ལས་མ་སོང་བ་ལྟ་བུ་ཞིག་གསུངས་འདུག་པས། དེ་ཅུང་ཙམ་ཡིད་ཆེས་དཀའ་བ་ཞིག་ཡིན་ཁར། ལོ་སྟོང་ཙམ་སོང་ཟེར་བ་དང་། ནཱལཱནྡཱ་གསར་བཞེངས་བྱེད་མཁན་སངས་རྒྱས་སྦས་པའི་ཡབ་ཡིན་ཚུལ་གསུངས་པ་གཉིས་ཀྱི་བར་དུས་ཚིགས་ཀྱི་ཆ་ནས་ཀྱང་ལོ་ངོ་ ༥༠༠ ལྷག་གི་འགལ་བ་འབྱུང་གི་ཡོད། དཔེར་ན། ལོ་ཀཱ་དེཏྱ་སྟེ་འཇིག་རྟེན་ཉི་མའི་ལོ་ཚིགས་གསལ་པོ་མ་ཤེས་ཀྱང་། ལམ་ཡིག་ནང་སངས་རྒྱས་སྦས་པའི་ཡབ་ཡིན་ཚུལ་གསུངས་པ་དང་། ལོ་རྒྱུས་གཞན་དུ་[5]སངས་རྒྱས་སྦས་པ་ཀུ་མ་ར་གུཔྟའི་ཚ་བོ་ཡིན་ཚུལ་གསལ་བར་གཞིགས་ན། ཀུ་མཱ་ར་གུཔྟ་དང་ལོ་ཀཱ་དེཏྱ་གཉིས་སྤུན་ཡིན་དགོས་པས། ཁོང་གཉིས་དུས་ཚོད་གཅིག་མཚུངས་ཤིག་གི་ནང་བྱུང་བར་ཐེ་ཚོམ་མེད།

དེ་ལྟར་ཡིན་ན། ཀུ་མཱར་གུཔྟ་ནི་ལོ་རྒྱུས་ཕལ་མོ་ཆེར་ཕྱི་ལོ་ (415-455) བར་དང་། བུདྡྷ་གུཔྟ་ (476-496) བར་བྱུང་བའི་ངོས་འཛིན་བྱེད་པར་བརྟེན། ལོ་ཀཱ་དེཏྱ་ཡང་དེའི་ཡར་སྔོན་མིན་སྟབས་ཁོང་ནཱལཱནྡཱ་གསར་བཞེངས་བྱེད་མཁན་ཡིན་དབང་དུ་བཏང་ཡང་དུས་རབས་ལྔ་པའི་ནང་གི་མི་ཡིན་པས་ནཱལཱནྡཱ་གསར་བཞེངས་བྱས་ནས་ཐང་སན་ཙང་བར་ལོ་གཅིག་སྟོང་འགྲོ་ཚུལ་གཏན་ནས་མེད་པས། ཐང་སན་ལམ་ཡིག་རྒྱ་ཡིག་མར་དེ་འདྲ་ཡོད་ཚེ་ཁོང་གི་ཐུགས་མཉམ་མ་བཞག་པར་ཤོར་བ་དང་། རྒྱ་ཡིག་ནང་མེད་ཚེ་ལོ་ཙཱ་བས་བསྒྱུར་ཉེས་ཡིན་ངེས་སྙམ་པས་ཀློག་པ་པོས་དེ་ལུགས་དགོངས་བཞེས་གནང་རོགས།

ཡང་དེང་དུས་ཀྱི་ཉམས་ཞིབ་མཁས་པའི་ངོས་འཛིན་བྱས་གསལ་ལ། རྭ་ལོའི་རྣམ་ཐར་དུ་ཤཀྲཱདིཏྱ་ཞེས་བྱུང་བ་དང་། གུཔྟའི་རྒྱལ་རབས་ནང་གི་ཀུ་མ་རཱ་གུཔྟ་དང་པོ་དེ་གཉིས་མི་གཅིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་སྟབས། དེང་དུས་ཀྱི་ཉམས་ཞིབ་བྱས་འབྲས་སུ་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གསར་བཞེངས་བྱེད་པོ་གུཔྟའི་རྒྱལ་རབས་ནང་གི་ཀུ་མ་རཱ་གུཔྟ་དང་པོ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེས་ན་དེ་དག་གི་ལོ་ཚིགས་རགས་ཙམ་བཀོད་ན། ཀུ་མརཱ་གུཔྟ་ (415-455) དང་། དེ་རྗེས་ཀུ་མ་རཱ་གུཔྟའི་ཚ་བོ་བུདྡྷ་གུཔྟ། (476-496) དེ་མཚུངས་ཏ་ཐཱ་ག་ཏ་གུཔྟ། བཱ་ལཱ་དིཏྱ་ (467-473) བཅས་ཀྱི་སྲིད་འཛིན་ལོ་དུས་དུས་རབས་ལྔ་པའི་ནང་བྱུང་བ་ཞིག་ཡིན། ཐང་སན་ཙང་གི་ལམ་ཡིག་ནང་སྒྱུ་མའི་ཉི་མ་ཞེས་གསལ་བ་ (བྷུ་རཱ་དེཏྱ།) འདིའི་སྐབས་སུ་ཐང་སན་ཙང་རྒྱ་གར་དུ་སླེབས་པ་དང་། ཁོང་དང་མཆོད་ཡོན་དུ་གྱུར་པ་ཞིག་ཡིན། ཡང་དགེ་ཆོས་ཀྱིས་རྒྱལ་པོ་འདིས་ (ཀུ་མཱར་གུཔྟ།) ནཱལཱནྡཱའི་གཙུག་ལག་ཁང་ཆེར་བསྐྱེད་པའི་འགོ་བཙུགས་པ་ཡིན་གྱི་དགོན་གནས་ནི་སྔར་ནས་ཡོད་པར་སེམས་[6]ཞེས་གསུངས་ཡོད།

དེ་ལྟར་ཉམས་ཞིབ་བྱས་ཚེ་ཇོ་ནང་ཏཱ་ར་ནཱ་ཐས་ཁོང་རང་གི་སློབ་དཔོན་བུདྡྷ་གུཔྟ་དང་། སུནི་རྦཱ་ཎ་ཤྲཱི། པུརྞ་བཛྲ་རྣམས་ཀྱི་གསུང་གཞིར་བཞག་ནས་མཛད་པའི་རྒྱ་གར་ཆོས་འབྱུང་ནང་།[7] དེ་ལྟར་ན་ནཱལཱནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པོ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །ཞེས་སྡོམ་ཚིག་ཏུ་མཛད་པ་དེ་ནི་ནཱལཱནྡཱའི་དུས་ཚོད་བརྩི་སྟངས་སྔ་ཤོས་དེ་ཡིན་ལ། ཡང་གུཔྟའི་རྒྱལ་རབས་བཞི་པ་ཀུ་མཱར་གུཔྟའམ་ཡང་ན་འཇིག་རྟེན་ཉི་མས་གསར་བཞེངས་མཛད་ཚུལ་དེ་ལོ་ཚིགས་བརྩི་སྟངས་ཉུང་ཤོས་དེ་རེད།

མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[8]། དགའ་བ་འཕེལ་གྱི་སྐབས་གཞུང་ལུགས་དང་བློ་གྲོས་ཀྱི་བྱ་བ་ཤིན་ཏུ་རྒྱ་ཆེན་པོ་བྱས་ཡོད་འདུག་ཅིང་། དགོན་སྡེ་ཁག་དང་། རི་ཁྲོད་ཁག་ནི་ཐོས་བསམ་གྱི་བསྟི་གནས་ཡིན། དཔལ་ནཱ་ལནྡཱ་སོགས་གཙུག་ལག་སློབ་ཁང་ཆེན་མོ་ཁག་ཡོད། ལོ་རྒྱུས་མཁན་ཚོས་བཞེད་པ་ལྟར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་དེ་སྐནྡ་གུཔྟས་ (ཞི་བ་སྦས་པ་ 455-467) བཏབ་པ་ཡིན་ཅིང་། དགའ་བ་འཕེལ་གྱི་སྐབས་སུ་འཛམ་གླིང་ལ་ཡོངས་སུ་གྲགས་པ་ཞིག་ཡིན་ལ། དགའ་བ་འཕེལ་གྱི་གཟིགས་སྐྱོང་འོག་ད་དུང་གཙུག་ལག་ཁང་དེ་ཉིད་རྒྱལ་སྤྱིའི་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་གྱུར་པ་རེད། ཅེས་བཤད་སྲོལ་འདུག་ཀྱང་། གཙུག་ལག་ཁང་དེ་སུས་བཏབ་པ་ཡིན་མིན་སྐོར་སྔར་བཤད་ཟིན་ལ། གཞན་རྣམས་བདེན་པར་སྣང་། ཞེས་བྱུང་ངོ་།།

(King Harshavardhana (606 A.D to 647 A.D.) Born: 590 AD)

༼རྒྱལ་པོ་ཤྲི་ཧར་ཤ་སྟེ་རྒྱལ་པོ་དགའ་བ་འཕེལ་ལམ་ (Harshavardhana) ནི་ཕྱི་ལོ་ 588-647 བར།༽

 

དེ་ལྟར་ཆོས་རྒྱལ་དགའ་བ་འཕེལ་ལམ་ཧརྵ་ཝ་དྷ་ན་ནི། ཡབ་འོད་ཟེར་འབྱུང་གནས་འཕེལ་དང་། ཡུམ་གྲགས་ལྡན་མ་གཉིས་ཀྱི་སྲས་སུ་རྒྱ་གར་བྱང་ཕྱོགས་ཐཱནེ་ཤྭར་ཞེས་པའི་གྲོང་ཁྱེར་དུ་ཕྱི་ལོ་ ༥༨༨ ལོར་འཁྲུངས་ཤིང་། དུས་རབས་བདུན་པའི་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་རྒྱལ་ཕྲན་ཆེ་བ་གཅིག་གྱུར་གྱིས་རྒྱལ་ཁབ་གསར་འཛུགས་གནང་། ཁོང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་རྒྱ་སྐྱེད་གནང་སྟེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་དང་། སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་སློབ་ཚན་སྣ་མང་ལྡན་པ་སོགས་གོང་འཕེལ་དུ་བཏང་སྟེ། འཛམ་གླིང་ཡོངས་ལ་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཁང་ཞིག་ཏུ་གྱུར། རྒྱལ་པོ་རང་ཉིད་ཀྱང་མཁས་པ་ཆེན་པོ་ཞིག་ཡིན་པས། ཁོང་གི་འཁོར་དུ་མཁས་པ་མང་དུ་ཡོད་པ་དེ་དག་ལའང་གཟིགས་རྟོགས་ཆེན་པོ་གནང་། རྒྱལ་པོ་དགའ་བ་འཕེལ་གྱིས་ཟློས་གར་གྱི་བསྟན་བཅོས་གསུམ་མཛད་ཡོད་པ་ནི་རིན་ཆེན་ཕྲེང་བ་དང་། མཐོང་ན་དགའ་བའམ་ལྟ་ན་སྡུག་དང་། ཀླུ་ཀུན་ཏུ་དགའ་བ་གསུམ་ཡིན་ལ། གཞན་ཡང་ཁོང་གིས་བྱང་ཆུབ་སེམས་དཔའ་སྤྲིན་ལ་བཞོན་གྱི་རྟོགས་བརྗོད་ཚིག་ལྷུག་མ་ཞིག་ཀྱང་ལྗགས་རྩོམ་མཛད་ཡོད། མཐར་ཕྱི་ལོ་ ༦༤༧ ལོར་ཞི་བར་གཤེགས་པའོ།།[9]

མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[10]། གལ་ཆེ་བ་ཞིག་ལ་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་དེ་སུས་ཕྱག་བཏབ་པའི་སྐོར་འདོད་ཚུལ་མི་འདྲ་བ་མང་བས་མགོ་བོ་རྨོངས་པ་ཙམ་ཞིག་འདུག །དེང་དུས་ཀྱི་རྒྱ་གར་བྱུང་རབས་སྨྲ་བ་འགའ་ཤས་ཀྱིས་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་ཆེན་པོ་དེ་ནི་གུཔྟའི་རྒྱལ་པོ་ཀུམཱར་གུཔྟ་སྟེ་གཞོན་ནུ་སྦས་པ་ཡིས་གཞི་བཏིང་ནས་བཞེངས་པ་དང་། དཔལ་ལྡན་དགའ་བའི་ལྷའི་རྒྱལ་སྲིད་སྐབས་ཤིན་ཏུ་དར་བའི་སྐབས་ཡིན་ཞེས་བཤད་པ་དེ་ལྟ་ན་གཙུག་ལག་ཁང་འདི་ཡེ་ཤུའི་དུས་རབས་ལྔ་པའི་ནང་བཞེངས་པ་ཡིན་དགོས་ཏེ་ཀུམཱར་གུཔྟ་དེ་དུས་རབས་ལྔ་པའི་ནང་བྱུང་ཡོད་པ་རེད། འོན་ཀྱང་ང་ཚོ་བོད་ཀྱི་བཤད་ཚུལ་ལྟར་ན། ནཱ་ལནྡཱའི་གཙུག་ལག་ཁང་དེ་ཐོག་མར་མྱ་ངན་མེད་ཀྱིས་བཞེངས་ཤིང་། བར་དུ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད་ཀྱིས་ཆོས་གཞི་དར་བར་མཛད། སྒྲ་གཅན་འཛིན་བཟང་པོས་རྒྱས་པར་མཛད། ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་མཛད་ཅེས་འདོད་པ་ཡིན། འགའ་ཤས་ཀྱིས་གཙུག་ལག་ཁང་འདི་མཐོ་བཙུན་གྲུབ་སྐུ་མཆེད་ཀྱིས་བཞེངས་པ་ཡིན་ཞེས་ཟེར།

