ཚ༽ འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས།
༡༽ རྗེ་བཙུན་གྱི་བྱམས་ཆོས་སྡེ་ལྔ།
དེ་ཡང་གཉན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]།
རྒྱ་ཆེན་བརྩོན་པས་མ་ཕམ་བསྒྲུབས་པ་ལས། །སྦས་དོན་གསལ་བྱེད་ལྔ་ཕྲག་ཆོས་ཀྱི་སྐྱེས། །
ཐེག་མཆོག་བསྟན་པའི་གསོས་སུ་འཛིན་མཁས་པའི། །འོད་བྱེད་སར་གནས་འཕགས་པ་ཐོགས་མེད་ཞབས། །
ཞེས་གསུངས་པ་ལྟར་མཁས་པ་ལྡེའུས་ (དུས་རབས་13པ) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[2]། སྟོན་པ་འདས་ནས་ལོ་ནི་དགུ་བརྒྱ་ན། །ཞེས་པ་ལ་སོགས་པ་བཞིས་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་གཏན་ལ་འབེབས་པ་ལ། མངོན་པའི་བསྟན་ཆོས་བརྩམས་ཚུལ་འཆད། དེ་ལས་ཀྱང་མགོན་པོ་བྱམས་པའི་གཞུང་རྣམ་པར་བཞག་པ་ནི། བྱམས་པས་ཆོས་ལྔ་མཛད་དེ། རྒྱན་གཉིས་རྣམ་འབྱེད་རྣམ་གཉིས་སམ། ཡང་ན་རྣམ་འབྱེད་གསུམ་སྟེ་དཀོན་མཆོག་དང༌། རིགས་རྣམ་པར་འབྱེད་པ་རྒྱུད་བླ་མའོ། །ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་གཞུང་ལུགས་དུ་མའི་བརྗོད་བྱ་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད་ལས[3]།
མངོན་རྟོགས་རྒྱན་དང་རྒྱུད་བླ་མདོ་སྡེ་རྒྱན། །ཆོས་ཉིད་རྣམ་འབྱེད་དབུས་མཐའ་རྣམ་པར་འབྱེད། །
བྱམས་ཆོས་སྡེ་ལྔ་ཞེས་ནི་ཀུན་ཏུ་གྲགས། །
ཞེས་གསུངས་པ་ལྟར། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བྱམས་ཆོས་སྡེ་ལྔ་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ (1504-1564/1566) ཆོས་འབྱུང་མཁས་པའི་དགའ་སྟོན་ལས[4]། དེ་རྣམས་ཀྱི་དོན་བསྡུས་པའི་བསྟན་བཅོས་རྩོམ་པར་ཞུས་པས་བྱམས་ཆོས་ལྔ་བརྩམས་པར་སེང་བཟང་བཞེད་ལ། གནད་ཀྱི་ཟླ་ཟེར་བ་སོགས་བཀའ་བསྡུས་མ་ཐག་བརྩམས་པར་འདོད་ལ། བྱམས་ཆོས་ལྔ། སྡོམ་རྣམ་གཉིས། ས་སྡེ་ལྔ། རབ་བྱེད་སྡེ་བརྒྱད་སྟེ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་པོ་ཐམས་ཅད་ཀྱང་བྱམས་པས་མཛད་པར་བོད་སྔ་རབས་པ་དུ་མ་འདོད་དོ། །སློབ་དཔོན་སླར་མི་ཡུལ་དུ་བྱོན་ཏེ་བྱམས་ཆོས་ལྔ་ཡི་གེར་བཀོད་པ་མངོན་རྟོགས་རྒྱན་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། རྒྱུད་བླའི་འགྲེལ་པ་མདོ་དགོངས་འགྲེལ་གྱི་འགྲེལ་པ། ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་མཛད། རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་ཐོག་མར་ཕྱེ། ཞེས་གསུངས་པ་ལྟར། བྱམས་ཆོས་སྡེ་ལྔ་མི་ཡུལ་དུ་གདན་དྲངས་ཏེ་ཡི་གེར་བཀོད་པའི་གནས་ནི། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ལམ་ཡིག་ལས[5]། གཙུག་ལག་ཁང་དེའི་ཤར་ལྷོའི་མཚམས་སུ་ས་ཕག་གི་ཁང་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