༄༅། །ཁྲོ་བོ་གསུམ་ལྷ་ལ་བརྟེན་ནས་ཀླུ་བདུད་ནག་པོའི་གདོན་གྲོལ་ཟླ་ཤེལ་བསིལ་བ་ཞེས་བྱ་བ་བཞུགས་སོ།།[1]
༄༅། །ན་མོ་གུ་རུ་བཛྲ་ཀྲོ་དྷ་ཡ། འདིར་ཁྲོ་བོ་གསུམ་ལྷ་ལ་བརྟེན་ནས་ཀླུ་བདུད་ནག་པོ་དང་ས་བདག་སྲིན་པོ་གཉན་ལ་སོགས་པའི་གདོན་གྲོལ་བྱ་བར་འདོད་པས། དང་པོར་ས་ནག་བྲག་ནག་ཆུ་ནག་ཤིང་ནག་སྦྲུལ་ནག་མང་བའི་གནས་ཡུལ་བརྟག་པའམ། ཡང་ན་ཡིད་དང་མཐུན་པའི་གནས་སུ་གཙང་བར་བྱ་ལ། གདན་གྲུ་བཞིའི་སྟེང་དུ་རྒྱ་མཚོ་འཁྱིལ་བར་འབྲི།
དེའི་སྟེང་དུ་འཇིམ་པའི་རི་རབ་ནག་པོ་གྲུ་བཞི་བརྩིགས་པའི་སྟེང་དུ་ཟན་གྱིས་ཀླུ་ནག་པོ་སྡིག་པའི་མགོ་བོ་ཅན་སྦྲུལ་གྱི་གདེངས་ཀ་བདུན་དང་ལྡན་པ། ཕྱག་གཡས་ཤིང་འཚེར་མ་ཅན་དང་། གཡོན་མེ་ཏོག་སྔོན་པོ་འཛིན་པ་སྦྲུལ་མཇུག་འཁྱིལ་བས་གཡག་ནག་པོར་གཞོན་པར་བྱས་ཏེ། མཐའ་སྐོར་དུ་སྦྲུལ་ནག་ཉ་ནག་སྡིག་ནག་སྦལ་ནག་ཉེར་གཅིག་གིས་བསྐོར། རྒྱང་བུ་ནམ་མཁའ་འཕང་ནག་མདའ་ནག་ལྔ་ལྔ་འཛུགས། རས་ནག་པོས་ལྕགས་རི་བྱས་ལ། སྟེང་དུ་གུར་ནག་པོ་ཕུབ། མདུན་དུ་ཟངས་སྡེར་ནང་དུ་ཟླུམ་གཏོར་གྱི་མཐའ་སྐོར་ལྷ་བཤོས་བརྒྱད་རིལ་བུ་དང་བཅས་པ་བཤམས། དེའི་ཤར་དུ་ཀླུ་སྨན། ལྷོར་འབྲུ་སྣ། ནུབ་ཏུ་རིན་ཆེན་སྣ་ཚོགས། བྱང་དུ་དཀར་གསུམ་མངར་གསུམ་སྣོད་སོ་སོའི་ནང་དུ་བཞག །དར་སྣ་དབུ་ལ་འཛུགས་ཏེ། ཉེར་སྤྱོད་མཆོད་པ་ལྔའམ་ཚར་གཉིས་རེ་བཤམས། ཅོག་ཙེ་ཆུང་ལ་ཀླུའི་གཏོར་མ་སྦྲུལ་གྱི་མགོ་བརྙན་གྱི་མཐར་ནད་པའི་དྲི་ཀླུད་ཆང་བུ་མཐེབ་ཀྱུ་དང་བཅས་པ་སྣོད་ནང་དུ་བཞག །རང་གི་མདུན་ཁྲི་སྟེང་ཁྱུང་ཁྲ་རྟ་མགྲིན་ཕྱག་རྡོར་གསུམ་གྱི་གཏོར་མ་ཉེར་སྤྱོད་དང་བཅས་པ་ཚར་གསུམ་བཤམས། བུམ་པ་གཉིས་མགུལ་འཆིང་གཟུངས་རྡོར་ཀླུ་སྨན་སོགས་ནང་དུ་བླུག་པ་དང་བཅས་པ་མཛེས་ཤིང་ཡིད་དུ་འོང་བར་བཤམས། སྒྲུབ་པ་པོས་ཁྲོ་བོ་ཁྱུང་ཁྲ་རྟ་མགྲིན་ཕྱག་རྡོར་ལྷ་གསུམ་གྱི་བདག་བསྐྱེད་བསམ་པའི་ངང་ནས། སྭབྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོཾ་ཡིག་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་ཀླུ་དུག་ཞི་བར་བྱ། ཚུར་བསྡུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཁྱུུང་ཁྲ་མགོ་རླུང་ནག་པོ་སྟོད་ཕྱག་མེ་དམར་པོ་ལྟོ་ཆུ་དཀར་པོ་བརླ་ཞབས་ས་སེར་པོ་རྭ་གཉིས་ཀྱི་དབུས་སུ་ནོར་བུས