ས་གནས་འདི་ནི་ཤཱ་རིའི་བུ་འཁྲུངས་པའི་གནས་ཡིན་པས་གནས་དེར་དུས་རྟག་ཏུ་གལ་ཆེའི་ལྷ་ཁང་ངམ། གཙུག་ལག་ཁང་སོགས་ཡོད་པར་ངེས་ཤིང་། མྱ་ངན་མེད་ཀྱི་དུས་དེར་ལྷ་ཁང་ངམ་རྟེན་ངེས་པར་དུ་ཡོད་ཅིང་། དེ་ནས་རིམ་བཞིན་ཡར་རྒྱས་སྣ་ཚོགས་བཏང་ཡོད་པར་ཐེ་ཚོམ་མེད། འོན་ཀྱང་གཙུག་ལག་སློབ་ཁང་ཆེན་མོ་ཞིག་གི་ངོ་བོར་གུཔྟའི་རྒྱལ་སྲིད་སྐབས་གྱུར་ཡོད་པ་སྲིད་པས། དེའི་སྔོན་གཙུག་ལག་ཁང་ཡོད་ཀྱང་གཙུག་ལག་ཁང་ཆེན་མོ་མེད་ཅེས་བརྗོད་ཆོག་པར་སེམས། འོན་ཀྱང་ད་དུང་དཔྱད་པར་བྱའོ། །ཞེས་ཀྱང་བྱུང་ངོ་།།

བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[11]། ནཱ་ལེནྡྲ་ནི་རྒྱ་གར་གྱི་ཤར་ནཱ་ལེནྡྲ་དགོན་པ། དུས་རབས་ལྔ་པ་ནས་དྲུག་པའི་འགོར་རྒྱ་གར་མ་ག་དྷ་རྒྱལ་ཁབ་ལ་བཏབ། རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་ནཱ་ལེནྡྲར་མཁས་པ་སྒོ་དྲུག་གི་དུས་སྨད་ཙམ། ཞེས་བྱུང་། དེས་ན་རྒྱ་གར་རང་གི་རྒྱལ་རབས་ལོ་རྒྱུས་དང་། མགོན་པོ་ཀླུ་སྒྲུབ་སོགས་ཀྱི་རྣམ་ཐར་ཆེས་སྔ་ཤོས་དེ་ཚོའི་ནང་ནཱལཱནྡཱའི་སྐོར་ཅི་ཡང་མི་གསལ་སྟབས། རང་རེ་བོད་མི་ཚོས་ནཱལཱནྡཱའི་གཙུག་ལག་ཁང་ཆེས་སྔ་མོ་ཞིག་ནས་ཡོད་ལུགས་ཤོད་ཚུལ་དེ་ཁུངས་སྐྱེལ་བྱེད་མི་ཐུབ་པ་ཞིག་རེད། ད་ཕན་གྱི་བོད་རིགས་མཁས་པ་ཕལ་མོ་ཆེས་མགོན་པོ་ཀླུ་སྒྲུབ་སོགས་ནཱལཱནྡཱ་ནས་མཁས་པར་གྱུར་པ་ཤ་སྟག་ཡིན་ཚུལ་བཤད་པ་དེའི་ཐད་དམིགས་ཕུག་པའི་ཞིབ་འཇུག་བྱས་པ་དཀོན་ན་ཡང་། ཉེ་དུས་ཀྱི་མཁས་དབང་དགེ་ཆོས་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ཐུབ་བསྟན་མཆོག་སྒྲུབ་བཅས་ཀྱིས་གསལ་བཤད་ཅུང་ཙམ་བྱས་ཡོད་པ་དཔེར་ན། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[12]། ཀུ་མ་རཱ་གུཔྟའི་རིང་གཙུག་ལག་སློབ་གྲྭར་གྱུར་པ་ལས་དགོན་གཞི་སྔོན་ནས་ཡོད་པར་འདོད་པ་དང་། ཡང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཀུ་མཱར་གུཔྟས་གསར་བཞེངས་མཛད་པར་འདོད་པ་ལྟ་བུ་ཡིན། དེ་ལྟར་ཕྲན་གྱིས་ཀྱང་དུས་ཡུན་གང་འཚམ་རིང་ཞིབ་འཇུག་བྱས་པར་ནཱལཱནྡཱའི་དགོན་སྡེ་དེ་ཉིད་ཕྱི་ལོའི་དུས་རབས་ལྔ་པའི་ནང་གཞི་ནས་བྱུང་བ་ཞིག་ལས། དེའི་ཡར་སྔོན་དཔལ་ནཱལཱནྡཱ་ནས་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་སློབ་གཉེར་དང་འཛིན་སྐྱོང་བྱས་པ་ཕར་ཞོག་དགོན་སྡེ་དེ་ཉིད་རྩ་བ་ནས་མེད་པ་རྒྱུ་མཚན་ཁུངས་བཙུན་ཁ་ཤས་ཡོད་པ་འདིར་དྲངས་ན།

གཅིག་ (Kumarajiva C. 344-413) ཀུ་མཱ་ར་ཇི་བ་[13]ཁོང་གིས་རྒྱ་གར་ནས་སློབ་གཉེར་བྱས་ཏེ་མཁས་གྲུབ་གཉིས་ལྡན་གྱི་དཔལ་འཛོམས་པའི་དུས། ཕྱི་ལོ་ ༣༨༢ ལོ་ནས་ཁོང་འཕགས་ཡུལ་དང་ཁ་བྲལ་ནས་ལི་ཡུལ་དུ་ཕེབས་པ་དང་། དེ་རྗེས་ཕྱི་ལོ་ ༣༨༥ ལོར་ཁོང་ལེང་ཀྲའུ་རུ་གདན་འདྲེན་ཞུས་ཤིང་། དེ་ནས་ཕྱི་ལོ་ ༤༠༡ ལོར་རྒྱ་ནག་གི་རྒྱལ་ས་ཤིས་ཨན་ནམ་ཁྲང་ཨན་དུ་ཕེབས་ནས་ནང་ཆོས་དར་སྤེལ་གནང་། སྐབས་དེ་ཙམ་ཞིག་ལ་ཁོང་གིས་མཛད་པའི་འཕགས་པ་ཀླུ་སྒྲུབ་དང་། ཨཱརྱ་དེ་བ། རྟ་དབྱངས། ཐོགས་མེད་སྐུ་མཆེད་བཅས་ཀྱི་བྱུང་རབས་ཤིག་བྲིས་ཡོད་པ་དེའི་ནང་། ཁོང་ཚོ་སུ་གཅིག་ཀྱང་ནཱལཱནྡཱར་འབྲེལ་བ་ཡོད་མཁན་མེད་པ་དེ་ཉིད། ཁོང་རྣམ་པའི་དུས་སུ་ནཱལཱནྡཱའི་དགོན་སྡེ་མེད་པ་གསལ་བཤད་བྱས་པར་ངོས་འཛིན་བྱེད་ཆོག །གང་ལགས་ཤེ་ན། རང་རེའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་བྱུང་བ་ཇི་བཞིན་མགོན་པོ་ཀླུ་སྒྲུབ་སོགས་ནཱལཱནྡཱར་འབྲེལ་བ་ཡོད་ན་ཁོང་རྣམ་པའི་མཛད་རྣམ་འདིར་ཅིས་ཀྱང་ཡོང་དགོས་པའི་ཕྱིར་རོ།།[14]