ནི། སྔོན་བྱང་ཆུབ་སེམས་དཔའ་དབྱིག་གཉེན་བཞུགས་ཏེ། སེམས་ཙམ་གྱི་བསྟན་བཅོས་མཛད་དེ་ཐེག་དམན་སུན་ཕྱུང་། མུ་སྟེགས་ཚར་བཅད་པར་མཛད་དོ། །དེའི་ཤར་ལོགས་སུ་ཨ་མྲའི་ནགས་ཚལ་ཆེན་པོ་ན། སྔོན་བྱང་ཆུབ་སེམས་དཔའ་ཐོགས་མེད་བཞུགས་ཤིང་། བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་པའི་གནས་སོ། །ཞེས་གསལ་བ་ལྟར་གནས་དེར་བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་ལ། དེ་དག་གི་འགྲེལ་པར་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་སོགས་མཛད་པ་ནི། ཡར་རྗེ་ཨུ་རྒྱན་གླིང་པས་ (1323-?) གཏེར་ནས་དྲངས་པའི་བཀའ་ཐང་སྡེ་ལྔ་ལས[6]།
སངས་རྒྱས་གཤེགས་ནས་དགུ་བརྒྱ་ན༔ མགོན་པོ་བྱམས་པ་འཇིག་རྟེན་བྱོན༔
བཀའ་ནི་ཐ་མ་གཏན་དབབ་ཕྱིར༔ བྱམས་པའི་ཆོས་ལྔ་མཛད་པ་ནི༔
མདོ་སྡེ་རྒྱན་དང་མངོན་རྟོགས་རྒྱན༔ ཆོས་དང་ཆོས་ཉིད་རྣམ་འབྱེད་དང༔
དབུས་དང་མཐའ་གཉིས་རྣམ་འབྱེད་དང༔ ཐེག་པ་ཆེན་པོ་རྒྱུད་བླའོ༔
ཞེས་གསུངས་པ་ལྟར་ཡིན་ལ། བྱམས་ཆོས་སྡེ་ལྔ་བྱམས་མགོན་གྱི་གསུང་ཡིན་མིན་དང་། མཛད་ཚུལ་གྱི་གོ་རིམ། བརྗོད་བྱ་བཅས་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890/1899) ཤེས་བྱ་ཀུན་ཁྱབ་ལས[7]། བྱམས་པའི་ཆོས་ལྔ་ནི། མདོ་སྡེ་རྒྱན་དང་མངོན་རྒྱན་གཉིས། དབུས་མཐའ་རྣམ་འབྱེད་དང་ཆོས་ཉིད་རྣམ་འབྱེད་གཉིས། རྒྱུད་བླ་མ་རྣམས་ཏེ། དེ་ལས་ཆོས་ཉིད་རྣམ་འབྱེད་ཚིག་ལྷུག་མ་ནི་བྱམས་ཆོས་དངོས་དང་ཚིགས་བཅད་མ་མཁས་པ་དག་གིས་བསྡེབས་པར་བཞེད། བྱམས་ཆོས་གསུམ་པོ་ཐོག་མ་ནས་ཡོངས་གྲགས་སུ་དར་བ་ཡིན་ལ། རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་གཉིས་པཎྜི་ཏ་གཞན་ལ་མ་གྲགས་པར་དུས་ཕྱིས་མེ་ཏྲི་པས་མཆོད་རྟེན་གྱི་སེར་ཁ་ནས་འོད་འབྱུང་བ་འདུག་པ་གཟིགས་པས་དེ་གཉིས་ཀྱི་དཔེ་བྱུང་། རྗེ་བཙུན་བྱམས་པར་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་གསལ་བར་བྱོན་ཏེ་ལེགས་པར་གནང་། དེས་པཎྜི་ཏ་དགའ་བའི་གྲགས་པར་གནང་། དེས་ཁ་ཆེ་ས་ཛྫ་ན་ལ་གནང་ནས་རིམ་གྱིས་བརྒྱུད་པས་སེངྒེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་སོགས་སུའང་འདི་གཉིས་ཀྱི་ལུང་དྲངས་པ་མེད་པ་དང་། མེ་ཏྲི་པའི་ཕྱག་རྒྱ་ཆེན་པོའི་ལྟ་བའི་ཁུངས་རྒྱུད་བླ་མ་དང་འགྲེལ་པའི་དོན་ཡང་དེ་ཡིན་པར་གསུངས། འདི་དག་གི་གོ་རིམ་བོད་ཀྱི་མཁས་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་དགོངས་པ་འགྲེལ་བར་བྱེད་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་མཆོད་བརྗོད་དང་བཅས་པ་དང་པོར་མཛད་ལ། དེ་ནས་ཐེག་ཆེན་གྱི་མདོ་སྡེ་རྣམས་འཐོར་བ་བསྡུས་པ་ལྟ་བུའི་སྒོ་ནས་མདོ་རྒྱན་མཛད། འདི་གཉིས་ཀྱི་དོན་ཅུང་ཟད་བསྡུས་པ་དབུས་མཐའ་རྣམ་འབྱེད་མཛད