་མཚན་པ། ལྕགས་ཀྱི་སྡེར་མོས་སྦྲུལ་འཛིན་ཅིང་ཟ་བ། གཤོག་པ་ལྡན་ཞིང་མིག་སེར་འཁྱིལ་བ། ཞབས་འོག་ཏུ་ཀླུ་བདུད་མནན་པར་གྲོལ་བ་དང་། ཐུགས་ཀའི་ཧྲཱིཿལས་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་སེང་ལྡེང་གི་དབྱུག་པ་འཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པས་མེ་དཔུང་དབུས་སུ་བཞུགས་པ། དེའི་ཐུགས་ཀའི་ཧཱུཾ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་འཕྱར་ཞིང་། གཡོན་སྡིག་མཛུབ་ཐུགས་ཀར་མཛད་པ། རིན་པོ་ཆེ་དང་སྦྲུལ་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པས་མེ་དཔུང་དབུས་སུ་བཞུགས་པ། ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཡེ་ཤེས་པ་འགུགས་བཞུགས་བྱས་ཏེ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས། སྭབྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་ནང་དུ་མཆོད་རྫས་བདེ་སྟོང་ཟག་པ་མེད་པའི་བདུད་རྩིར་གྱུར། ཨོཾ་ཨརྒྷཾ་ནས། ཤཔྟ་ཨཱཿཧཱུཾ་གི་བར་བྱིན་གྱིས་རླབས། ཨོཾ་བཛྲ་ག་རུ་ཏ་ཧ་ཡ་གྷྲཱི་ལ་བཛྲ་པ་ཎི་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ནང་མཆོད་ཀྱང་འབུལ་ལ། འབྱུང་བ་ལྔ་ཡི་ཁ་དོག་སྣ་ཚོགས་འབར། །རབ་རྨོངས་དུག་ལྔ་ཀླུ་དུག་ཞི་བ་དང་། །རྡོ་རྗེ་མཁའ་ལྡིང་ཁྲོ་བོ་དབང་པོའི་སྐུ། །བགེགས་སྐྲད་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རབ་དམར་ཁྲོ་བོའི་གར་མཛད་དབང་གི་ལྷ། །དབང་དྲག་རོལ་མཛད་འཇིགས་རུང་མེ་ལྟར་བརྗིད། །ཀླུ་དུག་རབ་འཇོམས་དཔའ་བོ་ཆེན་པོའི་སྐུ། །རྟ་མཆོག་རོལ་པ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་ཆེན་ཁྲོ་བོ་མཐུ་དྲག་རྡོ་རྗེ་འཛིན། །ཧཱུཾ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་གཡོ། །ཀུན་གྱི་མ་རུངས་འདུལ་ཕྱིར་ཁྲོ་བོའི་སྐུ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཅེས་བསྟོད་པ་བྱས་ཏེ། རང་ཉིད་དྲག་པོ་གསུམ་འདུལ་ལ་གསལ་བའི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོཾ་ཁྲ་ཧྲཱིཿདམར་ཧཱུཾ་སྔོན་པོའི་སྔགས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་གཞན་གྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དུ་ཀླུ་བདུད་སོགས་ཀྱི་དུག་ཐམས་ཅད་ཚར་གཅོད་པའི་མཐུ་སྟོབས་བྱིན་རླབས་རང་ལ་ཐིམ་པར་བསམ་ལ། ཨོཾ་པཀྵིཾ་སྭཱཧཱ། ཞེས་ཁྱུང་ཁྲའི་སྔགས། ཧྲཱིཿབཛྲ་ཀོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་རྟ་མགྲིན་གྱིས་སྔགས་དང་། ཨོཾ་བཛྲ་པཎི་ཧཱུཾ་ཕཊ། ཅེས་ཕྱག་རྡོར་སྔགས་གསུམ་གང་མང་ཅི་རིགས་པར་བཟླས་ནས་ཡིག་བརྒྱས་ཁ་བསྐང། གཏོར་མ་འབུལ་བ་ནི། བླ་མེད་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་གྱིས་ལོག་འདྲེན་འདུལ་བའི་ལྷ་ཚོགས་འཁོར་བཅས་མདུན་དུ་སྤྱན་དྲངས། ཀ་མ་ལ་ཡེ་སྟཾ། ལྗགས་འོད་ཟེར་གྱིས་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་གསོལ་བར་བསམ་ལ། ཨོཾ་བཛྲ་ག་རུ་ཊ་ཧ་ཡ་གྷྲི་ཝ་བཛྲ་པཱ་ཎི་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་འབུལ། སླར་ཡང་མཆོད་བསྟོད་བྱས་ལ། བུམ་སྒྲུབ་བྱ་བ་ནི། ཨ་མྲྀ་ཏས་བསངས། སྭབྷ་ཝས་སྦྱངས། སྟོང་པའི་ངང་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་ཞེས་པ་ནས། བདག་བསྐྱེད་ལྟར་བསྐྱེད་ལ་མཆོད་བསྟོད་བྱ། རང་གི་སྙིང་གའི་ཁྲོཾ་ཧྲཱི་ཧཱུཾ་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ཏེ། བུམ་ལྷའི་ཐུགས་རྒྱུད་ལ་བསྐུལ། དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་འོད་དང་བདུད་རྩིའི་རྣམ་པར་སྤྱན་དྲངས། འོད་ཟེར་ཚུར་འདུས་པ་ལས་བུམ་པའི་ནང་གི་ཆུ་ལ་ཐིམ་པས་ཀླུ་དུག་སྦྱངས་པའི་བདུད་རྩིར་གྱུར་པར་བསམ་ལ། སྔགས་གསུམ་ཅི་རིགས་པར་བཟླས་ལ། ཡིག་བརྒྱས་ཁ་བསྐང་། བཟོད་གསོལ་བསྔོ་སྨོན་བྱ། བུམ་པའི་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། དེ་ནས་གླུད་ཡས་མཆོད་གཏོར་རྫས་རྣམས་བསང་སྦྱངས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། ན་མོཿ བླ་མའི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྲོ་བོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པའི་བྱིན་རླབས་མཐུ་སྟོབས་ནུས་པ་ལ་བརྟེན་ནས་བྲག་ཆུ་ཤིང་ས་ནག་པོའི་རིགས་ལ་གནས་པའི་ཀླུ་བདུད་ནག་པོ་འཁོར་དང་བཅས་པ་འདིར་ཁུག་ཅིག །ཛ་ཛཿ ཞེས་ལན་གསུམ་བརྗོད། ཧཱུཾ། རྒྱ་མཚོ་ཆེན་པོའི་འཁྲུག་པའི་ཀློང་། །ཕོ་བྲང་ཁང་བཟང་དཀྱིལ་འཁོར་ན། །ཀླུ་ནག་རྒྱལ་པོ་ས་བདག་སོགས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ནཱ་ག་རཱ་ཛ་ཛ་ཛཿཛཿཧཱུཾ་བཾ་ཧོཿ གཟུགས་བརྙན་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། སྔགས་ཀྱང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མདོས་གཏོ་ཡས་ལ་འབུམ་པའི་ལྷར་གསལ་བའི་ངང་ནས། ཧཱཱུཾ། ཀླུ་བདུད་ནག་པོ་ཆེན་པོ་ཁྱོད། །ས་སྲིན་ས་བདག་འཁོར་དང་བཅས། །སྔགས་འཆང་ང་ཡི་བཀའ་ལ་ཉོན། །ང་ནི་ཁྲོ་རྒྱལ་ཁྱུང་ཆེན་སྐུ། །ང་ནི་ཁྲོ་རྒྱལ་གསང་བདག་ཐུགས། །སྔགས་འཆང་ང་ལ་མི་ཉན་མེད། །ཀླུ་གཟུགས་མཛེས་པ་ཁྱོད་ལ་འབུལ། །རྒྱུ་སྦྱོར་ཡོན་བདག་ནད་སྒྲིབ་སོགས། །དུག་རྩུབ་མ་ལུས་ཞི་གྱུར་ཅིག །རི་རབ་ནག་པོ་གྲུ་བཞི་བརྩིགས། །ཁྱོད་ལ་འབུལ་ལོ་ཡུལ་བཤིགས་སྒྲིབ། །དུག་ཕོག་ཐམས་ཅད་ཞི་གྱུར་ཅིག །ཉ་སྡིག་སྦྲུལ་སྦལ་ཁྱེད་ལ་འབུལ། །འབྲུ་ཕྱུགས་གོད་ཁ་སྒྲིབ་ཕོག་པ། །མ་ལུས་ཐམས་ཅད་ཞི་གྱུར་ཅིག །ནམ་མཁའ་རྐྱང་འཕང་མདའ་གླུད་བཞེས། །མདོས་བདག་ཆེན་པོ་མདོས་གླུད་བཞེས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཀླུ་བདུད་དུག་ཕོག་ཞི་བར་མཛོད། །
ཧཱུཾ། དགུན་དུས་ས་བྲག་ཤིང་ནག་གནས། །དུག་ཕོག་ཐམས་ཅད་ཞི་གྱུར་ཅིག །དབྱར་དུས་སྦྲུལ་ནག་གཞོན་པ་ཅན། །དུག་ཕོག་ཐམས་ཅད་ཞི་གྱུར་ཅིག །སྟོན་དུས་གཡག་ནག་གཞོན་པ་ཅན། །དུག་ཕོག་ཐམས་ཅད་ཞི་གྱུར་ཅིག །དཔྱིད་དུས་སྡིག་པ་ནག་པོ་གཞོན། །དུས་ཕོག་ཐམས་ཅད་ཞི་གྱུར་ཅིག །དུས་བཞིའི་དུས་ཕོག་རྩུབ་པ་དང་། །སྒྲིབ་ཕོག་ཐམས་ཅད་ཞི་གྱུར་ཅིག །ཅེས་ལན་གསུམ་བརྗོད།
ཀྱཻ། དཀར་གཏོར་འབྲུ་སྣ་དར་སྣ་དང་། །དཀར་གསུམ་མངར་གསུམ་ཀླུ་སྨན་བགྱེད། །རིན་ཆེན་སྣ་ཚོགས་ལ་སོགས་གཏལ། །རྒྱུ་སྦྱོར་ཡོན་བདག་ནད་དོན་བགེགས། །ཀླུ་བདུད་རྩུབ་དུག་ཆེ་ཕོག་པ། །མྱུར་དུ་བྱམས་པའི་སེམས་ལྡན་ཞིང་། །ཐམས་ཅད་མ་ལུས་བྱང་བར་མཛོད། །དེ་ནས་ནད་པ་བུམ་ཆུས་ཁྲུས་བྱས་ལ། ལྷ་སྔགས་བཟླས། སྦྱིན་པའི་བདག་པོ་འདི་ཉིད་ཀྱི་ནད་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཀླུ་བདུད་ནག་པོའི་དུག་ཕོག་པ་ཐམས་ཅད་x ས་བདག་གི་དུག་ཕོག་པ་x གཉེན་ནག་པོའི་དུག་ཕོག་པ་x ནད་གདོན་བགེགས་སོགས་བར་དུ་གཅོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ། ཨ་པ་ན་ཡེ་སྭཱཧཱ། ཞེས་རྨ་བྱ་སྒྲོས་བྱབས་པ་དང་། རཀྵ་རཀྵཿ ཞེས་རྡོ་རྗེས་གོ་ཁྲབ་བསྲུང་། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཁྲོ་བོ་གསུམ་གྱི་ཐུགས་རྗེ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །དེ་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵཿ ཅེས་བརྗོད། གུ་གུལ་གྱིས་བདུག །རོལ་མོ་སྒྲ་སྒྲོགས་མཚམས་བརྔམས་སུ་བྱ་ཞིང་། དྲི་གླུད་ཕྱོགས་ངན་དུ་བསྐྱལ་ལོ། །ཀླུ་རྒྱལ་ཆེན་པོ་རང་གནས་སུ་གཤེགས། །ཀླུ་རྗེ་རིགས་རྣམས་x ཀླུ་བྲམ་ཟེ་རིགས་x ཀླུ་དམངས་རིགས་རྣམས་x ཀླུ་གདོལ་རིགས་རྣམས་x ས་བདག་འཁོར་བཅས་རང་གནས་གཤེགས། །གཉན་ནག་ཆེན་པོ་རང་གནས་གཤེགས། །ཀླུ་སྲིན་ས་སྲིན་རང་གནས་གཤེགས། །ཐམས་ཅད་རང་རང་གནས་སུ་གཤེགས། །ཀླུ་བདུད་ཐམས་ཅད་རང་རང་གནས་སུ་གཤེགས་པར་བསམ་ལ། དྲག་སྔགས་བརྗོད་ཅིང་། བསྐྲད་པར་བྱ། བྱ་ཁྱུང་གི་ཕྱག་རྒྱ་བྱས་ཏེ། ཨོཾ་ཀ་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་བརྗོད་དེ། གནོད་པའི་སའམ་ཐེ་ཚོམ་གྱི་གནས་སུའམ་ཆུ་ལ་བསྐྱལ། ལྷ་ལ་གཏང་རག་བྱས་ཏེ་བསྔོ་སྨོན་བཀྲ་ཤིས་ཅི་རིགས་པར་བྱའོ། །དེས་ཀླུ་བདུད་ནག་པོ་སོགས་ཀྱི་གདོན་ཐམས་ཅད་སེལ་བར་བྱེད་པ་དང་། ས་གཉན་པོའི་གནོད་པ་མི་འགྱུར་རོ། །ཀླུ་བདུད་ནག་པོའི་གདོན་གྲོལ་ཟླ་ཤེལ་བསིལ་བ་ཞེས་བྱ་བ་འདི་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །སརྦ་མངྒ་ལཾ།། བྷ་ཝནྟུ།། །།[2]

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཅོམ་ལྡན་འདས་ཀྱི་ཞལ་གསུངས་དབང་ཕྱུག་བྱད་བཟློག་ནག་ཕྱོགས་འགལ་རྐྱེན་ངན་པར་བཟློག་བསྒྱུར་བྱ་ཚུལ་འབར་བའི་རྡོ་རྗེའི་ཐོག་ཟེར་སོགས། པོད། ༼༡༽ ཤོག་ ༢༡༠ ནས་ ༢༢༧ བར་བཞུགས་པའི་དབུ་ཅན་དཔེ་ཐུང་བྲིས་མ་ཤོག་བུ་དགུ་ཅན་ལས་བཏུས་པའོ།།
[2] རི་ཁྲོད་ལོ་མའི་གྱོན་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བདུད་རྩིའི་ཆར་རྒྱུན་སོགས། པོད། ༼༡༽ ཤོག་གྲངས་ ༢༤༩ ནས་ ༢༦༠ བར་བཞུགས་པའི་བྲིས་མ་ཤོག་བུ་དྲུག་ཅན། ཁྲོ་བོ་ལྷ་གསུམ་ལ་བརྟེན་པའི་ས་བདག་ཀླུ་གཉན་གདོན་གྲོལ་ཞེས་བྱ་བ་ཞུགས་སོ། །ཞེས་པ་ཡང་འདི་དང་གཅིག་གོ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།