གཉིས། ཕྱི་ལོའི་དུས་རབས་བཞི་པའི་མཇུག་ ༣༩༩ ལོར་ཁྲང་ཨན་ནས་ཐོན་ཞིང་། ༤༠༥ ཙམ་ལ་རྒྱ་གར་དུ་སླེབས་པའི་རྒྱ་ནག་ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་ནཱལཱནྡཱར་སླེབས་ཀྱང་། དེར་དགོན་སྡེ་ཞིག་ཡོད་ཚུལ་གཏན་ནས་མི་གསལ་བར་མ་ཟད། ད་དུང་ནཱལཱནྡཱའི་གྲོང་རྡལ་ཞེས་གསུང་ཚུལ་ལ་བརྟགས་ན་གྲོང་མིང་རང་ལ་ནཱལཱནྡཱ་ཞེས་འབོད་པ་མིན་ནམ་སྙམ་ཞིང་། གང་ལྟར་དེ་སྐབས་ནཱལཱནྡཱ་ཞེས་པའི་ས་དེར་མཆོད་རྟེན་ཞིག་ཡོད་ཚུལ་ལས་གཞན་དགོན་སྡེ་ཞིག་ཡོད་ཚུལ་མ་གསུངས་པ་དེའང་དེ་སྐབས་ད་དུང་ནཱལཱནྡཱ་མེད་པའི་སྒྲུབ་བྱེད་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱེད་ཆོག།

གསུམ། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་ནཱལཱནྡཱ་ཕྱི་ལོའི་དུས་རབས་ལྔ་པའི་ནང་གི་གུཔྟའི་རྒྱལ་པོ་བུདྡྷ་གུཔྟའི་ཁུ་བོ་ཀུ་མཱར་གུཔྟས་གསར་བཞེངས་བྱས་ཟེར་བ་དེ་ཉིད། ཐང་སན་ཙང་གི་ལམ་ཡིག་ནང་སངས་རྒྱས་སྦས་པའི་ཡབ་ལོ་ཀཱ་དེཏྱ་ཞེས་པས་གསར་བཞེངས་མཛད་ཟེར་བ་གཉིས་ཕན་ཚུན་བསྡུར་ན་དུས་ཚོད་ཀྱི་ཆ་ནས་མི་མཐུན་པ་གང་ཡང་མེད་པ་འདིའང་ནཱལཱནྡཱ་ཕྱི་ལོའི་དུས་རབས་ལྔ་པའི་ནང་བྱུང་བར་ངོས་འཛིན་བྱེད་ཆོག་པའི་རྒྱུ་མཚན་ལེགས་པོ་ཞིག་ཡིན།

བཞི། ནཱལཱནྡཱའི་དགོན་ཤུལ་སྔོག་སྐབས་གུཔྟའི་དུས་སྐབས་ལས་སྔ་བའི་དངོས་རིགས་གང་ཡང་རྙེད་རྒྱུ་མེད་ཁར། དངོས་རིགས་ཕལ་མོ་ཆེ་པཱ་ལའི་དུས་སྐབས་ཀྱི་ཡིན་པ་སོགས་ད་ཡོད་དཔྱད་གཞིའི་རྒྱུ་ཆ་དང་འབྲེལ་བའི་ཤེས་བྱེད་ཚད་ལྡན་གང་ལ་གཞིགས་ཀྱང་། ནཱལཱནྡཱའི་དགོན་སྡེ་དེ་ཉིད་ཕྱི་ལོའི་དུས་རབས་ལྔ་པའི་གོང་རོལ་ཏུ་མེད་པ་གཏན་འབེབས་བྱས་ཆོག་པ་ལྟ་བུར་སྣང་ཡང་། ད་དུང་དཔྱད་གཞིའི་ཡིག་ཆའི་ཆ་རྐྱེན་འཛོམས་པ་བྱུང་ན་གྲུབ་དོན་གཞན་ཡང་རྙེད་སྲིད་པས་འདིར་མཐའ་གཅིག་ཏུ་ཁ་ཚོན་བཅད་པ་མིན་ཡང་། ད་ཕན་དཔྱད་ཡིག་ལག་སོན་བྱུང་ཁག་གཞི་ལ་བཞག་པའི་གྲུབ་དོན་ནི་འདི་ལྟར་ལགས། །[15]ཞེས་གསལ་བ་ལྟར་དཔྱད་དགོས་པའི་གནད་ཀྱང་མང་དུ་སྣང་ངོ་།།

གཞན་ཡང་བསོད་ནམས་རྒྱལ་མཚན་གྱིས་རྩོམ་སྒྲིག་གནང་བའི་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་ལས[16]། ཕྱོགས་མང་པོ་ཞིག་ནས་བརྟག་ཞིབ་བྱས་པ་ལྟར་ན། ཐང་ཟན་ཙང་གིས་སྟོན་པ་འདས་ནས་ཅུང་མ་འགོར་བར་བཞེངས་པར་གསུངས་པ་ནི་འཐད་པར་མ་མཐོང་ཞིང་། གུཔྟའི་རྒྱལ་རབས་ཕྱི་མའི་སྐབས་ཀྱི་རྒྱལ་པོ་བྷུརཱ་དེཏྱ་སྟེ་སྒྱུ་མའི་ཉི་མས་བཞེངས་པར་བཤད་པ་བདེན་ཤས་ཆེ་བར་སྣང་། རྒྱུ་མཚན་ནི། ད་ལྟ་མཐོང་ཆོས་སུ་ཡོད་པའི་དཔྱད་གཞི་ཡིག་རིགས་ནང་དུ། དཔལ་ལྡན་ནཱ་ལེནྡྲའི་མཁན་པོའི་ཐོག་མ་ནི་ཡོན་ཏན་བློ་གྲོས་དང་། ཆོས་སྐྱོང་ཡིན་པ་དང་། སློབ་དཔོན་ཆེན་པོ་ཆོས་སྐྱོང་ནི་ཕྱི་ལོ་ ༥༣༠ ནས་ ༥༦༡ ལོའི་བར་འཚོ་གཞེས་ཡོད་ལ། གུཔྟའི་རྒྱལ་རབས་ཕྱི་མ་ནི་ཕྱི་ལོ་ ༥༣༥ ནས་ ༧༣༠ ལོའི་བར་ཡིན་པས་སོ། །ཞེས་གསལ་ལོ།།

