༩༽ ཐོགས་མེད་ཀྱིས་བྱམས་མགོན་བསྒྲུབས་པའི་གཏམ་རྒྱུད།
དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[1]།
ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །
ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཞིག་ལས་སྒྱུ་འཕྲུལ་དྲ་བའི་དབང་གསན་པ་ན། ལྷག་པའི་ལྷ་རྗེ་བཙུན་བྱམས་མགོན་ལ་མེ་ཏོག་བབས་པས། དེ་བསྒྲུབས་ནས་བསྟན་པ་དར་བར་བྱའོ་སྙམ་ཞིང་།
རྒྱལ་བའི་གསུང་གསང་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་རས་མངའ་བ་རྒྱལ་ཚབ་བྱམས་པ་མགོན་པོ་ཡིན་པས། དེ་ལས་སྦས་དོན་ཤེར་ཕྱིན་གྱི་རིམ་པ་གསན་པར་དགོངས་ཏེ་རི་བྱ་རྐང་དུ་རྗེ་བཙུན་བྱམས་མགོན་སྒྲུབ་ཏུ་བྱོན་ཏེ། རི་བོ་བྱ་རྐང་དུ་མི་ལོ་བཅུ་གཉིས་རིང་རྗེ་བཙུན་བྱམས་མགོན་བསྒྲུབས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡོད། དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་རྗེ་བཙུན་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་དགོངས་ཏེ་རི་བོ་བྱ་རྐང་གི་སྒྲུབ་ཕུག་ཏུ་བྱོན་ཏེ་ལོ་གསུམ་ཏུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་ཐོན་པ་ན་རྒན་མོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་བུ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས།
སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །
དཀའ་ཡང་བརྣགས་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །
ཟེར་བས་བརྩོན་འགྲུས་རྩོམ་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པར་མཐོང་ནས་བརྩོན་འགྲུས་ཡུན་རིང་དུ་བསྒྲུབ་དགོས་པར་མཐོང་ནས་ཡང་ལོ་གསུམ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན། བྱ་སྒྲོས་བྲག་ཟད་པར་མཐོང་ནས་ད་དུང་བརྩོན་པ་བྱེད་དགོས་པར་དགོངས་ནས་སླར་ཡང་མཚམས་བཅད་དེ་བསྒྲུབས། དེ་ལྟར་མི་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་ནས་ཕྱིན་པ་ན། ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུག་ཅིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་རྣམས་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད། དེར་འབུ་རྣམས་བླང་ངོ་སྙམ་སྟེ་གྲོང་ཁྱེར་ཨ་ཙན་ཏ་ཞེས་བྱ་བར་ཕྱིན་ཏེ། གསེག་ཤིང་གཏེང་བར་བཅུག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད་ལག་པས་བླངས་ན་འབུ་རྣམས་ཤི་ཡིས་དོགས་ཏེ། སྤྱན་བཙུམས་ཏེ་ལྗགས་ཀྱིས་བླངས་པ་ན་ཁྱི་མོ་མེད་པར་རྗེ་བཙུན་འོད་དང་ལྡན་པར་མཐོང་ནས།
ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །
ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །
བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས་རྗེ་བཙུན་གྱིས།
ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །
སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །
ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་དག་ནས་མཐོང་བ་ཡིན། དེ་ལྟར་ཡིན་པ་ཁྱོད་རང་ང་ཕྲག་ཐོག་ཏུ་ཁྱེར་ལ་མི་རྣམས་ལ་སྟོན་ཅིག་གསུངས་ནས་བསྟན་པས་མཐོང་བ་མ་བྱུང་བས་དེས་ཡིད་ཆེས་སོ། །ཞེས་གསུངས་པ་ལྟར་རི་བོ་བྱ་རྐང་ནི། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་བསྐྱངས་པའི་གནས་མཆོག་ཡིན་ཅིང༌། གནས་དེར་ཁྱོད་ཅི་འདོད་གསུང་བ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་རི་བོ་བྱ་རྐང་གི་རྩེ་མོ་ནས་དགའ་ལྡན་ལྷ་ཡུལ་དུ་ཁྲིད་ཕེབས། དགའ་ལྡན་ལྷ་ཡི་ཞག་གཅིག་གི་སྔ་དྲོའི་ཆ་གཅིག་སྟེ་མི་ལོ་བཞི་བཅུའི་རིང་ཐེག་པ་ཆེན་པོའི་ཆོས་གསན་རྗེས། བྱམས་ཆོས་སྡེ་ལྔ་གསུངས་པ་མི་བརྗེད་པའི་གཟུངས་ཐོབ་པའི་འཕགས་པ་ཐོགས་མེད་ཀྱི་ཐུགས་ལ་ངེས་ཏེ་སླར་ཡང་མི་ཡུལ་དུ་རྫུ་འཕྲུལ་གྱིས་ཕེབས་ཏེ་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་ཤེར་ཕྱིན་གྱི་སྦས་དོན་སྟོན་པའི་བསྟན་བཅོས་བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་ཅིང་། ཡུམ་གྱི་འགྲེལ་པ་དང་། རྒྱུད་བླ་མའི་འགྲེལ་པ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། སྡོམ་རྣམ་གཉིས། དགོངས་འགྲེལ་གྱི་འགྲེལ་པ་ལ་སོགས་པ་མང་དུ་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ཤིང་རྟའི་སྲོལ་བཏོད་ཅིང་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་དོ།།
དེ་ལྟར་འཕགས་པ་ཐོགས་མེད་དགའ་ལྡན་དུ་བཞུགས་པའི་ཡུན་ཚད་མི་ལོ་ལྔ་བཅུར་གསུངས་པ་ལ་ཡིད་གཉིས་ཐེ་ཚོམ་བྱ་མི་དགོས་ཏེ། དགའ་ལྡན་པའི་ཞག་གཅིག་ལ་མི་ལོ་བཞི་བརྒྱ་འོང་བས་དགའ་ལྡན་གྱི་ལྷའི་སྔ་དྲོའི་ཆ་གཅིག་ལ་མི་ལོ་ལྔ་བཅུ་ངེས་པར་འོང་བ་མཛོད་ལས་ཀྱང་གསུངས་ལ། ས་སྡེའི་སྣ་མཆན་ལས་ཟླ་བ་དྲུག་བཞུགས་ཞེས་བྱུང་ལ། རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་ལས[3]། དེ་ཡང་སློབ་དཔོན་འཕགས་པ་ཐོགས་མེད་ཅེས་བྱ་བ་སྔོན་རྒྱལ་བ་དུ་མ་ལ་ལྷག་པར་བྱ་བ་བྱས་ཤིང་། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པ། ད་ལྟར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མགོན་གྱིས་ཡོངས་སུ་བཟུང་བ་བློ་གྲོས་ཀྱི་མཐུ་གཞན་ལས་ཁྱད་ཞུགས་པ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་ཁུར་བཞེས་པའི་སྨོན་ལམ་ལེགས་པར་གྲུབ་ཅིང་། དྲང་ངེས་ཀྱི་མདོ་སྡེའི་དགོངས་པ་རྫོགས་པར་འགྲེལ་བར་ལུང་བསྟན་པ་དེས། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཐེག་པ་ཆེན་པོའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་བལྟ་བ་ལ་འགྲོན་པོ་ཕྱོགས་བསླད་པ་བཞིན་དུ་གྱུར་ཏེ། ཚིག་སྔ་ཕྱིའི་འབྲེལ་ཡང་ཁོང་དུ་ཆུད་པར་དཀའ་ན་དོན་མཆོག་ཏུ་ཟབ་པ་ལྟ་ཅི་སྨོས་པར་གཟིགས་ཤིང་། རང་ཉིད་ཀྱང་དེ་བཞིན་གཤེགས་པའི་གསང་བའི་གནས་ཐམས་ཅད་ལ་ལྐོག་ཏུ་གྱུར་པར་མཁྱེན་ནས། ཐུབ་པའི་གསུང་གི་གསང་བ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བ་རྒྱལ་ཚབ་དམ་པ་དེ་མཉེས་པར་བྱས་ན་ཅི་འདོད་པའི་དོན་འགྲུབ་བོ་སྙམ་དུ་དགོངས་ནས་སྒྲུབ་པ་ལ་ཞུགས་པས་ཞལ་མངོན་སུམ་དུ་གཟིགས་ཏེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ཏེ་ཆོས་གསན་པས་གསུང་རབ་མཐའ་དག་གི་དགོངས་པ་ཡོངས་སུ་རྫོགས་པར་རྟོགས་པར་གྱུར་ཏོ། །ཞེས་བྱུང་བ་ལྟར་རོ།། །།
༡༠༽ རྗེ་བཙུན་བྱམས་མགོན་བྱོན་སྐབས་ཀྱི་རྣམ་པ།
དེ་ཡང་འཕགས་པ་ཐོགས་མེད་ཀྱི་འཁྲུངས་ཡུལ་ནི། དེང་སྐབས་པ་ཀི་སི་ཐན་ (Pakistan) གྱི་ས་ཆ་པེ་ཤ་ཝར་ (Peshwar) ཁུལ་དུ་སྐུ་འཁྲུངས་ཀྱང་། རྒྱ་གར་གྱི་ཡུལ་དབུས་སུ་ཡོད་པའི་རི་བོ་བྱ་རྐང་འདིར་ཕེབས་ནས་རྗེ་བཙུན་བྱམས་མགོན་སྒྲུབ་པ་ལ་རྒྱུ་མཚན་གལ་ཆེན་ཡོད་པ་སྨོས་མི་དགོས། དེ་ཡང་གཙོ་བོ་སྟོན་པ་སངས་རྒྱས་ཉིད་ཀྱི་སློབ་མའི་མཆོག་གྱུར་གཏད་རབས་བདུན་གྱི་ཐོག་མ་གནས་བརྟན་འོད་སྲུང་ཆེན་པོ་ཞེས་སངས་རྒྱས་སྐུ་དངོས་ཀྱིས་ཆོས་གོས་བརྗེས་ཤིང་། གདན་ཕྱེད་གནང་ནས་རྒྱལ་ཚབ་ཏུ་མངའ་གསོལ་བས་ཕྱིས་སུ་སྟོན་པའི་བཀའ་བསྡུ་མཛད་པ་པོ་གཙོ་བོར་གྱུར་པ་དེ་ཉིད་ཀྱི་རྣམ་ཐར་གྱིས་ཐུགས་རྒྱུད་བསྐུལ་བ་ཞིག་ཡིན་ངེས། དེ་ཡང་གནས་བརྟན་འོད་སྲུང་ཆེན་པོ་སྐུ་གཤེགས་ཚུལ་སྐོར་ལ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གསུང་རབ་རྣམས་མཐུན་པ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[4]། དེ་ནས་འོད་སྲུང་ཆེན་པོས།
ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །
གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་བས་སྒྲོན་མར་ཡང་དག་ལྡན། །
དེ་ནས་འོད་སྲུང་གིས་སྟོན་པའི་གསུང་ཅི་ནུས་སུ་བསྒྲུབས་ཤིང་ཕན་གདགས་པ་ཅུང་ཟད་བྱས་ཏེ། མ་ལུས་པར་སུས་ནུས་ང་མྱ་ངན་ལས་འདའ་བར་བྱའོ་སྙམ་སྟེ།
བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །
གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །
ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་བཟུང་། །
བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །
ཀུན་དགའ་བོ་ཤེས་པར་གྱིས་ཤིག །སྟོན་པས་ང་ལ་བསྟན་པ་གཏད་ནས་འདས་སོ། །ང་ཡང་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག །ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིག །དེ་ནས་འོད་སྲུང་གིས་སྐུ་གདུང་གི་མཆོད་རྟེན་བརྒྱད། ཀླུའི་ཡུལ་གྱི་ཚེམས་མཆེ་བ་མཆོད་དེ། སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ། ཚེམས་མཆེ་བ་ལ་མིག་མི་འཛུམ་པར་བལྟས་ནས། སྤྱི་བོ་ལ་བཞག་སྟེ་མཆོད་ནས། ལྷ་རྣམས་ལ་བག་ཡོད་པར་བྱོས་ཤིག །ཅེས་གདམས་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏེ། མ་སྐྱེས་དགྲ་ལ་སྦྲན་པས་གཉིད་དུ་སོང་སྟེ། སད་པ་དང་སྦྲན་ནོ་ཞེས་སྨོས་ཤིག །ཅེས་བྱས་ནས་ལྷོ་རི་བྱ་རྐང་གི་རི་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་བཏིང་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ཏེ། བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད་ནས་རི་གསུམ་བཀབ་སྟེ། སྨྲེ་སྔགས་མང་པོ་བཏོན་ནས་མི་སྣང་བར་གྱུར་ཏོ།།
དེའི་ཚེ་མ་སྐྱེས་དགྲ། རྒྱལ་རིགས་ཀྱི་ཞང་པོ་རྒྱུད་ཆད་པ་རྨིས་ནས་སད་པ་དང་། འོད་སྲུང་འདས་པ་ཐོས་ཏེ་བརྒྱལ་ལོ། །སངས་པ་དང་བྱ་རྐང་གི་རི་ལ་འཛེགས་པས། གནོད་སྦྱིན་གྱིས་རི་ཕྱེའོ། །དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེག་པར་བརྩམས་པ་དང་། ཀུན་དགའ་བོས་འདི་ནི་བྱམས་པའི་གསུང་རབ་བྱུང་གི་བར་བྱིན་གྱིས་བརླབས་ཏེ། བྱམས་པའི་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུས་འོད་སྲུང་གི་ལུས་འདི་བཟུང་ནས། འདི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་འཆང་བའི་མཆོག་སྟེ། དེས་བསྟན་པ་བསྡུས་སོ། །ཞེས་བསྟན་པས། དེ་དག་གི་མི་རྣམས་ཆུང་ཞིང་། སྟོན་པའི་སྐུ་ཆེ་བར་ཤེས་སོ། །དེ་ནས་བྱམས་པས་འདི་ཤཱཀྱ་ཐུབ་པའི་སྣམ་སྦྱར་རོ་ཞེས་བསྟན་པས་འཁོར་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་ལེན་ཅིང་དགྲ་བཅོམ་པ་ཐོབ་པར་བྱེད་པས། འདི་བསྲེག་མི་ནུས་ཀྱི། མཆོད་རྟེན་བརྩིག་པར་བྱའོ། །དེ་ནས་མཆོད་རྟེན་བརྩིགས་ནས་མཆོད་པ་བྱས་སོ། །དེ་ནས་རི་གསུམ་བཀབ་བོ། །ཞེས་བྱུང་བ་ལྟར། ནང་བསྟན་གྱི་གསུང་རབ་རྣམས་སུ་མ་འོངས་པར་རྒྱལ་བ་བྱམས་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཀྱང་སློབ་མ་རྣམས་དགྲ་བཅོམ་པའི་འབྲས་བུ་ཐོབ་མཁན་སུ་ཡང་མི་འབྱུང་བ་ལ་ཐབས་གཞན་མེད་པར་དགེ་འདུན་བྱེ་བ་དགུ་བཅུས་བསྐོར་ནས་རི་བོ་བྱ་རྐང་གི་རི་རྩེ་འདིར་ཕེབས། གནས་བརྟན་འོད་སྲུང་ཆེན་པོའི་སྐུ་ལུས་རི་བོ་ལས་ཕྱིར་གདན་དྲངས་ཏེ་བྱམས་པ་ཉིད་ཀྱི་ཕྱག་མཐིལ་དུ་བཞག་ནས་དགེ་འདུན་པ་རྣམས་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་ཅན་གྱི་མཆོག་ཏུ་གྱུར་པའོ་ཞེས་བསྟན་པ་ན་དགེ་འདུན་པ་མང་པོས་ལུས་ཆུང་ཆུང་འདི་ལས་ཀྱང་མེད་པས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་འདུག་བསམ་པས་དད་པ་དྲག་པོ་སྐྱེས་ཏེ་ད་གཟོད་དགེ་འདུན་གྲངས་མེད་པ་ཞིག་གིས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའི་ཚུལ་ནང་པའི་གསུང་རབ་རྣམས་སུ་བྱུང་ངོ་།།