། དེ་དག་གི་དོན་ཤིན་ཏུ་བསྡུས་པ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་མཛད། དེ་ནས་ཆོས་འཁོར་ཕྱི་མའི་དབང་དུ་བྱས་པའི་ངེས་དོན་གྱི་གསུང་རབ་ཕུལ་དུ་ཕྱིན་པའི་དགོངས་པ་འགྲེལ་བྱེད་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་བསྔོ་བ་དང་བཅས་པ་མཛད། དེ་ཡང་བར་པ་གསུམ་ལ་ནི་མཆོད་བརྗོད་དང་བསྔོ་བ་གང་ཡང་མེད་ཅིང་། དང་པོ་ལ་བསྔོ་བ། ཐ་མ་ལ་མཆོད་བརྗོད་མེད་པས་ཆོས་ལྔ་པོ་འདི་ལྟ་བུ་གོ་རིམ་འདི་ལྟར་དཀྱུས་ཐོག་གཅིག་ཏུ་མཛད་པ་ཡིན་ནོ། །ཞེས་བཤད་དོ།།
དེ་ལ་མདོ་སྡེ་རྒྱན་ནི་ཐེག་པ་ཆེན་པོ་ཆོས་ཐམས་ཅད་དོན་ལྔར་བསྡུས་ཏེ་སྟོན་པས་ཐེག་ཆེན་གྱི་མདོ་སྡེ་མཐའ་ཡས་པའི་དགོངས་འགྲེལ་ཡིན་ལ། ཐེག་ཆེན་བཀར་སྒྲུབ་སོགས་སྐབས་ཉི་ཤུ་རྩ་གཅིག་གི་སྒོས་གཏན་ལ་ཕབ། ལམ་རིམ་ནི། རིགས་དང་ཆོས་ལ་མོས་པ་སོགས་དོན་ཚན་བཅུར་བཤད་ཅིང་དྲང་ངེས་ཀྱི་ཆ་ཅི་རིགས་པ་ཡོད། མངོན་རྟོགས་རྒྱན་དངོས་པོ་བརྒྱད་ཡན་ལག་བདུན་ཅུས་ཤེར་ཕྱིན་གྱི་སྦས་དོན་གཏན་ལ་ཕབ། དབུས་མཐའ་རྣམ་འབྱེད་བརྗོད་བྱ་མཚན་ཉིད་གསུམ་གྱི་སྒོ་ནས་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་གཉིས་སུ་མ་ལྷུང་བའི་དབུས་དང་། དེར་ལྷུང་བའི་མཐའ་རྣམ་པར་ཕྱེ་ནས་དབུ་མའི་ལམ་འཆད། ཆོས་ཉིད་རྣམ་འབྱེད་ནི། ཆོས་ཐམས་ཅད་ཆོས་ཅན་འཁོར་བ་དང་ཆོས་ཉིད་མྱ་ངན་ལས་འདས་པ་གཉིས་སུ་ཕྱེ་ནས་སྟོན། རྒྱུད་བླ་མར་རྡོ་རྗེའི་གནས་བདུན་གྱིས་བདེ་བར་གཤེགས་པའི་སྙིང་པོ་གཙོ་བོར་གཏན་ལ་དབབ་པར་མཛད་དོ།།
དེའང་བོད་སྤྱི་རྣམས་མདོ་རྒྱན་དང་འབྱེད་གཉིས་ཀྱིས་གཙོ་བོར་བཀའ་ཐ་མའི་དགོངས་པ་འགྲེལ། ལྟ་བ་སེམས་ཙམ་སྟོན། དེའང་མདོ་རྒྱན་གྱིས་ལྟ་སྤྱོད་ཆ་མཉམ། འབྱེད་གཉིས་ལྟ་བ་གཙོ་བོར་སྟོན་པར་གསུངས་པ་དང་། མངོན་རྒྱན་ཤེར་ཕྱིན་ཕྱོགས་ཡིན་པ་ལ་མི་མཐུན་པ་མེད་དོ། །རྒྱུད་བླ་མ་ནི། བོད་སྔ་རབས་པ་རྣམས་བཀའ་བར་པའི་དགོངས་འགྲེལ་ལྟ་བ་རང་རྒྱུད་སྟོན་པར་བཞེད། རྗེ་བཙུན་གྲགས་པ། མཉམ་མེད་དྭགས་པོ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་ཀྱང་དབུ་མའི་གཞུང་དུ་བཞེད་ཅིང་། བུ་སྟོན་རིན་པོ་ཆེས་བཀའ་ཐ་མའི་དགོངས་འགྲེལ། ལྟ་བ་དབུ་སེམས་གང་རུང་བསྟན་གསུངས། རྗེ་ཙོང་ཁ་པས་ཐལ་འགྱུར། ཀླུ་སྒྲུབ་རྒྱ་མཚོས་སེམས་ཙམ་དུ་གནས་པར་བཞེད་པ་སོགས་མི་མཐུན་པ་ཅི་རིགས་ཡོད།
མངོན་རྟོགས་རྒྱན་སློབ་དཔོན་དབྱིག་གཉེན། ཕྱོགས་གླང་། ཤཱནྟི་པ་སོགས་ཀྱིས་རྣམ་རིག་ཏུ་བཀྲལ། འཕགས་སེང་། ཡེ་ཤེས་ཞབས། ཨ་བྷཱ་ཡ། ཇོ་བོ་རྗེ་སོགས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སུ་བཀྲལ། བོད་སྔ་ཕྱི་ཕལ་མོ་ཆེས་བཀའ་བར་པའི་དགོངས་འགྲེལ། ལྟ་བ་རང་རྒྱུད་སྟོན་པར་བཞེད། རྗེ་མི་བསྐྱོད་ཞབས་དང་། ཙོང་ཁ་པ་སོགས་ཐལ་འགྱུར་སྟོན་པར་བཞེད་ལ། ཇོ་ནང་ཀུན་མཁྱེན་ཆོས་རྗེ་ཡབ་སྲས་རྣམས་ཀྱིས་ནི་གཙོ་ཆེ་ཆུང་ཙམ་ལས་བྱམས་ཆོས་ལྔ་ཀའང་དབུ་མའི་གཞུང་དང་། དེ་ལས་ཀྱང་ཕལ་ཆེར་གཞན་སྟོང་དབུ་མ་ཆེན་པོ་སྟོན་པར་བཞེད་དོ། །ཞེས་གསལ་བ་ལྟར་རོ།།
གཞན་ཡང་བྱམས་ཆོས་དང་འབྲེལ་བའི་ཆོས་ཉི་ཤུ་ནི། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བྱམས་ཆོས་སྡེ་ལྔ་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ། སྡོམ་རྣམ་པ་གཉིས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་དང་བཅས་པ་རྣམས་ལ་བྱ་སྟེ། དེ་ཡང་མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[8]། བཀའ་ཐ་མའི་དགོངས་འགྲེལ་ལ། ལྟ་བ་གཙོ་བོར་སྟོན་པ་དང་། སྤྱོད་པ་གཙོ་བོར་སྟོན་པ་དང་། ལྟ་སྤྱོད་ཆ་མཉམ་དུ་སྟོན་པའི་བསྟན་བཅོས་དང་གསུམ་མོ། །དེ་ལ་སྤྱིར་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་གྲགས་ཏེ། བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་དང་། མངོན་རྟོགས་རྒྱན་ཏེ་རྒྱན་གཉིས། དབུས་དང་མཐའ་རྣམ་པར་འབྱེད་པ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་སྟེ་འབྱེད་གཉིས། རྒྱུད་བླ་མ་སྟེ་བྱམས་ཆོས་ལྔའོ། །འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སའི་དངོས་གཞི་དང་། གཞི་བསྡུ་བ་དང་། རྣམ་གྲངས་བསྡུ་བ་དང་། རྣམ་པར་བཤད་པའི་སྒོ་བསྡུ་བ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་སྟེ་ས་སྡེ་ལྔ། བམ་པོ་བརྒྱ་ཉེར་དྲུག་གོ །སའི་དངོས་གཞི་ལ་ས་མང་པོ་པ་དང་། ཉན་ས། བྱང་ས། སའི་གོ་རིམས་སོ། །ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་ཏེ། སྡོམ་རྣམ་པ་གཉིས་སོ། །ཞེས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ་མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད་གསུམ་གྱི་འགྲེལ་པ། རྣམ་བཤད་རིག་པ་སོགས་སོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] སྤྲུལ་སྐུ་གསུང་རབ་གསུང་འབུམ། བསྟོད་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༡༡ ནས་ ༡༣ བར།
[2] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[3] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨༢
[4] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༡
[5] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༨
[6] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢
[7] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༠༦
[8] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༨༥ ནས་ ༥༩༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།