ཡང་དེ་ཉིད་ལས[17]། གང་ལྟར་གྲུབ་ཆེན་ས་ར་ཧ་དང་། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ་དང་། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན་སོགས་དགོན་འདིར་ཕེབས་ནས་འཆད་ཉན་སྤེལ་བར་གསུངས་ཡོད། འོན་ཀྱང་ནཱ་ལེནྡྲའི་ཤུལ་ན་ད་ལྟའི་བར་ད་དུང་ཕྱི་ལོའི་རྗེས་ཀྱི་དུས་རབས་བཞི་པའི་སྔོན་གྱི་བརྐོས་ཡིག་སོགས་ཅི་ཡང་རྙེད་པ་བྱུང་མེད་ལ། མིག་སྔར་ས་ལས་ཐོན་པའི་ཆེས་སྔ་བའི་གནའ་རྫས་ནི་རྒྱལ་པོ་གུཔྟའི་སྐབས་ཀྱི་ཟངས་སྡེར་དང་། རྒྱལ་པོ་ཤཀྲཱདིཏྱ་གུཔྟ་སྟེ་གཞོན་ནུ་སྦས་པའི་སྐབས་ཀྱི་དངུལ་ལོར་ཡིན། དེ་བས་ཉེ་རབས་ཀྱི་མཁས་པ་མང་པོས་དགོན་པ་འདི་ནི་ཕྱིའི་ལོའི་དུས་རབས་ལྔ་པའི་རྗེས་ནས་བཏབ་པར་འདོད། འདིའི་སྔོན་དུ་དགོན་པ་ཞིག་བཏབ་ཡོད་ནའང་། མི་རྣམས་ཀྱིས་ཉམས་འཇོག་མི་བྱེད་པའི་དགོན་པ་ཆུང་ཆུང་ཞིག་ལས་མེད། རྒྱུ་མཚན་ནི། གོང་དུ་ཞུས་པའི་ནཱ་ལེནྡྲ་རྒྱ་སྐྱེད་གནང་མཁན་གྱི་རྒྱལ་པོ་དེ་རྣམས་ཚང་མ་དུས་རབས་ལྔ་པ་དང་དྲུག་པའི་སྐབས་ཀྱི་ཡིན་ལ། ཕྱི་ལོ་ ༣༩༩ ནས་ ༤༡༦ ལོའི་བར་རྒྱ་གར་དུ་ཕེབས་པའི་ཧྥ་ཤཱན་གྱིས་ཀྱང་རྒྱལ་པོའི་ཁབ་མཇལ་སྐབས་འཕགས་པ་ཤཱ་རིའི་བུའི་འཁྲུངས་ཡུལ་ཀ་ལ་བི་ན་ཀ་གླེང་བ་ལས་ནཱ་ལེནྡྲའི་སྐོར་ཅི་ཡང་བཤད་མེད།

གཞན་ཀྲི་མིན་གྱི་རྒྱ་གར་ལམ་ཡིག་ཏུའང་ནཱ་ལེནྡྲའི་མཚན་མི་སྣང་། དེ་དག་ལས་ནཱ་ལེནྡྲ་ནི་ཧྥ་ཤཱན་ཏེ་ཆོས་སྣང་རྒྱ་གར་དུ་ཕེབས་པའི་སྐབས་སུ་ད་དུང་བཞེངས་མེད་པ་མཐོང་ཐུབ། ཡིན་ན་ཡང་ཙནྡྲ་གུཔྟ་གཉིས་པའི་སྐབས་སུ་རྒྱ་ནག་གི་བཙུན་པ་ཧྥ་ཤཱན་རྒྱ་གར་དུ་བྱོན་ཞིང་ནཱ་ལེནྡྲར་ཡུན་རིང་བཞུགས། དེའི་ལམ་ཡིག་ཏུ་དེ་དུས་ཀྱི་ཚུལ་ལུགས་ཤིན་ཏུ་ཞིབ་པར་བཤད་ཡོད་པར་མ་ཟད། སིངྒ་ལར་བྱོན་ཏེ་ཡུན་རིང་བཞུགས་པས་སིངྒ་ལའི་ལོ་རྒྱུས་ཀྱང་རྒྱས་པར་གསུངས་ཡོད། ཅེས་གཏམ་རྒྱུད་གསེར་གྱི་ཐང་མར་གསུངས། རྒྱ་ནག་མཁས་པ་ཧྥ་ཤཱན་གྱི་རྒྱ་གར་ལམ་ཡིག་ཏུ་མ་མཐོང་བ་ཞིག་དགེ་ཆོས་ཁོང་གིས་གང་ནས་གཟིགས་པ་ཆ་མ་འཚལ། ཞེས་ཀྱང་གསལ་ལོ།།

རང་ཉིད་ཀྱིས་མ་མཐོང་བའི་དབང་གིས་དགེ་ཆོས་ཀྱིས་ཀྱང་མ་གཟིགས་པར་སྒྲུབ་མི་ནུས་ཏེ། དགེ་ཆོས་ཀྱིས་གསུངས་པ་ལྟར་རྒྱའི་བཙུན་པ་ཧྥ་ཤན་གྱིས་བརྩམས་པའི་ཧྥ་ཤཱན་ལམ་ཡིག་ལེའུ་བཅུ་དྲུག་པར་[18]གསལ་བར་གསུངས་པའི་སྐོར་ཤཱ་རིའི་བུའི་རྣམ་ཐར་གྱི་སྐབས་སུ་ཆ་ཚང་ལུང་འདྲེན་དང་བཅས་བཀོད་ཡོད་པས་དེར་གཟིགས་ན་གསལ་བར་མཁྱེན་ངེས་ལ། ལར་ནས་ཧྥ་ཤཱན་གྱི་ལམ་ཡིག་ཏུ་མི་གསལ་བ་ཙམ་གྱིས་མ་བྱུང་བར་ཁ་ཚོན་མི་ཆོད་དེ། དཔེར་ན། བཙུན་པ་ཧྥ་ཤཱན་ཕྱི་ལོ་ ༤༠༢ ལོར་རྒྱ་གར་ནུབ་བྱང་གི་ཨོ་རྒྱན་ཡུལ་དང་། ཐོགས་མེད་སྐུ་མཆེད་སོགས་ཀྱི་འཁྲུངས་ཡུལ་སོགས་སུ་གནས་སྐོར་དུ་ཕེབས་ཡོད་ཀྱང་། ཧྥ་ཤཱན་ལམ་ཡིག་ནང་ཐོགས་མེད་སྐུ་མཆེད་སྐོར་གཏན་ནས་མི་གསལ་བས་ཐོགས་མེད་སྐུ་མཆེད་མ་བྱོན་པ་ཁ་ཚོན་ག་ལ་ཆོད། དེ་ཡང་སློབ་དཔོན་ཐོགས་མེད་ (310-390) དང་། སློབ་དཔོན་དབྱིག་གཉེན་ (320-400)། ཀུ་མ་རཱ་ཇི་བ་སྟེ་སློབ་དཔོན་གཞོན་ནུ་སྲོག (344-413)། རྒྱའི་བཙུན་པ་ཧྤ་ཤཱན་ (374-462) བཅས་དུས་རབས་བཞི་པར་བྱོན་པ་མཚུངས་ཀྱང་། ཀུ་མཱ་ར་ཇི་བས་མཛད་པའི་ཐོགས་མེད་སྐུ་མཆེད་ཀྱི་བྱུང་བ་བརྗོད་པའི་རྣམ་ཐར་ཞིབ་ཕྲ་བཀོད་ཡོད་ཀྱང་། བཙུན་པ་ཧྥ་ཤཱན་གྱིས་ཐོགས་མེད་སྐུ་མཆེད་ཀྱི་མཚན་ཙམ་ཡང་གསུངས་མེད་པས་སོ།།