ད་དུང་པཱ་ལིའི་གསུང་རབ་ནང་དུ་བྱུང་བ་ལྟར་ན། སྐབས་དེ་དུས་ཀྱི་མིའི་ལུས་ཚད་ཤིན་ཏུ་ཆེ་བས་ཐོག་མར་གནས་བརྟན་འོད་སྲུང་ཆེན་པོའི་སྐུ་གདུང་བསྟན་པ་ན་དགེ་སློང་འགའ་ཤས་བཞད་མོ་ཤོར་བ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གོས་ནི་དེ་དག་གི་མཛུབ་མོ་གཉིས་འགེབ་ཐུབ་པ་ཙམ་གྱི་ཚད་གཞི་ལས་མེད་པས་སངས་རྒྱས་དེ་དེ་འདྲའི་ཆུང་ཆུང་ཞིག་ཡོད་འདུག་སྙམ་ནས་ངོ་མཚར་བྱེད་པར་འགྱུར་ཚུལ་གསུངས། དེར་བརྟེན་ནང་ཆོས་ནས་བྱུང་བའི་གཏམ་རྒྱུད་རྣམས་དང་མཐུན་པར་ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་འདིའི་གནས་བཤད་བྲིས་པར་འོད་སྲུང་ཆེན་པོས་རྒྱལ་བ་བྱམས་པ་སྒུག་གནང་ས་ཞེས་བྲིས་ཡོད་པ་ལྟར་འགྲེལ་བཤད་འདི་ནི་གནས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གོ །མདོར་ན་གནས་མང་པོ་ཞིག་ནི་འདས་པའི་ལོ་རྒྱུས་ཙམ་ལས་འབྲེལ་བ་ཆེར་མེད་ཀྱང་། གནས་མཆོག་རི་བོ་བྱ་རྐང་དང་། གནས་མཆོག་རྡོ་རྗེ་གདན་ལྟ་བུ་ནི་འདས་པ་ཙམ་མ་ཡིན་པར་མ་འོངས་པར་ཡང་འབྲེལ་བ་ཤིན་ཏུ་ཆེ་བའི་གནས་ཡིན་པས་གཞན་ལས་གལ་གནད་ཆེའོ།།
གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[5]། བྱམས་པ་བྱོན་པའི་དུས་ནི། བུ་སྟོན་རིན་པོ་ཆེ་དང་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་ལྟར་ན། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་སངས་རྒྱས་བྱམས་པ་མ་བྱོན་གྱི་བར་དུ་མི་ལོ་བྱེ་བ་ཕྲག་ལྔ་བཅུ་ང་བདུན་དང་ས་ཡ་ཕྲག་དྲུག་ཡོད་པས། དེང་སང་གི་རྩི་སྟངས་ལྟར་བྱས་ན། མི་ལོ་དུང་ཕྱུར་ལྔ་དང་བྱེ་བ་བདུན། ས་ཡ་དྲུག་ཡོད། ཅེས་གསལ་བ་ལྟར་རོ།།[6] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༥
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༦
[3] རྒྱལ་ཚབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢
[4] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༢༥
[5] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། ༼ཆ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༣༥
[6] (མཆན། གོང་གསལ་དཔྱད་རྩོམ་འདི་ཉིད་གཙོ་བོ་ (S. Dhammika) གིས་དབྱིན་ཡིག་ཐོག་ཏུ་བྲིས་པའི་དཔྱད་རྩོམ་དང་། ལ་དྭགས་བླ་མ་ཨཱ་ནྡཱར་བཅར་འདྲི་ཞུས་པ་གཉིས་ལ་ཁུངས་གཙོ་བོར་བཅོལ་ཏེ་བྲིས་པའི་རྩིས་ཆེ་ལེགས་མཐོང་གིས་བཀོད་པའི་རི་བོ་བྱ་རྐང་གསར་དུ་རྙེད་པ། ཞེས་པའི་རྩོམ་ཡིག་རྨང་གཞིར་བཟུང་ནས་ཁུངས་དང་བཅས་ཏེ་ཞིབ་པར་བཀོད་པའོ།།)
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༢༥ ནས་ ༥༣༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།