གཞན་ཡང་འཕགས་པ་ཐོགས་མེད་དང་། གཅུང་མཁས་མཆོག་དབྱིག་གཉེན་རྣམ་གཉིས་དང་། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་མཚན་ཙམ་ཡང་སྨྲས་མེད། འདི་དག་གིས་མགོན་པོ་ཀླུ་སྒྲུབ་མ་བྱོན་པ་བསྒྲུབས་མི་ནུས་པ་བཞིན་ནོ།།

དེ་ལྟར་སྤྱིར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཁང་གི་སྐོར་རྒྱའི་ཡིག་ཆ་ལ་ལར་མི་གསལ་བ་ཙམ་གྱིས་མེད་པར་ཐག་མི་ཆོད་ལ། བོད་ཀྱི་ཡིག་ཆར་གསལ་བའི་ཆ་ནས་ཆ་འཇོག་དང་ཁུངས་བཙན་མིན་པའི་ངོས་འཛིན་དེ་བས་ཀྱང་བྱེད་མི་རུང་། ང་ཚོས་རང་ཉིད་ཀྱི་རྣམ་དཔྱོད་ལ་སྣང་བ་དག་སྟེ། སྔོན་བྱོན་ལོ་པཎ་མཁས་གྲུབ་རྣམས་མཐོང་ཐོས་ཀྱི་གཞི་རྒྱ་ཆུང་རབས་དང་། སྐྱེས་བུ་དམ་པ་དེ་དག་གི་གསུང་དུ་གསལ་བ་རྣམས་ནོར་འཁྲུལ་དང་སྐྱོན་ཅན་ཤ་སྟག་ཏུ་འདོད་པ་ནི་རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་པས། མཐའ་གཉིས་སུ་མ་ལྷུང་བར་ལེགས་ཆ་གང་དུ་ཡོད་ཀྱང་ལེན་དགོས་པ་གལ་ཆེ་ཞིང་། ནཱ་ལེནྡྲའི་རྗེས་ཤུལ་གུཔྟའི་རྒྱལ་རབས་སྐབས་ཀྱི་དངོས་རིགས་རྙེད་པ་དེ་དག་གིས་ནཱ་ལེནྡྲའི་གཙུག་ལག་ཁང་སྐབས་དེ་དུས་བྱུང་ཟིན་པ་ཤེས་རྟོགས་ཐུབ་པ་ལས། དེའི་གོང་དུ་བྱུང་མེད་པའི་དཔང་རྟགས་སུ་འགྲོ་དཀའ་ལ། ད་ཆ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྗེས་ཤུལ་རྙེད་སོན་བྱུང་བ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༥༠ ཙམ་ཡིན་ཡང་། རྒྱ་གར་གཞུང་གི་གནའ་རྫས་རྟོག་ཞིབ་ལས་ཁུངས་ཀྱིས་བཏོན་པའི་ནཱ་ལེནྡྲའི་ཞེས་པའི་དེབ་ནང་རྒྱའི་བཙུན་པ་ཐང་སན་གྱིས་མཛད་པའི་ཐང་སན་ལམ་ཡིག་ལྟར་ན། ད་དུང་ས་ཆའི་རྒྱ་ཁྱོན་བརྒྱ་ཆ་ ༩༠ ལྷག་རྙེད་སོན་བྱུང་མེད་ཅེས་འཁོད་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྗེས་ཤུལ་བསྔོགས་པ་ལས་བསྔོག་རྒྱུ་མང་བ་ལྷག་ཡོད་པས། ད་ལྟ་དུས་རབས་ལྔ་པའི་གོང་གི་རྗེས་ཤུལ་མ་རྙེད་པ་ཙམ་ལས། མེད་པར་རྙེད་པ་ཞིག་མིན་པས་ད་དུང་དཔྱད་པའི་གཞིར་སྣང་ངོ་།།

ད་ལྟ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དྲི་གཙང་ཁང་གི་གྱང་རོའི་རྗེས་ཤུལ་འགའ་ཞིག་མཇལ་རྒྱུ་ཡོད་པ་རྣམས་ནི། ལྕགས་རིའི་དབུས་ཀྱི་དྲི་གཙང་ཁང་ཆེ་བ་རྣམས་ཡིན་ཅིང་། ཕྱོགས་མཚམས་མཐའ་སྐོར་གྱི་དྲི་གཙང་ཁང་ཆུང་རིགས་དང་། ལྕགས་རི་སོགས་ཀྱི་རྗེས་ཤུལ་ད་ལྟའང་རྙེད་སོན་བྱུང་མེད། ས་འོག་ནས་རྗེས་ཤུལ་ཐོན་པ་ལྟར་ཚོད་དཔག་བྱས་པར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཐའ་འཁོར་དང་། ལྕགས་རིའི་ཕྱོགས་མཚམས་ས་ཆ་རྒྱ་ཆེ་ཞིག་བྷར་གྷོན་ཞེས་པའི་ཉེ་འགྲམ་གྱི་གྲོང་གསེབ་ཀྱི་ཞིང་སར་བཀོལ་སྤྱོད་བྱས་ཏེ་གནའ་བོའི་གཙུག་ལག་སློབ་གཉེར་ཁང་འདིའི་ས་ཁྱོན་རྒྱ་ཆེ་ཞིང་སར་གྱུར་ཟིན་ཡོད། དེ་ཡང་སྐབས་འགར་ཞིང་ཁ་ནས་ལྷ་ཁང་སོགས་ཀྱི་གནའ་ཤུལ་ཡང་རྙེད་སོན་བྱུང་ཚུལ་ལས་གསལ་རྟོགས་ཐུབ་པ་ཞིག་ཡིན།

ནཱལནྡཱ་ཞིབ་འཇུག་ལས[19]། དེ་ལྟར་དུས་རབས་ལྔ་པའི་ནང་གསར་འཛུགས་བྱས་པ་ནས་མུ་མཐུད་འཕེལ་རྒྱས་ཀྱི་ངང་དུས་རབས་རིམ་པར་བརྒྱུད་དེ་ཕྱི་ལོའི་དུས་རབས་བདུན་པར་ (629-646) ཐང་སན་ཙང་ནཱལཱནྡཱར་སླེབས་སྐབས་ཀྱང་། ད་དུང་བཞེངས་སྐྲུན་ཤུགས་ཆེ་བྱེད་བཞིན་ཡོད་ཚུལ་གསལ་བར་བལྟས་ན། ནཱལཱནྡཱ་འདི་ཉིད་དུས་ཀྱི་ཆ་ནས་དུས་རབས་ལྔ་པའི་སྨད་ཙམ་ནས་གཙུག་ལག་སློབ་གྲྭ་ཆེན་པོའི་ངོ་བོར་གྱུར་པ་དང་། དུས་རབས་དྲུག་པ་ཙམ་ནས་དུས་རབས་བཅུ་གཅིག་ཡས་མས་ཀྱི་བར་ནཱལཱནྡཱའི་ཆོས་སྲིད་གཉིས་ཆ་འཕེལ་རྒྱས་རྩེར་སོན་དང་། འཕེལ་འགྲིབ་གནས་གསུམ་ལས་འཕེལ་རྒྱས་ཀྱི་དུས་སྐབས་ལྟ་བུར་མངོན་ཏེ། དུས་རབས་བདུན་པའི་སྨད་དེ་ཕྱི་ལོ་ ༦༧༡ ལོར་རྒྱ་ནག་ནས་ཐོན་ཏེ་རྒྱ་གར་དུ་ཕེབས་པའི་རྒྱའི་བཙུན་པ་ཨི་ཅིང་དང་། དེ་རྗེས་ཕྱི་ལོ་ ༡༠༥༠ ཡས་མས་སུ་རྒྱ་གར་དུ་ཕེབས་པའི་བོད་ཀྱི་མཁས་གྲུབ་ཆེན་པོ་རྭ་ལོས་ཀྱང་དར་རྒྱས་ཆེ་ཚུལ་གསུངས་པ་ལས་ཤེས་སོ། །ཞེས་གསལ་ལོ།།

དེ་ཡང་རྭ་ཡེ་ཤེས་སེངྒེས་ (དུས་རབས་12པ།) མཛད་པའི་རྗེ་བཙུན་རྭ་ལོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་ལས[20]། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ (1016-1123) དཔལ་ནཱ་ལེནྡྲར་ཕེབས་སྐབས། གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། མགོན་ཁང་གཉིས། གྷཉྫི་ར་སྟོང་དང་། རྒྱ་ཕིབས་བརྒྱ་རྩ་བརྒྱད་ཡོད་པ། པཎྜི་ཏ་དང་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་སྒྲུབ་ཁང་དང་། དངོས་གྲུབ་བརྙེས་པའི་གནས་ཆུང་ངུ་འབུམ་ཕྲག་ཏུ་ལོངས་པས་ཕན་ཚུན་རེ་མིག་ལྟར་འབྲེལ་བ། བཀྲ་ཤིས་ཤིང་ཉམས་དགའ་བ། པཎྜི་ཏ་ལྔ་བརྒྱ་འདུ་བའི་གནས་བསྟི་གནས་ངོ་མཚར་ཅན་དེ་ལྟ་བུ་འདུག་གོ །དེར་ཡང་པཎ་ཆུང་ཞིག་མཇལ་སྣ་བཅོལ་ནས་བསྟན་པ་ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོ་མེན་ཛ་གླིང་པ་ཐུགས་རྗེ་ཆེན་པོ་དང་མཇལ། གསེར་སྲང་གང་ཕྱག་རྟེན་དུ་ཕུལ་ཏེ་བསྙེན་པར་རྫོགས་པར་ཞུས་པས། དེ་ལྟར་བྱ་གསུངས་ཤིང་ཤིན་ཏུ་དགྱེས་པར་གྱུར། ཞེས་གསུངས་ལ། དེ་མཚུངས་དགེ་ཆོས་ཀྱི་གསེར་ཐང་ནང་དུའང་ནཱ་ལེནྡྲར་གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་བ་དྲུག་ཅུ། གཉྫི་ར་བདུན་སོགས་ཡོད་ཚུལ་གནས་དེར་ཕེབས་མཁན་ཕལ་ཆེར་གྱིས་གླེང་གི་ཡོད་ཚུལ་གསུངས་ཡོད།

དེ་ཡང་གཉྫི་ར་ཞེས་པ་ནི། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ (དུས་རབས་15པ།) ཀྱིས་མཛད་པའི་དག་ཡིག་ལི་ཤིའི་གུར་ཁང་ལས[21]། གཉྫི་ར་མཛོད་ལྡན་ཏེ་ཟུར་ཆག་པས་འགན་འཇི་ར། ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[22]། གཉྫི་ར། རྒྱ་གར་གྱི་སྐད། བོད་སྐད་དུ་མཛོད་ལྡན་ཞེས་ཟེར་ཞིང༌། བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་དང་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱལ་བ་རིགས་ལྔའི་མཚོན་དོན་ཚང་བའི་མཛེས་རྒྱན་ཞིག་འཛུགས་སྲོལ་ཡོད་པ་དེ་ཡིན་ཅིང༌། ཡོངས་གྲགས་སུ་གཉྫི་ར་ཞེས་པའི་རྒྱ་གར་སྐད་དེ་རང་མ་གཏོགས་མཛོད་ལྡན་ཞེས་བརྗོད་སྲོལ་མེད། གཉྫི་ར་འདིར་རྒྱལ་བ་རིགས་ལྔའི་མཚོན་དོན་ཡོད་པའི་ཚུལ་ནི། པདྨའི་གདན་གྱི་སྟེང་དུ་སངས་རྒྱས་རྣམ་སྣང་མཚོན་པའི་འཁོར་ལོ་ཉལ་སྟབས་སུ་ཡོད་པ། དེའི་སྟེང་དུ་སངས་རྒྱས་དོན་ཡོད་གྲུབ་པ་མཚོན་པའི་དྲིལ་བུ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་མཚོན་པའི་པདྨ་འདབ་བརྒྱད། དེའི་སྟེང་དུ་སངས་རྒྱས་མི་བསྐྱོད་པ་མཚོན་པའི་བུམ་པ། དེའི་སྟེང་དུ་སངས་རྒྱས་རིན་ཆེན་འབྱུང་ལྡན་མཚོན་པའི་ནོར་བུའི་ཏོག་བཅས་ཡོད་པ་ནི་གཉྫི་ར་རྒྱས་པའི་ལུགས་ཏེ། མིང་ལ་དྲིལ་གཟུགས་གཉྫི་ར་ཟེར། གཉྫི་ར་བསྡུས་པ་བྱེད་ན། པདྨའི་གདན་གྱི་སྟེང་དུ་སངས་རྒྱས་རྣམ་སྣང་མཚོན་པའི་བུམ་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་མཚོན་པའི་པདྨ་འདབ་བརྒྱད། དེའི་སྟེང་དུ་སངས་རྒྱས་མི་བསྐྱོད་པ་མཚོན་པའི་ནོར་བུའི་ཏོག་བཅས་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རིགས་གསུམ་ཚང་བར་བྱས་པ་ཞིག་སྟེ། མིང་ལ་བུམ་གཟུགས་གཉྫི་ར་ཟེར། བོད་དུ་གཙུག་ལག་ཁང་དང་དགོན་པ་ཁག་སོ་སོའི་ལྷ་ཁང་སྟེང་གི་རྒྱ་ཕིབས་ཀྱི་གདུང་མའི་དབུས་སུ་དྲིལ་གཟུགས་གཉྫི་ར་དང༌། གདུང་མའི་སྣེ་གཉིས་སུ་བུམ་གཟུགས་གཉྫི་ར་བྱ་སྲོལ་ཡོད། ཅེས་གསུངས་སོ།།

དེ་བཞིན་གཉྫི་ར་དེ་ལའང་བཟོ་དབྱིབས་ཀྱི་ཆ་ནས་རྒྱ་དཀར་ནག་གི་ལུགས་གཉིས་ཡོད་པ་ནི། དེ་ཉིད་ལས[23]། གཉྫི་ར་རྒྱ་དཀར་ལུགས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་ལྟེ་བའི་འདུ་ཁང་གི་ཤར་ངོས་ཆོས་རྒྱལ་ལྷ་ཁང་གི་སྟེང་དུ་རྒྱ་གར་ལུགས་ཀྱི་གཉྫི་ར་ཞིག་བཙུགས་ཡོད་པ་དེ་ནི་ཡོངས་གྲགས་ཀྱི་དྲིལ་གཟུགས་གཉྫི་ར་དེ་དང་བཟོ་དབྱིབས་གཅིག་མཚུངས་ཡིན། ཞེས་དང་། གཉྫི་ར་རྒྱ་ནག་ལུགས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་ལྟེ་བའི་ལྷོ་ངོས་ཀྱི་སྟེང་ཐོག་ཏུ་བཙུགས་པའི་བུམ་གཟུགས་གཉྫི་ར་སྟེ། དེང་སང་པོ་ཏ་ལ་དང་ལྷ་ས་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་ཟུར་གཉིས་སུ་བཙུགས་པའི་གཉྫི་ར་དེ་དང་བཟོ་དབྱིབས་གཅིག་མཚུངས་ཡིན། ཞེས་གསུངས་པ་ལྟར་བོད་ཀྱི་དགོན་སྡེ་དང་གཙུག་ལག་ཁང་སོགས་ཀྱི་དབུ་རྩེར་བཟོ་སྐྲུན་གནང་སྲོལ་ཡོད་པའི་གཉྫི་ར་རྣམས་ཀྱང་ཁུངས་མེད་རང་བཟོ་མིན་པར་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བཞེངས་སྲོལ་ཡོད་པ་ཞིག་དང་། དེའི་ཐོག་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད་མཛེས་རྒྱན་ཇི་ལྟ་བུ་ཞིག་ཡོད་པའང་མཁྱེན་ཐུབ་ལ། གནའ་དུས་ནང་བསྟན་གཙུག་ལག་ཁང་ཆེན་མོ་དག་གི་རྒྱ་ཁྱོན་ནི་རྒྱ་ཕིབས་དང་། གྷཉྫི་ར་མང་ཉུང་གི་ཐོག་ནས་གཙུག་ལག་ཁང་གི་མཛེས་ཆ་དང་། དགོན་པའི་རྒྱུ་འབྱོར་མཚོན་གྱི་ཡོད་འདུག་པ་ནི། གནའ་དུས་རྒྱ་བོད་ལོ་པཎ་སོགས་དེར་སླེབས་མི་དག་གིས་ཀྱང་གྷཉྫི་ར་དང་རྒྱ་ཕིབས་སོགས་ཀྱི་གྲངས་ཀ་བརྩིས་པ་ཞིག་ཡིན་འདུག་སྙམ།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] ནཱལཱནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༠-༦༦

[2] ཁང་དཀར་གྱི་དེབ་སྔོན་གསར་མ། དུམ་བུ་ཉེར་ལྔ་པ། ཀླུ་སྒྲུབ་བྱོན་རྗེས་ཀྱི་ནང་བསྟན། ཤོག་གྲངས་ ༣༧༡

[3] ཁང་དཀར་གྱི་དེབ་སྔོན་གསར་མ། དུམ་བུ་ཉེར་ལྔ་པ། ཀླུ་སྒྲུབ་བྱོན་རྗེས་ཀྱི་ནང་བསྟན། ཤོག་ངོས་ ༣༧༡

[4] ཐང་སན་ལམ་ཡིག་བོད་འགྱུར་དཔེ་གཟུགས་ཤོག་གྲངས་ ༡༡༡ སྲིབ་ངོས། ཡིག་ཕྲེང་གཉིས་པར་གསལ།

[5] དེབ་སྔོན་གསར་མའི་ཤོག་ངོས་ ༣༧༡ པར་སངས་རྒྱས་སྦས་པ་ནི་ས་ར་ན་ཐའི་བརྐོས་ཡིག་ཏུ་ (Shizutani) བརྩམས་པའི་སྦས་པའི་བརྐོས་ཡིག་དཀར་ཆག་ ༡༢༢) མཚན་གསལ་ཞིང་། ཕྱི་ལོ་ ༤༧༡ ཙམ་ལ་རྒྱལ་ཁྲིར་མངའ་གསོལ་བྱས་པ་ཡིན་པས་ན། གཞོན་ནུ་སྦས་པ་དང་པོའི་བུ་མ་ཡིན་པར་བུའི་བུའམ་ཚ་བོ་ཡིན་ལ། རྒྱལ་པོ་བདུན་པ་བཱ་ལཱ་དིཀྱ་ནི་གཅེན་པོ་རེད་ཅེས་གསལ་ལོ།།

[6] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༠

[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༧

[8] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤

[9] དཔལ་ནཱ་ལེནྡྲའི་ལོ་རྒྱུས་སྤྱི་དང་ཡོངས་སུ་གྲགས་པའི་གཙུག་ལག་ཁང་ཆེན་པོ་དེ་ནས་བོད་གངས་ཅན་ལྗོངས་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་གྱི་འགྲེམས་སྟོན་ངོ་སྤྲོད།

[10] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༣

[11] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༨༥

[12] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤

[13] ཁོང་གི་ལོ་རྒྱུས་འདི་རྒྱ་ནག་གི་མཁས་དབང་རེན་ཅི་ཡུས་ཞེས་པས་གཙོ་སྐྱོང་གནང་ནས་རྩོམ་སྒྲིག་མཛད་པའི་ཆོས་ལུགས་ཚིག་མཛོད་ནས་མཁས་དབང་དུང་དཀར་རིན་པོ་ཆེས་བོད་བསྒྱུར་མཛད་པ་དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་ ༥༥ པར་གསལ།

[14] ཁོང་གིས་མཛད་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་རྣམ་ཐར་འདི་རྣམས་ཨ་ལགས་དོར་ཞིས་བོད་བསྒྱུར་མཛད་དེ། ཕྱི་ལོ་ ༢༠༠༥ ལོའི་སྦྲང་ཆར་དུས་དེབ་གཉིས་པའི་ཤོག་ངོས་ ༡༣༦ ནས་ ༡༤༡ བར་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་། དུས་དེབ་གསུམ་པའི་ཤོག་ངོས་ ༡༣༧ ནས་ ༡༤༥ བར་ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་གསལ། དུས་དེབ་བཞི་པའི་ཤོག་ངོས་ ༡༣༦ ནས་ ༡༤༡ བར་ཨརྱ་དེ་བའི་ལོ་རྒྱུས་གསལ་བ་བཅས་དང་། ཕྱི་ལོ་ ༢༠༠༦ ལོའི་སྦྲང་ཆར་དེབ་དང་པོའི་ཤོག་ངོས་ ༡༥༢ ནས་ ༡༥༧ བར་རྟ་དབྱངས་ཀྱི་ལོ་རྒྱུས་གསལ་ཡོད།

[15] ནཱལཱནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༠

[16] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧

[17] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧

[18] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༢

[19] ནཱལཱནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༦

[20] རྗེ་བཙུན་རྭ་ལོའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༧༡

[21] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨

[22] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༨༡

[23] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༨༡

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༡༥ ནས་ ༢༣༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *