གྲུབ་ཆེན་ས་ར་ཧ་དང་། ཀླུ་སྒྲུབ། འཕགས་པ་ལྷ། ཀླུའི་བྱང་ཆུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་བཅས་ཀྱི་རྣམ་ཐར།

 

གྲུབ་ཆེན་ས་ར་ཧ་དང་། ཀླུ་སྒྲུབ། འཕགས་པ་ལྷ། ཀླུའི་བྱང་ཆུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་བཅས་ཀྱི་རྣམ་ཐར།

 

གྲུབ་ཆེན་ས་ར་ཧའི་རྣམ་ཐར།

 

ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[1]། སྤྱིར་ཨོ་རྒྱན་དུ་ལ་ལས་དབང་དང་ལུང་ཐོབ་ཀྱང་རྒྱུད་མ་ལོན་པ་དང་། ལ་ལས་རྒྱུད་ལོན་ཀྱང་དབང་དང་ལུང་མ་ཐོབ་པ་ཡོད་ནའང་། རྒྱལ་པོ་འདིས་ཐམས་ཅད་དུས་གཅིག་ལ་ལོན་པ་ཡིན་ལ། དེ་ནས་རྒྱལ་པོ་དེས་གསང་བ་འདུས་པའི་དོན་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་རྒྱུད་རྣམས་ཁྱེར་ཏེ་འཕགས་ཡུལ་དུ་བྱོན་པས།

དེའི་ཚེ་འཕགས་ཡུལ་གྱི་ཡུལ་ར་ཌའི་བྲམ་ཟེ་ཞིག་ལ་སྲས་བཞི་ཡོད་པ་ལས། དེ་དག་གིས་གཞོན་ནུའི་དུས་སུ་སྒྲའི་བསྟན་བཅོས་ལ་སོགས་པ་རིག་པའི་གནས་ལ་ལེགས་པར་སྦྱངས། ཕྱིས་བསྟན་པ་ལ་དད་པར་གྱུར་པ་དང་། དེའི་ནང་ནས་གཅིག་བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་རབ་ཏུ་བྱུང་བའི་མཚན་ཡང་སྒྲ་གཅན་འཛིན་བཟང་པོར་བཏགས། དེས་ཕྱིའི་སྡེ་སྣོད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ། བི་ཀ་མ་ལ་ཤཱི་ལའི་མཁན་པོ་མཛད་ཅིང་བཞུགས་པ་ལས། རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བས་ཨོ་རྒྱན་ནས་མཁའ་འགྲོ་མ་རྣམས་ལས་གསང་སྔགས་ཟབ་མོའི་ཆོས་ལོན་ཡོད་ཟེར་བ་ཐོས་ནས་དད་དེ། དེའི་དྲུང་དུ་སོང་ཞིང་ཞུས་པས། དེས་ཀྱང་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག །དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་། བྲམ་ཟེ་དེས་ཀྱང་དོན་ཉམས་སུ་བླངས་པས་བསྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། དེ་མཐར་ཕྱིན་པར་བྱ་བའི་ཕྱིར་རབ་བྱུང་གི་ཆ་ལུགས་སྦས་ཏེ་སྤྱོད་པ་ལ་གཤེགས་སོ། །དེའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲངས་ན་གནད་དུ་འཕོག་པ་བཞིན་དུ། སེམས་ཉིད་གནས་ལུགས་ཀྱི་སྟེང་དུ་སྲོང་ན་གྲོལ་བར་རྟོགས་ནས་རྟོགས་པ་མཆོག་བརྙེས་སོ། །དེའི་ཚེ་ས་ར་ཧ་ཞེས་པར་མཚན་གྲགས། དེ་ཡང་མདའ་བསྣུན་ཞེས་པ་ཡིན་ལ། གྲུབ་ཆེན་དེས་རང་གི་རྟོགས་པ་གླུར་བླངས་པ་དོ་ཧ་མཛོད་མཛད། དེ་ཡང་སྤྱིར་དོ་ཧ་ལ་རྒྱལ་པོ་དོ་ཧ། བཙུན་མོ་དོ་ཧ། དམངས་དོ་ཧ་དང་གསུམ་ལས། དེ་གསུམ་ཆར་སློབ་དཔོན་འདིས་མཛད་པར་གྲགས་ཀྱང་། གཞན་གཉིས་ནི་བལ་པོའི་པཎྜི་ཏ་ཞིག་གིས་བྱས་པ་སློབ་དཔོན་འདི་ལ་ཁ་འཕངས་པ་ཡིན་པར་གྲགས་ལ། འདིས་མཛད་པའི་དོ་ཧ་ནི་དམངས་དོ་ཧར་གྲགས་ལ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་པ་ཡོད་པ་དེ་ཡིན་པར་བཤད་དོ། །དེ་ལྟ་བུའི་གྲུབ་པའི་སློབ་དཔོན་ཆེན་པོ་དེ་མཐར་དཔལ་གྱི་རི་ལ་གཤེགས་ཤིང་། ལོ་སུམ་སྟོང་བཞི་བརྒྱ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད་པར་གྲག་གོ།

 

ཀླུ་སྒྲུབ་ཀྱི་རྣམ་ཐར།

 

དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ནི་དཔལ་འཕགས་པ་ཀླུ་སྒྲུབ་སྟེ། དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་གཅིག་ལ་བུ་མེད་པ་ལས། ལན་ཅིག་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཅེས་པའི་ལུང་བསྟན་བྱུང་། དེ་ནས་དེ་ལྟར་བྱས་པས་ཟླ་བ་བཅུ་ནས་ཁྱེའུ་ཞིག་བཙས་ཏེ་མཚན་མཁན་ལ་བསྟན་པས། མཚན་བཟང་མོད་ཀྱི། འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར། དེ་ལ་ཅིས་ཕན་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་ཟླ་བ་བདུན་དང་།  དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་དོ་ཟེར། དེ་ནས་དེ་བཞིན་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། བུའི་རོ་མཐོང་བ་ཕ་མས་མི་བཟོད་པས་གཡོག་དང་བཅས་ཡུལ་ཁམས་གཞན་དུ་བཏང་། དེས་ཀྱང་སོང་སོང་སྟེ་ཁ་སར་པ་ཎིའི་ཞལ་བལྟས་ནས་རིམ་གྱིས་ན་ལེནྡྲ་ན་ས་ར་ཧ་བཞུགས་པའི་སྒོ་དྲུང་དུ་སླེབས་ནས། དེར་སྙན་ངག་གི་རིག་བྱེད་སྟོན་པས། བྲམ་ཟེ་ཆེན་པོས་གསན་ནས་ནང་དུ་བོས་པ་ན། སྔར་གྱི་ཚུལ་རྣམས་ཞུས་པས། སློབ་དཔོན་ན་རེ། རབ་ཏུ་བྱུང་ན་ཐབས་ཡོད་གསུངས། ཕྱིས་རབ་ཏུ་བྱུང་བར་ཁས་བླངས། དེར་སློབ་དཔོན་གྱིས་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་གཟུངས་འདོན་དུ་བཅུག ཁྱད་པར་ལོ་བདུན་ལོན་པའི་ནུབ་མོ་མཚན་ཐོག་ཐག་བཟླས་པས་འཆི་བདག་གི་ཆད་པ་ལས་ཐར་ཏེ་ཚེའི་རིག་འཛིན་བརྙེས། དེ་ནས་ལོ་བརྒྱད་ལོན་པ་ན་བྲམ་ཟེ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་རིམ་གྱིས་ཤེས་བྱ་རིག་པའི་གནས་རྣམས་དང་ཐེག་པ་ཆེ་ཆུང་ཐམས་ཅད་ལ་སྦྱངས་སོ། །ཕྱིས་ཕ་མ་དང་མཇལ་བར་བཞེད་ནས་ཕོ་ཉ་བས་བརྡ་སྦྱར་བ། ཕ་མ་ན་རེ། ད་མྱ་ངན་གསང་སྒྲོགས་མི་དགོས་ཟེར་ནས་ཡིད་མ་ཆེས། དེ་ལ་ལོ་རྒྱུས་ཞིབ་པར་བསྙད་པས་ཡིད་ཆེས། ཕ་མ་དང་མཇལ་ཐམས་ཅད་དགའ་མགུར་གྱུར་ཏོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཉིད་ལ་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་ཞུས་པས། དེས་ཀྱང་དཀྱིལ་འཁོར་དུ་བཅུག་དབང་བསྐུར། རྒྱུད་བཤད། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་ངོ་། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཉིད་ལ་མཁན་པོ་ཞུས་ནས་བསྙེན་པར་རྫོགས་པར་མཛད་ནས་མཚན་དགེ་སློང་དཔལ་ལྡན་ཞེས་བཏགས་སོ། །དེ་ལྟ་བུའི་མཁན་པོ་སྒྲ་གཅན་ཟིན་དང་། གྲུབ་པ་བརྙེས་པའི་མཚན་ས་ར་ཧ་གཉིས་ལོ་རྒྱུས་ཕལ་ཆེར་ལས་གཅིག་པ་ཁོ་ན་འབྱུང་ཡང་། མཁས་པའི་དབང་པོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དེ་གཉིས་ལས་ཐ་དད་པར་བཤད་ལ། གང་ལྟར་དེའི་ཚེ་མཁན་པོས་ལོ་བཅུ་གཉིས་སུ་མུ་གེ་ཡོང་བས་གཙུག་ལག་ཁང་ཉམས་དམས་པར་གཟིགས་ནས། དགེ་འདུན་རྣམས་ཀྱི་ཞལ་ལྟ་བར་དགེ་སློང་དཔལ་ལྡན་བསྐོས་ཏེ་དཔལ་གྱི་རི་ལ་གཤེགས། དེར་དགེ་སློང་དཔལ་ལྡན་གྱི་ཐུགས་དགོངས་ལ་གསེར་འགྱུར་གྱི་རྩི་བྱས་ལ་དཀོན་མཆོག་དང་དགེ་འདུན་གྱི་ཞབས་ཏོག་བྱའོ་སྙམ་དུ་དགོངས་ཏེ། སློབ་དཔོན་བ་ལིཾ་ཏའི་དྲུང་དུ་གསེར་འགྱུར་གྱི་གདམས་པ་ཞུས། གླིང་བར་ནས་གསེར་འགྱུར་གྱི་རྫས་རྣམས་བླངས་ཏེ་གསེར་འགྱུར་བྱས་པས་མ་གྲུབ་པ་དང་། ཆང་ཚོང་མ་ཞིག་གི་སྐྱ་བ་གསེར་དུ་གྱུར་པ་གཟིགས་ནས། དེ་ལ་བླངས་པས་གསེར་འགྱུར་གྲུབ། ཟངས་རྣམས་གསེར་དུ་བསྒྱུར། མུ་གེ་མ་བྱུང་བའི་ས་ནས་འབྲུ་མང་པོ་དྲངས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར། དེའི་ཚེ་ཡུལ་ཕྱོགས་ཀྱི་མི་སྟོབས་མེད་རྣམས་ཤི སྟོབས་ཆེན་རྣམས་གཞན་དུ་དེང་སྟེ་ཡུལ་སྟོངས་པར་གྱུར་ཏོ། །དེ་ནས་མུ་གེ་བསང་པ་ན་དགེ་འདུན་རྣམས་ན་རེ། ཡུལ་ཕྱོགས་འདིར་མུ་གེ་བྱུང་བ་ཡིན་འདུག་པ་ལ། ཁྱོད་ཀྱིས་ཇི་ལྟར་བྱས་ནས་དགེ་འདུན་གྱི་འཚོ་བ་བཙལ་ཟེར། རྒྱུ་མཚན་བསྙད་པས། ཁྱོད་ཀྱིས་དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས་དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས་གནས་ནས་ཕྱུང་ལ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོའོ། །དེའི་ཚེ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་འབྱིན་པ་ཞིག་བྱུང་བ་ན། དེའི་གཉེན་པོར་ཆོས་སྡེ་སྣོད་མང་པོ་གསུངས། ལྟ་བ་ལོག་པ་རྣམས་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་ཅིང་ཆོས་འཆད་ཀྱིན་བཞུགས་པས། རེ་ཞིག་ན་བྱིས་པ་གཉིས་ཆོས་ཉན་དུ་བྱུང་བས་དྲི་ཞིམ་པོས་ཁོར་ཡུག་ཐམས་ཅད་ཁྱབ་པ་དང་། དེ་གཉིས་སོང་བ་ན་དྲི་ཡང་མེད་པར་འགྲོ་བ་ཞིག་བྱུང་བས། ཁྱེད་སུ་ཡིན། དྲི་འདི་ལྟར་འོང་བ་ཇི་ལྟར་ཡིན་གསུངས་པས། དེ་གཉིས་ན་རེ། ངེད་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་འོང་པ་ལ་ཙནྡན་གོར་ཤིརྵའི་བསྲུང་བ་བྱས་པ་ཡིན་ཟེར། དེར་ཐུགས་དགོངས་ལ་ཙནྡན་དེ་ལ་སྒྲོལ་མའི་སྐུ་ཞིག་བཞེངས་ན་ཕན་ཡོན་ཆེ་བར་དགོངས་ཏེ། ཙནྡན་དེ་བླང་དུ་ཡོད་དམ་གསུངས་པས། ཡབ་ལ་དྲི་ཡི་ཟེར་ནས་དྲིས་པས། སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་འབུལ་ཟེར་བས། ཞལ་གྱིས་བཞེས་ཏེ་ཀླུའི་ཡུལ་དུ་བྱོན། ཀླུ་ཁབ་སྒོ་ན་བཞུགས་པ་དང་། ཀླུའི་རྒྱལ་པོ་ན་རེ། དུག་གིས་མི་ཚུགས་ན་ནང་དུ་བྱོན་ཟེར་ནས་བྱོན་ཏེ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་བསྟན་བསོད་སྙོམས་བཞེས། དེའི་ཚེ་ཀླུ་རྣམས་ཀྱིས་བཞུགས་པར་ཞུས་པས། ད་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་འདྲེན་དུ་འོང་གིས་བསྡད་མི་ཁོམ་ཕྱིས་འོང་སྲིད་གསུངས་ཏེ། འདམ་མང་པོ་དང་། འབུམ་དང་། ཡི་གེ་ཉུང་ངུ་ཡང་གདན་དྲངས་ཏེ་འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་བ་ལ་ད་ལྟ་མཇུག་ཏུ་རྫོགས་སོ་ཡོད་པ་འདི་ཉི་ཁྲི་ནས་ཁ་བསྐངས་པ་ཡིན་ནོ་ཞེས་གྲག་གོ །དེ་ནས་མི་ཡུལ་དུ་ཀླུ་འཇིམ་ལས་མཆོད་རྟེན་ལ་སོགས་པ་བྱེ་བ་བཞེངས་དགོས་པ་རྣམས་ཕལ་ཆེར་གྲུབ་པར་མཛད། འགའ་ཞིག་གིས་ཀླུ་ཡུལ་དུ་མི་འབྱོན་པའི་ཕྱིར་མ་མཛད་དོ། །དེ་ནས་བཟུང་སྟེ་ཀླུ་སྒྲུབ་ཅེས་པ་མཚན་དུ་ཆགས་སོ། །ཡང་ནཱ་གརྫུ་ནའི་ནཱ་ག་ནི་ཀླུ་སྟེ་ཆོས་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ་གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨརྫུན་ནི་སྲིད་སྒྲུབ་སྟེ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ་བསྡུས་པས་ཀླུ་སྒྲུབ་བོ། །དེ་སྐད་དུ་ཚིག་གསལ་དུ། གང་ཞིག་མཐའ་གཉིས་གནས་ལ་གནས་གསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གི་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གི་གཉིས་མེད་ཡེ་ཤེས་གསུང་འདིའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་གསུངས་སོ། །དེ་ནས་ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་བྱས་ཏེ་སྦྱིན་གཏོང་རྒྱ་ཆེན་པོ་མཛད། དེའི་ཚེ་བྲམ་ཟེ་རྒན་རྒོན་གཉིས་ལ་ཡང་གསེར་མང་པོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས་ཆོས་མཉན་པས། ཤི་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། །དེ་ནས་ཤར་ཕྱོགས་ན་ཌ་བེ་སར་བྱོན་ནས་ལྷ་ཁང་མང་པོ་བཞེངས། དེ་ནས་སེང་ལྡེང་གི་ནགས་དྲི་ལྡན་གྱི་འདབས་སུ་བྱོན། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་བརྩམས་པའི་ཚེ། མ་ཧེ་འཚོ་བའི་བྱིས་པ་གཅིག་གིས་ནགས་ཀྱི་གསེབ་ཏུ་ཕྱིན་པས། དེ་ནས་རྒན་མོ་གཅིག་འདུག་པ་དང་འཕྲད་ནས་དེ་ན་རེ། བཙུན་པ་མ་གི་ཚོའི་ནང་ན་ཀླུ་སྒྲུབ་བྱ་བ་གཅིག་ཡོད་ཀྱི། དེ་ལ་བྱིས་པ་ཁྱོད་ཀྱིས་བཙུན་པ་ཁྱོད་རང་གི་མ་རྒན་མོས་རེ་ཞིག་འདིར་ཤོག་ཟེར་གྱི་འདུག་གྱིས་དང་ཟེར་བ་ལ། བྱིས་པ་དེས་ཕྱིན་པས་གང་ཡིན་ངོ་མ་ཤེས་པར་སླར་ལོག་ཡོང་བས། ཡང་རྒན་པོ་ན་རེ། ཏ་ལའི་ལོ་མ་བཟུང་ནས་ཁ་ཏ་བྱེད་པ་དེ་ཡིན། ཆོས་གོས་ཀྱི་རྒྱབ་ན་ཡི་གེ་ཨ་གཅིག་ཀྱང་ཡོད་གསུངས། དེར་དེས་དེ་ལ་དེ་སྐད་བྱས་པས་ཀླུ་སྒྲུབ་ཀྱིས་བྱོན་པའི་ཚེ། རྒན་མོ་དེ་སྒྲོལ་མ་ལྷ་ལྔར་ཞལ་གཟིགས། ཁ་ཅིག་ལས་ལྷ་གསུམ་དུ་གཟིགས་ཞེས་ཀྱང་འབྱུང་། དེའི་ཞལ་ནས་ཁྱོད་ཀྱིས་གསེར་འགྱུར་གྱི་རྩིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡང་བཟང་སྟེ། དེ་ལས་ཀྱང་མཆོག་བསྒྲུབ་ན་སེམས་ཅན་གྱི་དོན་ཆེན་པོ་དེ་ལས་འབྱུང་བས་དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུངས་ནས་མི་སྣང་བར་གྱུར། དེ་ལྟར་ཞལ་གཟིགས་པའི་སྒྲོལ་མ་འདི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་ལུགས་ཀྱི་སྒྲོལ་མ་ལྷ་ལྔ་མ་མེ་ཏོག་ཕྲེང་འཛིན་དུ་གྲགས་པ་དེ་ཡིན་པར་བཤད། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱང་མཛད། སློབ་དཔོན་འདིས་དེ་ལྟར་ཞལ་གཟིགས་པའི་ཚེ་གཙོ་བོ་རྐྱང་བའི་སྒྲུབ་ཐབས་མཛད་དོ། །དེ་ནས་སྒྲ་མི་སྙན་དུ་གཤེགས་པའི་ལམ་གྲོང་ཁྱེར་དུ་པ་ལ་མ་བྱ་བར་བྱིས་པ་ཛི་ན་ཏའི་ལག་རིས་གཟིགས་ནས་རྒྱལ་པོར་ལུང་བསྟན་ནས་སྒྲ་མི་སྙན་དུ་བྱོན། ན་བཟའ་ཤིང་ལ་བཀལ་ཏེ་ཁྲུས་མཛད་པས་གོས་གཞན་དག་གིས་ཁྱེར་བ་ལ་ངའི་ཡིན་གསུངས་པས། ང་བདག་ཅན་ཟེར་ནས་གཏད། དེ་ནས་སྒྲ་མི་སྙན་པའི་དོན་བྱས། སླར་ལོག་སྟེ་དཔལ་གྱི་རི་ལ་གཤེགས་པར་དགོངས་ནས་བྲམ་ཟེ་ཆེན་པོ་ལ་འབུལ་བའི་ཕྱིར་བདུད་རྩི་བསྒྲུབ་པ་བསླབས་ནས་བུམ་པ་གང་ཁྱེར་ཏེ་བྱོན་པའི་ལམ་དུ་སྔར་གྱི་བྱིས་པ་དེ་རྒྱལ་པོར་གྱུར་པ་དང་མཇལ་ནས་དེ་ན་རེ། བདག་གི་མཆོད་གནས་སུ་ལོ་གསུམ་ཐ་ནའང་བཞུགས་དགོས་ཟེར་ནས་གཏོང་དུ་མ་འདོད་པར། དེའི་ངོར་ལོ་གསུམ་བཞུགས་པའི་ཚེ། རྒྱལ་པོའི་བཙུན་མོ་དང་སྲས་མོ་སོགས་སློབ་དཔོན་ཡབ་སྲས་ལ་ཡིད་ཆགས་ཏེ་རྣམ་པ་དུ་མས་བཏེགས་ཀྱང་ཐུགས་མ་གཡོས་ཏེ་སྤྱན་ཙམ་ཡང་མ་གཟིགས་པས། དེ་དག་མ་དགའ་ནས་རྒྱལ་པོ་དང་གཉིས་ཀྱི་བར་དུ་ཕྲ་མ་དུ་མ་བྱས་ཀྱང་རྒྱལ་པོས་མ་གསན། དེར་ལོ་གཅིག་སོང་བ་ན་རྒྱལ་པོ་ལ་སྲས་གཅིག་བྱུང་བ་སློབ་དཔོན་འདྲ་བ་གཅིག་བྱུང་བ་དང་། འཇིག་རྟེན་པ་རྣམས་ཀྱིས་འཕྱས་པར་གྱུར་ཏེ། དེའི་ཚེ་སློབ་དཔོན་ཨཱརྻ་དེ་བས་གྲོང་ཁྱེར་དེའི་ཉེ་ལོགས་མ་ཧེ་མང་པོ་འདུ་བའི་ཀླུང་ཞིག་ཏུ་ཤོག་འདམ་ལ་མ་ཧེ་དཀར་ཟལ་ཤིན་ཏུ་མཛེས་པ་ཞིག་བྱས་སོ། །དེའི་ཚེ་མ་ཧེ་མོ་ཐམས་ཅད་དེ་ལ་བལྟ་ཞིང་འཁོར་བ་ཞིག་བྱུང་ངོ་། །དེའི་ཕྱིས་མ་ཧེའི་ཕྲུ་གུ་ཐམས་ཅད་དེ་འདྲ་བར་སྐྱེས་པ་དང་། འཇིག་རྟེན་པའི་སྐུར་བ་རྣམས་ཀྱང་བསངས་སོ། །དེ་ནས་དཔལ་གྱི་རི་ལ་གཤེགས། བྲམ་ཟེ་ཆེན་པོ་ལ་བདུད་རྩི་བུམ་པ་ཕུལ་བས། ཁྱོད་བདུད་རྩི་ལ་དགའ་ན་ངས་རྒྱ་མཚོ་འདི་ཡང་བདུད་རྩིར་བསྒྱུར་བར་བྱའོ་གསུངས་ནས་སྐད་ཅིག་ལ་རྒྱ་མཚོ་ཡང་བདུད་རྩིར་བྱས་སོ། །དེ་ནས་སློབ་དཔོན་ཡབ་སྲས་དཔལ་གྱི་རི་ལ་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། སྔར་གྱི་རྒྱལ་པོའི་བུ་དེ་ལ་མས་གོས་རིན་པོ་ཆེ་ཞིག་བྱིན་པས། བུ་ན་རེ། གོས་འདི་བདག་རྒྱལ་སྲིད་བཟུང་བའི་ཚེ་བགོ་བར་བྱ་ཞེས་སྨྲས་པས། མས་ཁྱོད་ཀྱི་ཕ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་དུ་ཕ་ཡང་མི་འཆི་བས་ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཟེར་བས། བུ་མྱ་ངན་སྐྱེས་ཏེ་ངུས་པ་དང་། མ་ན་རེ། དེ་ཙམ་གྱི་མྱ་ངན་མི་དགོས་ཀྱིས། སློབ་དཔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས་དབུ་བསླངས་ན་སྟེར་བར་འགྱུར་ཞིང་། དེར་ཡབ་ཀྱང་འགུམ་པས་ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་ཟེར་བ་དང་། དེ་ནས་རྒྱལ་བུ་དེས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས་བྱིན། དེའི་ཚེ་རལ་གྲིས་མ་ཆོད་པར་རྩྭ་ཀུ་ཤས་བཅད་པས་ཁྲག་མ་བྱུང་བར་བདུད་རྩི་འོ་མའི་རྒྱུན་ལྟ་བུ་བྱུང་ཞིང་། དབུ་བཅད་པའི་མཚམས་ནས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་པའི་ཚིག་བྱུང་ངོ་ཞེས་ཀྱང་གྲགས། དེ་ནས་རྒྱལ་བུ་དེས་དབུ་སླར་འབྱར་གྱིས་དོགས་ནས་དཔག་ཚད་ཙམ་གྱི་སར་དོར་རོ། །སློབ་དཔོན་བཅུད་ལེན་གྲུབ་པས་སྐུ་ལུས་དང་དབུ་གཉིས་རྡོར་གྱུར་ཏེ་གནས་སོ། །དེ་ལྟར་ཡང་ཟླ་བ་གྲགས་པས་ཚིག་གསལ་ལས། དབུ་ནི་དོན་དུ་གཉེར་བ་འོང་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ནི་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཏེ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་པོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བཻ་ཏའི་ཡུལ་ན་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་། ཀུན་དགའ་བོ་ལི་ཙ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ་མཐར་གྱིས་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དགེ་སློང་སློབ་དཔོན་ཀླུ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །ཞེས་པ་ལ་སོགས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་དེས་བཀའི་དགོངས་པ་རང་དབང་དུ་འགྲེལ་བའི་སྒོ་ནས་བསྟན་བཅོས་ཀྱང་། བདེན་གཉིས་ཟུང་འཇུག་དང་གཞི་ལམ་འབྲས་གསུམ་གྱི་གནད་བཤད་དེ། ཐེག་ཆེན་དབུ་མའི་དོན་རྒྱ་ཆེར་བསྟན་པ་ལ་སྐུ་གསུམ་ལ་བསྟོད་པ་ལ་སོགས་པ་བསྟོད་པའི་ཚོགས། དོན་དམ་རྟེན་འབྲེལ་སྟོང་ཉིད་ཀྱི་གནད་བཤད་དེ་ཡོད་པའི་མཐའ་བསལ་བའི་ཕྱིར། རྩ་ཤེས་སོགས་རིག་ཚོགས། ཀུན་རྫོབ་ལས་འབྲས་ཀྱི་གནད་བཤད་དེ་མེད་པའི་མཐའ་བསལ་བའི་ཆེད་དུ་རིན་ཆེན་ཕྲེང་བ་སོགས་གཏམ་ཚོགས། གཞན་ཡང་བཤེས་སྤྲིངས་སོགས་སྤྲིངས་ཡིག་གི་ཚོགས་དང་། རབ་བྱུང་གི་ཉམས་ལེན་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། བྱང་སེམས་ཀྱི་སྤྱོད་པ་སྟོན་པ་མདོ་ཀུན་ལས་བཏུས་དང་། བསླབ་པ་ཀུན་ལས་བཏུས། གསོ་བ་རིག་པ་སྟོན་པ་ལ་སྦྱོར་བ་བརྒྱ་པ་སོགས་དང་། ཡང་ལུགས་ཀྱི་བསྟན་བཅོས་ལ་ཤེས་རབ་བརྒྱ་པ་སོགས་མཛད་དོ། །དེ་དག་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། འབྲས་བུ་སྔགས་ལ་ནི་གོང་དུ་བསྟན་པ་དེ་དག་དང་། གཞན་ཡང་སློབ་དཔོན་འདིས་ཕྱག་རྒྱ་བཞི་པ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ཡིན་མོད་ཀྱང་། བུ་སྟོན་རིན་པོ་ཆེའི་གསང་བ་འདུས་པའི་རྒྱུད་ཀྱི་བཤད་ཐབས་གསང་བ་སྒོ་འབྱེད་ལས། ཕྱག་རྒྱ་བཞི་བསྟན་པ་ནི་མན་ངག་སྙེ་མ་དང་། གྲུ་རྫིང་ལ་སོགས་པ་ནས་སོ་སོ་སྐྱེ་བོ་མན་ངག་མི་ཤེས་པ་དག་གིས་བྱས་པ་ཡིན་གྱི། ཀླུ་སྒྲུབ་ཀྱིས་བྱས་པ་མིན་པར་བཤད་དོ་ཞེས་གསུངས་ཤིང་། དེ་ཙམ་ཞིག་མཐོང་བའི་ཕྱིས་ཀྱི་མཁས་པར་རློམ་པ་འགའ་ཞིག་གིས་ཀྱང་། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོས་སྡོམ་གསུམ་རབ་དབྱེར་བསྟན་བཅོས་དེ་ནས་ལུང་འདྲེན་པར་མཛད་དེ། ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་པ་ལ། དེ་སློབ་དཔོན་གྱིས་མཛད་པ་མིན་པའི་ཤེས་བྱེད་དང་། ཆོས་ཀྱི་རྗེའི་བཞེད་པ་ལ་གནོད་བྱེད་ཀྱི་ལུང་རིགས་ལྟར་སྣང་བ་མང་དུ་བརྗོད་པ་རྣམས་ནི། མཁས་པའི་མཁས་པ་ཆེན་པོ་དཔལ་མང་དུ་ཐོས་པ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ལས། གཉིས་འཐུང་རང་བཞིན་མཛེས་པའི་གོམ་སྟབས་ལ། །འགྲན་འདོད་ཝ་སྐྱེས་གར་སྟབས་བསྒྱུར་བའི་མོད། །མི་གཙང་འདམ་དུ་ལྷུང་བའི་རྣམ་ཐར་ལ། །ལྷ་རྣམས་རྒོད་པའི་དབྱངས་ཀྱིས་ཁྲེལ་ཞེས་ཐོས། །ཞེས་སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་འབྱུང་བ་ལྟར། གླང་ཆེན་ལ་ཝ་སྐྱེས་སོགས་ལས་ཁྱད་པར་དུ་བྱའོ་སྙམ་པའི་བསམ་པ་མེད་ཀྱང་ལུས་སྟོབས་ཀྱི་ཤུགས་ཀྱིས་གླང་པོ་ཆེ་རང་ཉིད་རང་བཞིན་གྱིས་འགྲོ་བའི་གོམ་སྟབས་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ་དེས་ཝ་སྐྱེས་སོགས་གཞན་རྣམས་ཟིལ་གྱིས་ནོན་པ་ན། དེ་མ་བཟོད་པར་ཝ་སྐྱེས་ཤིག་གླང་པོ་ཆེ་ལ་འགྲན་འདོད་ཀྱིས་པར་སྤིར་གྱི་འགྲོ་ལུགས་མང་པོ་ཞིག་བྱས་པས་འགྲན་མ་བཟོད་པའི་ཁར། རང་ཉིད་མི་གཙང་བའི་འདམ་དུ་ལྷུང་བ་ན་དེ་ལ་ལྷ་རྣམས་ཀྱིས་དགོད་པ་དང་བཅས་པས་ཁྲེལ་བ་ལྟར། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ལ་གཞན་གཞུང་ངན་པ་བཀག་ནས་རང་གཞུང་དར་བ་དང་། གྲགས་འདོད་ཀྱི་ཀུན་སློང་མེད་ཀྱང་། མི་ནས་མིར་གྱུར་སྐྱེ་བ་ཉི་ཤུ་ལྔ། །ཞེས་སོགས་དང་། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་མི་ནས་མིར་གྱུར་པ་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་རིག་པའི་གནས་མཐའ་དག་ལ་ཆེས་ཆེར་སྦྱངས་པ་དང་། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་སོགས་མཁས་པའི་སྐྱེ་བོ་མང་དུ་བསྟེན་ཅིང་། རྣམ་པར་དཔྱོད་པའི་བློ་གྲོས་ཕུལ་དུ་བྱུང་བས་ཤེས་བྱའི་གནས་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་སྟོབས་ཀྱིས་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་ཕྱེ་བ་ཙམ་གྱིས་ལྟར་སྣང་བའི་གྲུབ་པའི་མཐའ་ཐམས་ཅད་ཟིལ་གྱིས་ནོན་ཞིང་། ས་གསུམ་ན་སྙན་པའི་གདུགས་དཀར་པོ་ལེགས་པར་གཡོ་བ་དེ་མ་བཟོད་པར་དེ་ལ་འགྲན་འདོད་ཀྱི་བསམ་པས་ལུང་རིགས་ལྟར་སྣང་གི་ཅ་ཅོ་འབྲུག་ལྟར་བསྒྲགས་ཀྱང་། ཆོས་ཀྱི་རྗེ་ལ་འགྲན་མ་ནུས་པའི་ཁར་རང་ཉིད་ལ་མཁས་པའི་སྐྱེ་བོ་རྣམས་ཁྲེལ་བར་འགྱུར་བ་ལས་འབྲས་བུ་གཞན་ཡོད་པར་མ་འཁུམ།

དེས་ན་ཕྱག་རྒྱ་བཞི་པ་ལ་ཚིགས་བཅད་མ་ཞིག་དང་། ལྷུག་པ་གཅིག་སྟེ་གཉིས་ཡོད་པའི་ཚིགས་བཅད་མ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་པར་ཨ་བྷ་ཡའི་མན་ངག་སྙེ་མ་དང་། ཕོ་བྲང་ཞི་བ་འོད་སོགས་ཀྱིས་བཤད་མོད་ཀྱང་ཚིག་ལྷུག་ཏུ་ཡོད་པ་དེ་སློབ་དཔོན་གྱིས་མཛད་པ་ཡིན་ངེས་ཤེས་ཡིན་པས། བུ་སྟོན་རིན་པོ་ཆེའི་དེ་ཡང་ཚིག་ལྷུག་མ་འདི་ལ་དགོངས་ལ། བདག་ཉིད་ཆེན་པོ་ས་པཎ་གྱིས། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། །ཕྱག་རྒྱ་བཞི་པར་འདི་སྐད་གསུངས། །ཞེས་པའི་ཕྱག་རྒྱ་བཞི་པ་ནི་ལྷུག་པར་ཡོད་པ་དེ་ཡིན་པས་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཏེ།  སློབ་དཔོན་དགའ་བ་སྐྱོང་གི་དབང་བསྐུར་ངེས་བསྟན་གྱི་དཀའ་འགྲེལ་ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཕྱག་རྒྱ་བཞི་པ་བསྟན་པ་ལས། དཔེར་ན་བཞིན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ནི་བཞིན་མ་ཡིན་ལ། སྔར་གྲུབ་པ་དང་ད་ལྟ་གྲུབ་པ་མ་ཡིན་པ་བཞིན་དུ་དེ་ཉིད་གཟུགས་བརྙན་འདྲ་བ་ཙམ་སྒྲུབ་པར་བྱེད་མོད་ཀྱི་ཞེས་སོགས་ལུང་འདྲེན་ཡང་མཛད་པས་འདི་ལ་འཁྲུལ་པ་མེད་ལ། དེས་ན་སློབ་དཔོན་གྱིས་རྡོ་རྗེ་ཐེག་པའི་ཕྱོགས་ལ་ཕྱག་རྒྱ་བཞི་པ་སོགས་མང་དུ་མཛད་དོ། །

 

 

འཕགས་པ་ལྷའི་རྣམ་ཐར།

 

ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[2]། དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ལ་སློབ་མའི་མཆོག་ཐུགས་སྲས་བཞི། ཉེ་སྲས་གསུམ་རྣམས་སུ་ཡོད་པ་ལས། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་གཟིགས་ན་ག་བོ་དྷི། ས་བརྒྱད་ནོན་པ་ཨརྻ་དེ་ཝ། སྤྱན་གཟིགས་ཞལ་མཐོང་མ་ཏང་གི་པའོ། །ཉེ་སྲས་གསུམ་ནི། སངས་རྒྱས་བསྐྱང་། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་དང་གསུམ་མོ། །ཡང་སྲས་ཀྱི་ཐུ་བོ་བཞི་ཞེས་པའི་ཐ་སྙད་བྱས་ནས། སྔར་གྱི་ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ་དང་གསུམ་གྱི་སྟེང་དུ་ཟླ་བ་གྲགས་པ་དང་བཞིའོ་ཞེས་འགའ་ཞིག་ལས་འབྱུང་ལ། གཞན་ཡང་རྒྱལ་སྲས་ཞི་བ་ལྷ། ཤ་བ་རཱི་དབང་ཕྱུག །ནག་པོ་པ་སོགས་བསམ་གྱིས་མི་ཁྱབ་བ་བྱུང་ངོ་། །ཡང་ཉེ་གནས་གསུམ་ལ་ཨཱརྻ་དེ་བ། ན་ག་བོ་དྷི། ཞི་བ་ལྷ་དང་གསུམ་བགྲངས་པ་ཡང་འགའ་ཞིག་ལས་འབྱུང་། དེ་རྣམས་ཀྱི་ནང་ནས་དཔལ་ལྡན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་མི་མཐུན་པ་མང་བས་འདིའི་དཔྱད་པ་འོག་ཟླ་གྲགས་ཀྱི་རྣམ་ཐར་འཆད་པའི་ཚེ་འབྱུང་ལ།

དེ་ལྟར་འཕགས་པ་ཀླུ་སྒྲུབ་ལ་སློབ་མའི་མཆོག་མང་དུ་ཡོད་པའི་ནང་ནས་སློབ་དཔོན་ཨཱརྻ་དེ་ཝ་ནི་སྟོན་པ་ཞལ་བཞུགས་པའི་དུས་སུ་སངས་རྒྱས་འདུས་པའི་འཁོར་ལ་ཆོས་གསུངས་པའི་ཚེ་བྱ་རོག་ཅིག་གིས་སྟོན་པའི་དབུ་ལ་བྱ་ཐལ་དོར་ཏེ་སོང་ངོ་། །དེར་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ། འདི་ཅིའི་ལྟས་ལགས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། བྱ་རོག་འདི་མ་འོངས་པའི་དུས་སུ་མུ་སྟེགས་ཀྱི་པཎྜི་ཏ་རྟ་དབྱངས་ཞེས་བྱ་བར་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། དེའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་བྱ་བ་འདུག་པ་དེས་མུ་སྟེགས་དེ་བདག་གིས་བཏུལ་ནས་ནང་བའི་བསྟན་པ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སྟོན་པས་ཀྱང་གནང་།

ཡང་ལོ་རྒྱུས་ཁ་ཅིག་ལས། དེའི་ཚེ་བཙུན་ཆུང་གཅིག་གིས་དེར་འགྱུར་བར་སྨོན་ལམ་བཏབ་པ་ཕྱིས་སློབ་དཔོན་འཕགས་པ་ལྷར་གྱུར་པ་ཡིན་ཞེས་ཀྱང་འབྱུང་བས་ཇི་ལྟར་བྱས་ཀྱང་འགལ་བ་མེད་དམ་སྙམ་སྟེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དེའི་ཚེ་བཙུན་ཆུང་གི་ཚུལ་བཟུང་ནས་སྨོན་ལམ་དེ་སྐད་བཏབ་པ་ཡིན་པར་བཤད་ན་ཉེས་པ་གཅིག་ཀྱང་མི་འབྱུང་བས་སོ། །དེ་ནས་དུས་ཕྱིས་སིངྒ་ལའི་རྒྱལ་པོ་མེ་ཏོག་ལྡུམ་རར་པདྨོ་རྣམས་ཉིན་ཁ་ཕྱེ། མཚན་ཟུམ་པར་འགྱུར་བ་ཡིན་པ་ལས། པདྨ་གཅིག་ཉིན་མཚན་ཐམས་ཅད་དུ་ཁ་ཟུམ་པར་གྱུར་པ་དང་། དེའི་རྒྱུ་མཚན་རྒྱལ་པོ་ལ་བསྙད་པས། དེ་སྲས་ཁྱད་པར་ཅན་འཁྲུངས་པའི་ལྟས་ཡིན་པས་ལགས་པར་གཉེར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ནམ་ཞིག་ན་པདྨ་དེ་ཁ་ཕྱེ་བའི་ནང་ནས་ཁྱེའུ་མཚན་དང་ལྡན་པ་གཅིག་བྱུང་ནས་སློབ་དཔོན་ཀླུ་སྒྲུབ་ག་ན་ཡོད་ཟེར། ཚུལ་དེ་རྒྱལ་པོས་ཐོས་ནས་བུར་བཟུང་སྟེ་སྐྱེད་ཆེར་བསྲིངས་སོ། །ཆེར་སྐྱེས་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་བྱོན་རབ་ཏུ་བྱུང་བསྙེན་པར་རྫོགས། ཕྱི་མཚན་ཉིད་ཀྱི་སྡེ་སྣོད་ཐམས་ཅད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར། དེ་ནས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་ནོད་ཅིང་ཐོས་བསམ་མཐར་ཕྱིན་པར་མཛད་ནས་སློབ་དཔོན་དང་ལྷན་ཅིག་དཔལ་གྱི་རི་ལ་བཞུགས་སོ།།

དེ་སྐད་དུ་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ། སིངྒ་ལའི་རྒྱལ་པོའི་སྲས་ཞིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་བྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ལྟར་འོངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར་ཅེས་གསུངས་པ་ཡིན་ནོ། །དུས་དེའི་ཚེ་རྒྱ་གར་ཤར་ཕྱོགས་ན་བུད་མེད་ཉི་ཤུ་ཙམ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་གུས་པར་གནས་སོ། །བུད་མེད་གཅིག་ལ་བྲམ་ཟེའི་རིགས་ཀྱི་ཁྱེའུ་གཅིག་བཙས། ཆེར་སྐྱེས་ནས་སྒྲ་ཚད་ལ་མཁས་པར་བསླབས། དེར་མ་ནང་པ་ཡིན་པས་ནང་པ་ལ་གཟུད་པར་འདོད་ཀྱང་། ཕ་ཕྱི་པ་ཡིན་པས་མུ་སྟེགས་དབང་ཕྱུག་ཆེན་པོའི་གྲུབ་མཐའ་ལ་བཅུག་སྟེ་ཕྱི་རོལ་པའི་གྲུབ་མཐའ་ལ་མཁས་པར་སྦྱངས་ཤིང་། དབང་ཕྱུག་བསྒྲུབས་པས་ཞལ་མངོན་སུམ་དུ་མཐོང་སྟེ་ཁྱོད་ཅི་འདོད་ཟེར་བ་ལ། ཕྱོགས་ལས་རྣམ་པར་རྒྱལ་བར་འདོད་དོ་ཞེས་ཞུས་པས། མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པར་མེད་པར་གྱུར་ཅིག་ཅེས་མཆོག་གི་དངོས་གྲུབ་དང་། ཁོ་རང་ལ་སྒྲ་ཚད་ཀྱི་ཤེས་རབ་ཐོད་རྒལ་བ་ཞིག་དང་། སྲིང་མོ་པཎྜི་ཏ་ཞེས་བྱ་བ་སྒྲ་ཚད་ཀྱི་རྩོད་པ་མཁས་པ་ཞིག་དང་། ནེ་ཙོ་པཎྜི་ཏ་ཞེས་པ་སྒྲ་ཚད་ལ་མཁས་པ་ཞིག་དང་། ཐེ་ལེ་སྐོར་པཎྜི་ཏ་ཞེས་པ་ས་ལ་བསྐྱུར་བ་ཙམ་གྱིས་སྒྲ་ཚད་སྦྱོར་བའི་ཡི་གེ་རང་བྲིས་སུ་ཡོང་བ་ཞིག་སྟེ་ཐུན་མོང་གི་དངོས་གྲུབ་བཞི་བྱིན་ནོ། །དེ་བཞིས་མ་ཐུབ་ན་ང་རང་སྙིང་གི་དཀྱིལ་དུ་ཞུགས་ལ་བྱིན་གྱིས་རློབ་བོ་ཞེས་ཁས་བླངས་སོ།།

དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་ནང་པའི་པཎྜི་ཏ་རྣམས་ལ་འོ་སྐོལ་རྩོད་པ་བྱེད་དགོས། ཁྱེད་རྒྱལ་ན་ང་རང་ཆུ་བོ་གངྒཱ་ལ་འཆིར་འགྲོ་ཡི། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས་ཤིང་ཁྱེད་ཀྱི་གཙུག་ལག་ཁང་དང་ཆོས་རྣམས་ཀྱང་བསྲེག་དགོས་ཟེར་ཏེ། རྩོད་པ་བྱས་པས་ཁོ་རྒྱལ་ནས་རྒྱ་གར་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཕལ་ཆེར་བཤིགས། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུའང་བྱས་ནས་མ་ལ་ངས་འདི་ལྟར་བྱས་སོ་ཞེས་བསྒྲགས་པ་དང་། མའི་བསམ་པ་ལ་ཀྱེ་མ་འདི་ནང་པའི་པཎྜི་ཏ་ཞིག་གིས་ཕམ་པར་བྱས་ནས་ནང་པའི་བསྟན་པ་ལ་བཙུད་ན་ཅི་མ་རུང་སྙམ་དུ་བསམ་སྟེ། བུ་སངས་རྒྱས་ཀྱི་བསྟན་པ་རྟའི་ལུས་ཙམ་ལ་རྒྱ་གར་ཤར་དང་ལྷོ་ན་རྣ་བ་ཙམ་ཡང་མེད། དེ་གཉིས་ན་ནང་པའི་པཎྜི་ཏ་མཁས་པར་ཆུད་པ་ཡང་མེད། དེ་དག་ཕམ་པར་བྱས་པས་ཁྱོད་མཁས་པར་ཡང་མི་ཆ། བསྟན་པ་རྫོགས་པ་དང་པཎྜི་ཏ་མཁས་པ་ཡུལ་དབུས་ནཱ་ལེནྡྲ་ན་ཡོད་པས། དེ་དག་ལས་རྒྱལ་ན་མཁས་པར་འགྱུར་བ་ཡིན་ནོ། །ཞེས་སྨྲས་པས། ཁོ་ང་རྒྱལ་སྐྱེས་ཏེ། དེ་ཐམས་ཅད་མིང་མེད་པར་བཅོམ་ལ་མུ་སྟེགས་པའི་བསྟན་པ་ལ་གཞུག་སྙམ་སྟེ། ཡུལ་དབུས་སུ་ཕྱིན་ཏེ། གནས་དེ་ན་གརྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། པཎྜི་ཏ་མཁས་པ་སྟོང་ལྔ་བརྒྱ་ཡོད་པ་རྣམས་ལ། ཁོས་ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན་ཁྱེད་དང་རྩོད་པ་བྱེད། ཁྱེད་རྒྱལ་ན་ང་རང་ཆུ་བོ་གངྒཱ་ལ་འཆིར་འགྲོ། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས་ཤིང་། ཁྱེད་ཀྱི་གཙུག་ལག་ཁང་དང་གླེགས་བམ་རྣམས་ཀྱང་བསྲེག་དགོས། དེའི་དཔང་པོ་རྒྱལ་པོ་ལ་འཆོལ་བ་ཡིན་པས་དུས་ཐོབ་ཅིག་བྱས་པས། དེར་ནང་པ་རྣམས་གྲོས་བྱས་ཏེ། འདི་མདོ་ནས་བསྟན་པ་ཉམས་པར་བྱེད་པར་ལུང་བསྟན་པ་ཡང་ཡིན་ཞིང་། རྒྱ་གར་ཤར་དང་ལྷོའི་ནང་པ་ཐམས་ཅད་ཕམ་པར་བྱས་འདུག་པས། འོ་ཅག་གིས་མི་ཐུབ་དཔལ་གྱི་རི་ནས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སྤྱན་འདྲེན་པ་རིགས་ཟེར། དེའི་བར་ལ་རེ་ཞིག་ལོང་ཡོད་པར་གྱིས་ཤིག དེ་ནས་ཞག་སུམ་ཅུ་ན་རྩོད་པར་བྱ་ཡི་ཞེས་དུས་བཏབ། དེར་ཁོས་ཀྱང་གཞན་ཞིག་སྦྲོན་པར་ཤེས་ཏེ། རེ་ཞིག་ཁྱེད་དང་རྩོད་པ་བྱེད་ཀྱི། ཕྱི་རོལ་ན་ཡོད་པ་ནང་དུ་མ་འགྲོ། ནང་ན་ཡོད་པ་ཕྱིར་མ་ལྡང་ཟེར་ཞིང་ཁོ་སྒོ་ལ་ཉལ་ནས་ཕྱི་ནང་གི་འགྲུལ་བཅད་དོ། །དགེ་འདུན་རྣམས་གདུགས་ཚོད་གསོལ་བའི་བར་ལ་མགོ་ལ་དབྱུ་གུས་བརྡེག་ཅིང་གྲངས་བྱེད་དོ། །དེར་དགེ་འདུན་རྣམས་ཀྱིས་སློབ་དཔོན་ཡབ་སྲས་སྤྱན་འདྲེན་པ་ལ་མི་ཕྱིན་ཀྱང་དུས་ལ་མི་སླེབ། ཆོས་སྐྱོང་མགོན་པོ་ལ་གསོལ་བ་གདབ་བོ་ཞེས་གྲོས་བྱས་ནས་ཞུ་འབུལ་གྱི་འཕྲིན་ཡིག་འདི་ལྟར་ཏེ།

ཤིན་ཏུ་ཁུར་དཀའ་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །

ཀྱེ་མ་རྨ་མེད་ཉིད་དུ་རོལ་པ་འབའ་ཞིག་གིས་ནི་རབ་ཏུ་འཁྲུག་བྱེད་དམ། །

འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲོངས། །

ལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །

ཞེས་པ་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་གསོལ་བ་བཏབ་པས། བྱ་རོག་གཅིག་བྱུང་སྟེ་འཕྲིན་ཡིག་མཆུས་བཟུང་སྟེ་འཕུར་ཏེ་སོང་ནས། དེས་སློབ་དཔོན་ཡབ་སྲས་ལ་འཕྲིན་ཡིག་དེ་ཕུལ་བས། སློབ་དཔོན་ཀླུ་སྒྲུབ་ཀྱིས་གཟིགས་ཏེ་སློབ་དཔོན་འཕགས་པ་ལྷ་ལ་མུ་སྟེགས་རྟ་དབྱངས་ཀྱིས་བསྟན་པ་ཉམས་དམས་པར་བྱས་པ་ཡོད་པ་འདུག དེ་ལྡོག་པ་ལ་ང་འགྲོ་གསུངས་པ་དང་། འཕགས་པ་ལྷས་ཞལ་ནས་སློབ་དཔོན་གཤེགས་མི་འཚལ། བདག་ཕྱིན་ལ་དེ་གདུལ་ལོ་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་ཀྱིས་མི་ཐུབ་གསུངས་པ་ལ། ཐུབ་ཞུས་པས་བལྟ་ཡི་གསུངས་ནས་སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་བཟུང་། ཨཱརྻ་དེ་བས་ནང་པའི་གྲུབ་མཐའ་བཟུང་ནས་བརྩད་པས་འཕགས་པ་ལྷ་ལན་གསུམ་རྒྱལ་ནས་མུ་སྟེགས་ངན་པ་དེ་ཁྱེར་གསུངས་ནས་མཆིལ་ལྷམ་སློབ་དཔོན་ལ་ཆོས་སྐྱོང་མགོན་པོ་ལ་གསོལ་བ་གདབ་བོ་ཞེས་གྲོས་བྱས་ནས་ཞུ་འབུལ་གྱི་འཕྲིན་ཡིག་འདི་ལྟར་ཏེ། ཤིན་ཏུ་ཁུར་དཀའ་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །ཀྱེ་མ་རྨ་མེད་ཉིད་དུ་རོལ་པ་འབའ་ཞིག་གིས་ནི་རབ་ཏུ་འཁྲུག་བྱེད་དམ། །འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲོངས། །ལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་པ་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་གསོལ་བ་བཏབ་པས། བྱ་རོག་གཅིག་བྱུང་སྟེ་འཕྲིན་ཡིག་མཆུས་བཟུང་སྟེ་འཕུར་ཏེ་སོང་ནས། དེས་སློབ་དཔོན་ཡབ་སྲས་ལ་འཕྲིན་ཡིག་དེ་ཕུལ་བས། སློབ་དཔོན་ཀླུ་སྒྲུབ་ཀྱིས་གཟིགས་ཏེ་སློབ་དཔོན་འཕགས་པ་ལྷ་ལ་མུ་སྟེགས་རྟ་དབྱངས་ཀྱིས་བསྟན་པ་ཉམས་དམས་པར་བྱས་པ་ཡོད་པ་འདུག དེ་ལྡོག་པ་ལ་ང་འགྲོ་གསུངས་པ་དང་། འཕགས་པ་ལྷས་ཞལ་ནས་སློབ་དཔོན་གཤེགས་མི་འཚལ། བདག་ཕྱིན་ལ་དེ་གདུལ་ལོ་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་ཀྱིས་མི་ཐུབ་གསུངས་པ་ལ། ཐུབ་ཞུས་པས་བལྟ་ཡི་གསུངས་ནས་སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་བཟུང་། ཨཱརྻ་དེ་བས་ནང་པའི་གྲུབ་མཐའ་བཟུང་ནས་བརྩད་པས་འཕགས་པ་ལྷ་ལན་གསུམ་རྒྱལ་ནས་མུ་སྟེགས་ངན་པ་དེ་ཁྱེར་གསུངས་ནས་མཆིལ་ལྷམ་སློབ་དཔོན་ལ་བརྒྱབ་པས་འགྱོད་པ་སྐྱེས་པ་ན། སློབ་དཔོན་གྱི་ཞལ་ནས། དེ་དུས་མུ་སྟེགས་ཀྱི་འདུ་ཤེས་ཡོད་པས་ཉེས་པ་མེད། ད་ཁྱོད་ཀྱིས་ཁོ་ཐུལ་བ་འདུག་པས་སོང་ཞིག་གསུངས། དེ་ནས་ཡུལ་དབུས་སུ་རྫུ་འཕྲུལ་གྱིས་བྱོན་པས། ལམ་དུ་ལྷ་མོ་གཅིག་གིས་སྤྱན་སློང་བ་ལ་སྤྱན་ཡ་གཅིག་བྱིན་ནོ། །ནཱ་ལེནྡྲར་ཆུ་ལེན་ལ་ང་འོངས་སོ་གྱིས་བྱས་པས། ཆུ་ལེན་གྱིས་ང་འོངས་སོ་ཟེར་བའི་བཙུན་ཆུང་གཅིག་འདུག་སྨྲས་པས། དགེ་འདུན་རྣམས་ན་རེ། དེ་སུ་ཡི་སྤྲུལ་པ་ཡིན་མི་ཤེས་པས་བརྟག་པར་བྱའོ་ཞེས་ཆུ་ལུག་གི་རྨིག་གང་བླུགས་ནས་བཏང་པས། སློབ་དཔོན་གྱི་དེས་ཁྲུས་བྱས་ཆུ་མ་གོད་པར་ལྡོག་བཏང་བྱུང་བས། འཕགས་པ་ཡིན་པར་ཤེས་ཏེ། ཆུ་ལེན་གྱི་ཆ་ལུགས་སུ་རྫུས་ལ་བྱོན་ཅིག་ཅེས་ཞུས་པས། དེ་ལྟར་མཛད་ནས་བྱོན་པའི་ཚེ། སྔར་ནས་ཆུ་ལེན་གྱིས་ཁོ་ལ་ཕྱག་དགོས་པ་ལས། སློབ་དཔོན་གྱིས་ཁོའི་མགོ་ལ་རྡོག་པ་བཞག་ནས་བྱོན། དེར་དགེ་འདུན་གྱི་གྲལ་གྱི་སྨད་ཀྱི་ཆར་བཞུགས་པས། ཁོས་བགྲངས་པ་ན་གྲངས་ལྷག་ནས། སྔར་མེད་པའི་མགོ་ལྡུམ་གང་ནས་འོངས་ཟེར། སློབ་དཔོན་གྱིས་མགོ་ལྡུམ་སྐེ་ནས་འོངས་བྱས་པས། ཁོས་རྩོད་པ་བྱེད་པར་ཤེས་ནས། བྱིའུ་གཅིག་ཆངས་པར་བཟུང་ནས། འདི་ཤི་བའམ་མ་ཤི་བ་ཡིན་ཟེར། དེ་ཁྱོད་ལ་རག་ལས་སོ་ཞེས་གསུངས་པས། ཁོ་ཐེམ་པའི་སྟེང་དུ་འདུག་ནས་ང་ནང་ན་འདུག་གམ་ཕྱི་ན་འདུག་ཟེར་བ་ལ། ཡང་སློབ་དཔོན་གྱིས་ཁྱོད་ཀྱི་སྤྱོད་ལམ་ལ་རག་ལས་ཞེས་གསུངས་པས། སྤོབས་པ་ལན་མེད་དུ་གྱུར་ཏོ།།

དེ་ནས་དགེ་འདུན་རྣམས་ཀྱིས་སྲིང་མོ་དང་ནེ་ཙོ་དང་ཐེ་ལེ་སྐོར་པཎྜི་ཏ་གདའ་འོ་ཞེས་ཞུས་པས། དེའི་གཉེན་པོར་དགེ་བསྙེན་ངོ་ཚ་མེད་པ་དང་། བྱི་ལ་དང་མར་ནག་སྟ་གོན་བྱས་སོ། །དེར་སང་རྩོད་པ་བྱེད་པའི་དོ་ནུབ་དབུས་སུ་རྒྱལ་པོ། གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས་ཏེ་ཁོའི་ཁྲིའི་སྟེང་དུ་ཀྲད་རྙིང་ལ་སོགས་པའི་མི་གཙང་བ་བཞག ནངས་པར་ཁྲི་ལ་ཐམས་ཅད་འཁོད་འཁོར་རྣམས་ཀྱང་བསྡད་གྲུབ་པས་ན། ཁོ་ན་རེ། མིག་གཅིག་པ་འདི་ཅི་སྨྲ་ཞེས་སྨྲ་བ་ལ། སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས་པས། དེར་ཁོས་རལ་བ་བཏེགས་ཏེ་མིག་གཅིག་བསྟན་པ་དང་། སློབ་དཔོན་གྱིས་དེ་ལ་ངོ་མཚར་ཆེ་རྒྱུ་མེད་ཅེས་གསུངས་ནས་ཞབས་ཀྱི་མཐིལ་ནས་ཀྱང་མིག་གཅིག་བསྟན་པས། དེ་ནས་ཁོ་ན་རེ། ཁྱོད་ཀྱིས་ངའི་རྩོད་ཟླ་མི་འོང་གི སྲིང་མོ་དང་། ནེ་ཙོ་དང་། ཐེ་ལེ་སྐོར་རྣམས་ཀྱི་ལན་ཐོབ་ཅིག་ཟེར་བ་ལ། སློབ་དཔོན་གྱིས་དགེ་བསྙེན་དང་བྱི་ལ་དང་མར་ནག་རྣམས་བཏང་བས། སྲིང་མོ་དེ་དགེ་བསྙེན་ངོ་ཚ་མེད་དེ་མཐོང་བ་ན་ངོ་ཚ་ནས་གང་ཡང་སྨྲ་མ་ནུས། ནེ་ཙོས་ཀྱང་བྱི་ལ་མཐོང་བ་ན་སྐྲག་ནས་གང་ཡང་མ་ནུས། ཐེ་ལེ་སྐོར་གྱི་ས་ལ་སྒྲ་ཚད་ཀྱི་ཡི་གེ་རང་བྲིས་སུ་ཡོང་བ་དེ་མར་ནག་ཕོ་བས་ཐམས་ཅད་ཉམས་པ་དང་ཁོ་སྤོབས་པ་ལན་མེད་པར་གྱུར་ཏོ།།

དེ་ནས་རྒྱལ་པོ་དཔང་དུ་བཞག་ནས་བརྩད་པས། དང་པོར་ཀུན་གྱིས་གོ་ཡང་། ཇི་ཞིག་ན་གྲུབ་མཐའ་ཤིན་ཏུ་ཆ་ཕྲ་བར་གྱུར་ཏེ། རྗེས་སུ་བརྗོད་པའི་དཔང་པོས་རྗེས་གཅོད་མ་ནུས། ཤན་འབྱེད་པའི་དཔང་པོས་བཤད་མ་ཕྱེད། དེས་སྟོབས་ཀྱིས་རྒྱལ་པོས་ཀྱང་ཚར་བཅད་རྗེས་བཟུང་གང་ཡང་མ་ཤེས་པ་དང་། ཁོ་ན་རེ། བླུན་དཔྱད་ལ་དྲི་ཟེར་ནས་གླང་རྫི་བཀུག་ནས་དྲིས་པས། སློབ་དཔོན་རྒྱལ་ཟེར། ཡང་ཁོ་ན་རེ། རྫུ་འཕྲུལ་འགྲན་པས་ཁྱེད་རང་ནམ་མཁར་དཀྱིལ་འཁོར་བྲིས། ངས་བསུབ་བོ། །ཡང་ན་ངས་བྲི་ཡི། ཁྱེད་རང་བསུབ་ཟེར་བ་ལ། ཁོ་འདྲིར་བཅུག་སློབ་དཔོན་གྱིས་བསུབ་བོ། །ཡང་ཁོ་ན་རེ། ཡང་ན་ང་ནམ་མཁའ་ལ་འཕུར། ཡང་ན་ཁྱེད་རང་འཕུར་ཟེར་བ་ལ། སློབ་དཔོན་གྱིས་ཁྱེད་རང་འཕུར་གསུངས་པས། ཁོས་རྒྱང་རིང་པོར་འཕུར་བ་ན། སློབ་དཔོན་གྱིས་ཡུམ་ཆེན་མོའི་སྐུ་ཤིན་ཏུ་ཆེ་བ་ཞིག་ཏུ་སྤྲུལ་ནས་པུས་མོའི་ལྷ་ངའི་འོག་ཏུ་ཕྱག་གི་ཐལ་མོ་བཀབ་པས་ཁོས་འཕུར་མ་ནུས་སོ།།

དེ་ལྟར་རྩོད་པ་དང་ནུས་པ་དང་། རྫུ་འཕྲུལ་གང་ལའང་འགྲན་མ་ནུས་པར་ཤིན་ཏུ་ངོ་ཚ་སྟེ། དབང་ཕྱུག་སྙིང་ལ་ཞུགས་ཏེ་བྱིན་གྱིས་རློབ་པར་ཁས་བླངས་པ་ཡང་མི་གཙང་བའི་རྫས་ཀྱིས་འཁོར་མ་ནུས་པ་དང་། དེར་ཁོ་ན་རེ། མང་པོའི་དབུས་སུ་ལྷས་བསླུས་སོ་ཞེས་སྨྲེ་སྔགས་བཏོན་ནས། སྔར་ང་རྒྱལ་ཆེས་པས་ཤིན་ཏུ་སྐྱེངས་ཏེ་ཚངས་པའི་འཇིག་རྟེན་དུ་འགྲོའོ་སྙམ་སྟེ་བྲོས་སོ། །སློབ་དཔོན་གྱིས་ཁོ་བདས་པས་ནམ་མཁའ་མཐོན་པོ་ནས། ད་ཁྱོད་འདི་ནས་ཡར་འགྲོ་ན་རླུང་སྤུ་གྲི་ཅན་གྱིས་ལུས་དུམ་བུར་གཏུབ་པ་ཡོད་གསུངས་པས་ཡོད་པ་ཅི་ཤེས་ཟེར། ཁྱོད་རང་རལ་པ་གཅིག་ཆོད་ལ་འཕངས་དང་གསུངས་པས་ཁོས་དེ་ལྟར་བྱས་པ་ན་རལ་པ་དུམ་བུ་དུམ་བུར་སོང་པས་ཁོ་བྲེད་དེ་འགྲོ་མ་ནུས། དེ་ནས་ཁོ་ཁྲིད་རལ་པ་བྲེགས་ཤིག་གསུངས་པས། ཁོ་ན་རེ། རལ་པ་མི་འབྲེག་ང་རང་ཆུ་བོ་གངྒཱར་འཆིར་འགྲོ་ཟེར་ཡང་། རལ་པ་བྲེགས་ནས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་སྟེ་བཞག་པས། ཁོ་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་རྣམས་བལྟས་པས། རང་གི་ལྟ་བ་དེ་ནོར་བ་དང་། རྒྱུ་འབྲས་ཕྱིན་ཅི་ལོག་སྤྱད་པའི་སྡིག་པས་དམྱལ་བར་འགྲོ་བ་ཤེས་ནས། ཤིན་ཏུ་བྱ་བ་མ་ཡིན་པ་བྱས་པ་ལ་འགྱོད་དེ། ཉེས་པ་ལྕེ་འདིས་བྱས་པས་ལྕེ་གཅོད་ཟེར་ཏེ་སྐྱེ་ཚང་ནས་སྤུ་གྲི་བླངས་པས། དེ་ལྟར་བྱེད་དུ་མ་སྟེར་བར། དེའི་ནུབ་རྨི་ལམ་ན་སྔར་བྱས་ལས་ལ་འགྱོད་པ་སྐྱེས་པས་ཀྱང་སྡིག་པ་མང་པོ་བྱང་ལ། ད་ནང་པ་སངས་རྒྱས་པ་ལ་ཞུགས་ནས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་ཆེས་ཆེར་འདག་གོ་ཞེས་པའི་ལུང་བསྟན་བྱུང་པས། མདོ་དྲན་པ་ཉེར་བཞག་སོགས་བལྟས་ཏེ་རྒྱུ་འབྲས་སྟོན་པའི་བསྟན་བཅོས་དགེ་བ་བཅུ་དང་། རྩ་ལྟུང་བཅུ་བཞི་པ་དང་། བླ་མ་ལྔ་བཅུ་པ་རྣམས་བརྩམས། ཞེས་བུ་སྟོན་གྱི་གསང་འདུས་རྒྱུད་ཀྱི་བཤད་ཐབས་གསང་བའི་སྒོ་འབྱེད་ལས་བཤད་དོ། །རང་ལུགས་ནི་རྩ་ལྟུང་བཅུ་བཞི་པ་དང་། བླ་མ་ལྔ་བཅུ་པ་གཉིས་འདིས་མཛད་པར་མི་བཞེད་ལ། གང་ལྟར་དེ་ལྟ་བུའི་མུ་སྟེགས་རྟ་དབྱངས་དེ་ཕྱིས་སུ་སློབ་དཔོན་དཔའ་བོ་ཞེས་བྱ་བར་གྱུར་ཅིང་། འདི་ལ་ཕ་ཁོལ་ཞེས་པ་དང་། མ་ཁོལ་ཞེས་པ་དང་། མ་ཏི་ཙི་ཏྲར་ཡང་གྲགས། དེས་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་རབས་སོགས་བསྟན་བཅོས་མང་དུ་མཛད། འཕགས་པ་ཡབ་སྲས་ལ་དབང་དང་གདམས་པ་སོགས་ནོས་ཐུགས་ཉམས་སུ་བཞེས་པས་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ།  །དེ་ལྟ་བུའི་སློབ་དཔོན་འཕགས་པ་ལྷ་དེ་ནི་རྒྱུད་དུ་མ་ནས་ལུང་བསྟན་ཏེ། འཇམ་དཔལ་རྩ་རྒྱུད་ལས། གཞན་ཡང་རབ་བྱུང་དམ་པ་ནི། །སིངྒ་ལ་ཡི་གནས་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །ཞེས་པ་དང་། དུས་འཁོར་རྒྱུད་ཕྱི་མ་ལས། དགེ་བཅུའི་ལམ་གྱི་གྲུབ་པར་གྱུར་པ་འཕགས་པའི་ལྷ། །ཞེས་གསུངས་པས་སོ། །སློབ་དཔོན་དེས་ཕ་རོལ་ཕྱིན་པའི་བསྟན་བཅོས་དབུ་མ་བཞི་བརྒྱ་པ། དབུ་མ་ལག་པའི་ཚད། འཁྲུལ་པ་བཟློག་པའི་གཏན་ཚིག་གྲུབ་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལ་སོགས་པ་མང་དུ་མཛད་ཅིང་། སྔགས་ཕྱོགས་ལ་ནི་གོང་དུ་བསྟན་པ་རྣམས་སོ།།

 

ཀླུའི་བྱང་ཆུབ་ཀྱི་རྣམ་ཐར།

 

ཡང་དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞིའི་ནང་ཚན་གྲུབ་ཆེན་ཀླུའི་བྱང་ཆུབ་ནི་སྔར་སློབ་དཔོན་ཀླུ་སྒྲུབ་ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་མཛད་དུས་རྒན་རྒོན་གཉིས་སློབ་དཔོན་ལ་དད་པ་སྐྱེས། རྒན་པོས་སློབ་དཔོན་གྱི་ཉེ་གནས་བྱས་པས་རྒན་པོ་ཤི་ནས་མ་ཧེ་སྐྱོང་བའི་བུ་ཞིག་ཏུ་སྐྱེས། ཆེར་ལོངས་པ་ན་མ་ཧེ་འཚོ་བར་ཕྱིན་པས་སྔར་གྱི་བག་ཆགས་དྲན་ཏེ་སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ། གྲུབ་པ་ང་སྐྱོ་བས་སྒོམ་ཞིག་སློབས་དང་ཟེར། སློབ་དཔོན་གྱིས་མ་ཧེ་སྒོམས་གསུངས་ནས་བཏང་པས། དེས་ཀྱང་སློབ་དཔོན་གསུངས་པ་བཞིན་མ་ཧེ་བསྒོམས་པས། ཤིན་ཏུ་གསལ་བ་བྱུང་། རེ་ཞིག་ན་སློབ་དཔོན་གྱི་དྲུང་དུ་འོངས་ནས། ད་ངའི་རྭ་འདི་སྒོ་ལ་གཏུགས་ཀྱིན་མི་བདེ་ཟེར་བ་ན། ཡང་སློབ་དཔོན་གྱིས། ད་སྒོམ་དེ་དོར་ལ་མདུན་དུ་མི་དཀར་པོ་ཞིག་སྒོམས་གསུངས་པས། ཡང་དེ་བཞིན་བསྒོམས་པས་དེ་གསལ་བར་བྱུང་ནས་དངོས་གྲུབ་ཅི་འདོད་ཟེར། གྲུབ་པ་ལ་དྲི་ཡི་བྱས་ནས། སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ་འདི་ལྟར་བྱུང་བས་ཅི་སྐད་བྱ་ཟེར། སློབ་དཔོན་གྱིས་ཁྱེད་རང་ངའི་སྙིང་ལ་ཞུགས་གྱིས་ཤིག་གསུངས། དེ་བཞིན་བྱས་པས་ཞུགས་པའི་སྣང་བ་བྱུང་སྟེ་ཆོས་ལ་ཆོས་ཀྱི་སྤྱན་རྣམ་པར་དག དེ་ནས་རབ་ཏུ་བྱུང་བསྙེན་པར་རྫོགས། མཚན་ཀླུའི་བྱང་ཆུབ་བམ་ཀླུའི་བློར་བཏགས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་ཞིང་། འདིས་གསང་བ་འདུས་པའི་དཀྱིལ་ཆོག་ཉི་ཤུ་པ་སོགས་བསྟན་བཅོས་ཀྱང་འགའ་མཛད། མཐར་དཔལ་གྱི་རི་ལ་གཤེགས་ཏེ་དེང་སང་ཡང་བཞུགས་སོ། །ཡང་ཐུགས་སྲས་བཞིའི་ཤཱཀྱ་བཤེས་གཉེན་ནམ་ཤཱཀྱ་མི་ཏྲ་ནི་གོང་དུ་བསྟན་པ་ལྟར་རིམ་ལྔའི་རིམ་པ་གཉིས་པ་མཛད་མཁན་དེ་ཡིན། ཡོ་ག་བ་ཤཱཀྱ་བཤེས་གཉེན་བྱ་བ་དེ་དང་འདི་མི་གཅིག་སྟེ། ཡོ་ག་བ་དེས་ལེགས་ལྡན་འབྱེད་ཀྱི་ལུང་མང་པོ་དྲངས་ཤིང་འདི་ནི་ཀླུ་སྒྲུབ་ཀྱི་ཐུགས་ཀྱི་སྲས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ལེགས་ལྡན་འབྱེད་ནི་ཀླུ་སྒྲུབ་ཀྱི་དངོས་སློབ་ཙམ་ཡིན་ཀྱང་། སྲས་ཀྱི་ཐུ་བོ་མིན་པས་དེའི་བསྟན་བཅོས་ནས་ལུང་འདྲེན་མཛད་པ་མི་འབྱུང་བས་སོ། །ཡང་སྤྱོད་བསྡུས་ལ་འགྲེལ་པ་མཛད་མཁན་གྱི་ཤཱཀྱ་བཤེས་གཉེན་བྱ་བ་གཅིག་བྱུང་བ་དེ་ཡང་འདི་དང་མི་གཅིག་ཅིང་། གསང་འདུས་ཡེ་ཤེས་ཞབས་ལུགས་པའི་བརྒྱུད་འཛིན་ཤཱཀྱ་བཤེས་གཉེན་ཟེར་བ་ཞིག་ཡོད་པ་དེ་དང་ཡང་དུས་མི་འགྲིགས་པས་མི་གཅིག་པར་བཤད་པ་ཡིན་ནོ། །

ཡང་མ་ཏང་གི་པ་ནི་འཇིགས་པའི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས། ཡུལ་ལས་མཚན་དུ་བཏགས་པ་ལ་རྣལ་འབྱོར་དབང་ཕྱུག་པཎ་ཏ་པ། རིགས་ཀྱི་སྒོ་ནས་མཚན་ཐོགས་པ་ལ་ཏིང་གོ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཀྱང་སྦས་པའི་བརྟུལ་ཞུགས་ལ་གནས་པ་གསང་མཚན་མཚན་གསང་བ་ཞེས་གྲགས་པ་ཞིག་ཡིན་པར་བཤད་པ་ཡིན་ནོ། །

 

སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད།

 

ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[3]། ཡང་ཉེ་སྲས་སངས་རྒྱས་བསྐྱང་ལེགས་ལྡན་འབྱེད་གཉིས་ནི་སློབ་དཔོན་འདིའི་དབུ་མའི་བཤད་སྲོལ་གཙོ་བོར་འཛིན་པ་སྟེ། དེ་ཡང་རྩ་བ་ཤེས་རབ་ལས།

བདག་ལས་མ་ཡིན་གཞན་ལས་མིན། །

ཞེས་སོགས་དམ་བཅའ་བཞི་གསུངས་པ་ལ། སྒྲུབ་བྱེད་ཀྱི་རིགས་པ་ཐལ་འགྱུར་གྱི་རིགས་པའི་སྒོ་ནས་བསྒྲུབ་རིགས་པར་སངས་རྒྱས་བསྐྱང་གིས་གསུངས་ནས།  ལུགས་དེ་ལ་དབུ་མ་ཐལ་འགྱུར་བར་གྲགས། ལེགས་ལྡན་འབྱེད་ཀྱི་སངས་རྒྱས་བསྐྱངས་ཀྱི་བཞེད་པ་དེ་བཀག་ནས་རང་རྒྱུད་ཀྱི་རིགས་པའི་སྒོ་ནས་བསྒྲུབས་པས་དབུ་མ་རང་རྒྱུད་པར་གྲགས་ཏེ། མདོར་ན་དབུ་མ་ཐལ་རང་ཞེས་པའི་ཁ་སྐད་འདི་སློབ་དཔོན་དེ་གཉིས་ནས་བྱུང་བ་ཡིན་ནོ། །

 

ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན།

 

ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[4]། ཡང་དངོས་སློབ་ཏུ་འདོད་པ་ལྟར་ན་སྲས་ཀྱི་གཙོ་བོ་བཞིའི་ནང་ཚན་ནམ། དགོངས་པ་སྐོང་བའི་སློབ་མ་ཟླ་བ་གྲགས་པ་ནི་དག་པའི་སྣང་བར་འཕགས་པ་ཀླུ་སྒྲུབ་ལ་ཆོས་གསན་ཅིང་རྩོད་དུས་ཀྱི་པཎྜི་ཏ་ཁྱད་པར་ཅན་ཞིག་སྟེ། དེ་ཡང་སྤྱིར་དེ་དུས་ནཱ་ལེནྡྲ་ན་པཎྜི་ཏ་མང་དུ་ཡོད་ཀྱང་། མུ་སྟེགས་བྱེད་ཀྱི་རྒོལ་བ་ཚར་གཅོད་མི་ནུས་ན་ཕྱིར་ཆོས་མི་འཆད་པ་ལ། སློབ་དཔོན་ཟླ་བ་གྲགས་པས་ནི་ཕྱིར་ཆོས་འཆད་ནུས་པ་ལས། དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཙནྡྲ་གོ་མི་སློབ་དཔོན་འདི་ཡི་དྲུང་དུ་འོངས་ཏེ་འདུད་པ་མ་བྱས་པར་བསྡད་པ་དང་། ཟླ་གྲགས་ཀྱི་ཐུགས་དགོངས་ལ་རྩོད་དམ་བགྲོ་བར་འདོད་པ་གཅིག་འདིར་འོངས་པ་ཡིན་ཏེ་འོང་སྙམ་ནས། ཕྱོགས་གང་ནས་འོང་། ཆོས་ཅི་ཤེས་དྲིས་པས། ལྷོ་ཕྱོགས་ནས་འོངས། སྒྲ་པཱ་ནི། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། འཇམ་དཔལ་མཚན་བརྗོད་ཤེས་ཟེར་བས། སྒྲ་དང་མཚན་ཉིད་ཀྱི་རྩ་བ་དང་། སྔགས་ཀྱི་རྩ་བ་སྨོས་པས་ལུང་རིགས་ལ་མཁས་པར་ཁས་བླངས་ཀྱང་ཚིག་ཁེངས་བསྐྱུངས་པར་འདུག་པས། འདི་ཙནྡྲ་གོ་མི་ཡིན་ནམ་སྙམ་སྟེ་མིང་དྲིས་པས། ཙནྡྲ་ཞེས་འཇིག་རྟེན་པ་རྣམས་འདོགས་སོ་ཟེར། འོ་ན་པཎྜི་ཏ་ཆེན་པོ་ཐོག་བབས་སུ་བྱོན་པ་མི་ལེགས། བསུ་བ་བྱ་དགོས་པས་རེ་ཞིག་ཕྱིར་བྱོན་ཅིག་ཕྱིར་བསུ་བ་བགྱིད་དོ་ཞེས་གསུངས་ནས་ཆོས་འཆད་འཕྲོ་བཅད། གཎྜཱི་བརྡུངས་ནས་པཎྜི་ཏ་རྣམས་བསགས། འདིར་མཁས་པ་ཆེན་པོ་ཙནྡྲ་གོ་མི་བྱོན་གྱི་བསུ་བ་བྱ་དགོས་ཀྱི་ཤིང་རྟ་གཉིས་ཤོམས་ལ་གཅིག་ལ་འཇམ་དཔལ་གྱི་སྐུ་བཞུགས། གཅིག་ལ་ཙནྡྲ་གོ་མི་བཞུགས་ལ་མཆོད་པའི་ཚོགས་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོས་ཏེ། འཇམ་དཔལ་གྱི་སྐུ་ལ་སློབ་དཔོན་ཙནྡྲས་འཇམ་དབྱངས་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད། །དེ་ལྟ་ནའང་བསམ་པ་བླུན་པོ་བླ་མ་ལ་གུས་ཞེས་སོགས་ཀྱིས་བསྟོད་པས། དེ་དགེས་ཏེ་སློབ་དཔོན་ལ་འཇམ་དབྱངས་ཀྱི་ཞལ་ཕྱིར་གཟིགས་པས། ད་ལྟ་ཡང་ན་ལེནྡྲ་ན་བྱིན་རླབས་ཆེ་ཞིང་འཇམ་དབྱངས་མཇིང་ཡོན་དུ་གྲགས་པ་བཞུགས་ཞེས་གྲག་གོ །དེར་ནཱ་ལེནྡྲར་བྱོན་བསྙེན་བཀུར། ཟླ་གྲགས་དང་གདན་འཛོམ། ཕན་ཚུན་ཆོས་ཀྱི་བགྲོ་བ་མཛད་པས། ཟླ་གྲགས་ཀྱིས་གང་དྲིས་པའི་ལན་ཐོགས་མེད་དུ་བཏབ། ཙནྡྲས་སྤྱན་རས་གཟིགས་ལ་དྲི་ཞིང་ལན་ཐོགས་བཅས་སུ་ཐེབས། ཟླ་གྲགས་ཀྱིས་བལྟས་པས་སྤྱན་རས་གཟིགས་རྡོ་སྐུ་བཞུགས་པའི་ཁང་པ་ནས་བྱུང་ནས། ལན་ཅིག་དེར་སོང་ནས་རྒྱབ་ནས་མཉན་པས་རྡོ་སྐུ་ཉིད་སྤྲུལ་སྐུར་མཛད་ནས་ཆོས་འཆད་ཀྱིན་འདུག་པ་དང་། ཞལ་བལྟ་དགོས་སྙམ་ནང་དུ་ཕྱིན་པས་སྤྲུལ་སྐུ་ཞལ་བརྟུལ་ཏེ། དེར་སློབ་དཔོན་ཀྱིས་ས་ཐེ་བཙུགས་ཏེ། འཕགས་པ་ལ་ཉེ་རིང་མངའ་འམ། ཁོང་ལ་ཞལ་སྟོན་པ་ལྟར་བདག་ལ་ཡང་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། མཚན་མོ་རྨི་ལམ་དུ་བྱོན་ཏེ། ཁྱོད་འཇམ་དཔལ་གྱི་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ཡིན་པས། ངས་བྱིན་གྱིས་རློབ་མི་དགོས། ཙནྡྲ་གོ་མི་ལ་ཅུང་ཟད་བྱིན་གྱིས་བརླབས་པ་ཡིན་གྱི། དེ་སྐད་མ་ཟེར་བར་སོང་གསུངས། གཉིད་སད་ཚེ། དེ་ལྟར་ལགས་ཀྱང་ཞལ་སྟོན་པ་ཞུ་ཞུས་པས། སྤྱན་རས་གཟིགས་ཀྱིས་ཞལ་མངོན་སུམ་དུ་བསྟན་པ་དང་། ཟླ་བས་ད་བདག་གི་སྤྱི་གཙུག་ཏུ་བཞུགས་ལ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བར་མཛོད་ཅིག་ཅེས་གསོལ་བས། ངས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་སོང་ཡང་། དེ་རྣམས་ལས་ཀྱི་སྒྲིབ་པས་མཐོང་བར་མི་འགྱུར་གསུངས། ཅིས་ཀྱང་བཞུགས་ཤིག་ཅེས་གསོལ་ཏེ་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱི་བོར་ཁྱེར་ནས་གྲོང་ཁྱེར་ཆེན་པོ་རྣམས་སུ།བདག་གི་སྤྱི་བོ་ན་འཕགས་པ་སྤྱན་རས་གཟིགས་བཞུགས་སོ། །ཐམས་ཅད་ཀྱིས་ཕྱག་དང་མཆོད་པ་གྱིས་ཤིག ཅེས་བསྒྲགས་པ་དང་། ལ་ལས་ནི་གཅིག་ཀྱང་མ་མཐོང་། ལ་ལས་ཁྱི་རོ་གཅིག་མཐོང་། ཕལ་ཆེ་བས་ཆོས་མང་པོ་བཤད་པས་རླུང་སྨྱོ་ཡིན་ཟེར། ཆང་འཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་ཅེས་གྲག་གོ །དེ་ལྟ་བུའི་སློབ་དཔོན་དེས་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་བརྫུན་པར་མཉམ་གསུངས་པས། པཎྜི་ཏ་རྣམས་ན་རེ། འོ་ན་དངོས་པོའི་བ་ལ་འོ་མ་འབྱུང་བ་ལྟར། རི་མོའི་བ་ལ་ཡང་འོ་མ་འབྱུང་ངམ་ཟེར་བ་ལ། འབྱུང་གསུངས་ཏེ་རི་མོའི་བ་ལས་འོ་མ་བཞོས་པས་བྱུང་། གཙུག་ལག་ཁང་གི་རྡོའི་ཀ་བ་འདི་སྟོང་པ་ཡིན་ནམ་ཟེར་བ་ལ་ཡིན་གསུངས་ནས་རྡོའི་ཀ་ལ་ཕྱག་བརྒྱབ་པས་ཐོགས་པ་མེད་པར་ཐལ་བྱུང་དུ་མཛད་པ་སོགས་ཡོད་ཏན་དཔག་ཏུ་མེད་པ་མངའ་སྟེ། ཚིག་གསལ་དང་། འཇུག་པའི་གཤམ་དུ་སློབ་དཔོན་ཟླ་བ་གྲགས་པ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་ཟློག་པར་མཛད་པ་ཞེས་སོགས་གསུངས་པས་སོ། །

དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ། སྒྲ་གཅན་འཛིན་དཔལ་བཤེས་གཉེན་ཏེ་བཞིའི་ནང་ནས་དང་པོ་གསུམ་དང་། ཟླ་གྲགས་དང་བཞི་ཆར་གྱིས་སློབ་པའི་རྡོ་རྗེ་ལ་གདམས་ཤིང་། འདིའི་རྣམ་ཐར་གསལ་བ་ཞིག་མ་མཐོང་ལ། དེས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ནི་སློབ་དཔོན་ནག་པ་པོ་སྟེ། འདི་ལ་བུ་སྟོན་གྱི་གསང་བའི་སྒོ་འབྱེད་ལས། དེས་ནག་པོ་སྤྱོད་པ་ལ་གདམས། དེའི་རྣམ་པར་ཐར་པ་རྒྱས་པ་བདེ་མཆོག་ཏུ་ཤེས་པར་བྱ་ཞིང་ཞེས་སོགས་གསུངས་ནས་བདེ་མཆོག་པའི་ནག་པོ་སྤྱོད་པའི་རྡོ་རྗེ་ལ་བཞེད། འགོས་ལོ་ཆེན་པོས་ནག་པོ་པ་ལ་ཆེ་འབྲིང་ཆུང་གསུམ་དུ་མཛད་ནས་འདི་ཆེན་པོ་ལ་བཤད། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རྒྱུན་ཟིན་བྲིས་འགའ་ཞིག་ལས། འདི་ལ་བུས་བདེ་མཆོག་པའི་ནག་པོ་ཡིན་ཟེར་བ་མི་འཐད་དེ་དུས་མི་མཚུངས་པའི་ཕྱིར་རོ། །

དེས་ན་འགོས་ཀྱིས་ནག་པོ་པ་ཆེ་འབྲིང་ཆུང་གསུམ་དུ་བྱས་ནས་འདི་ཆེན་པོ་ཞེས་བཤད་ཀྱང་། འདི་ནག་པོ་སྤྱོད་ཆུང་བྱ་བ་ཡིན་ནོ་ཞེས་གསུངས་པས་ཅུང་ཟད་མི་མཐུན་པ་ཞིག་གོ །འོན་ཀྱང་དུས་མི་མཚུངས་པའི་ཕྱིར་རོ་ཞེས་པ་ངོར་པའི་ཟིན་བྲིས་ལས་བཤད་སྣང་བ། འཁོར་ལོ་བདེ་མཆོག་ནག་པོ་པའི་བརྒྱུད་རིམ་ལ་ནག་པོ་པ་ནས། ནཱ་རོ་པའི་བར་ལ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ་དང་གསུམ། ལཱུ་ཧི་པའི་བརྒྱུད་པ་ལ་རྣམ་རྒྱལ་གྱི་དོད་དུ་བར་མའི་སློབ་དཔོན་བསྣན་པས་བླ་མ་གསུམ་བྱུང་བས། གསང་བ་འདུས་པའི་བརྒྱུད་རིམ་ལ་ནག་པོ་སྤྱོད་པ་ནས་ནཱ་རོ་པ་དང་དུས་མཚུངས་མངོན་ཤེས་ཅན་གྱི་བར་དུ་ས་འདྲེས་པ་ལས་མ་བྱུང་བས་དུས་མི་མཚུངས་གསུང་རྒྱུ་ཡིན་ནམ་སྙམ་པ་འཐད་པ་ལྟར་སྣང་ཡང་། འོན་ཀྱང་བདེ་མཆོག་མར་ལུགས་ཀྱི་བརྒྱུད་པ་ལ་ནག་པོ་པ་ནས། ཏཻ་ལོ་པ། ནཱ་རོ་པ། ཞེས་བར་དེར་བླ་མ་གཅིག་གིས་ཆོག་པ་ཞིག་བཤད། དེ་བཞིན་དུ་གསང་འདུས་མར་ལུགས་གྲུབ་ཐོབ་གཉིས་ཀྱི་བརྒྱུད་པ་ལ་ཡང་། ནག་པོ་སྤྱོད་པ་ནས་ཏཻ་ལོ་པ། ནཱ་རོ་པ་ཞེས་དང་། མཁས་པ་པཎྜི་ཏའི་བརྒྱུད་པ་ལ། ནག་པོ་སྤྱོད་པ་ནས། དྲི་མེད་བློ་གྲོས། དེས་དཔལ་ཡེ་ཤེས་སྙིང་པོ་ལ་གདམས། དཔལ་ཡེ་ཤེས་སྙིང་པོ་དང་ནཱ་རོ་པ་དུས་མཚུངས་པས། ནཱ་རོ་པ་དང་ནག་པོ་སྤྱོད་པ་བའི་བར་དུ་བླ་མ་གཅིག་གིས་ཆོག་པ་ཞིག་མར་ལུགས་ཀྱི་བརྒྱུད་ཡིག་རྣམས་ལས་བྱུང་ཞིང་། ཟླ་གྲགས་དང་། ནཱ་རོ་པའི་སློབ་མ་ཙནྡྲ་གོ་མི་དུས་མཚུངས་པས། ནཱ་རོ་པ་ཟླ་གྲགས་ཀྱི་ཞབས་ཟིན་ན་ཡང་། ཟླ་གྲགས་ཀྱི་སློབ་མ་སློབ་པའི་རྡོ་རྗེ། དེའི་སློབ་མ་གསང་འདུས་བརྒྱུད་པ་ནག་པོ་སྤྱོད་པ་བའི་ཞབས་ཟིན་པ་ཙམ་ཞིག་ཁས་ལེན་དགོས་པ་འདྲ་མོ་ཞིག་འདུག་པས། གསང་འདུས་པའི་ནག་པོ་སྤྱོད་པ་དང་། བདེ་མཆོག་པའི་ནག་པོ་སྤྱོད་པ་དུས་མི་མཚུངས་པའི་ཁ་ཚོན་གཅོད་པ་ཡང་དཀའ་བར་སྣང་ངོ་། །གང་ལྟར་དེ་ལྟ་བུའི་ནག་པོ་པ་བདེ་མཆོག་བརྒྱུད་པའི་ནག་པོ་པ་ཡིན་ན་མགོན་པོ་མངོན་བྱུང་གི་རྒྱུད་དང་། དུས་འཁོར་རྒྱུད་ཕྱི་མ་རྣམས་ལས་ལུང་བསྟན་ཞིང་རྣམ་ཐར་རྒྱས་པ་བདེ་མཆོག་ཆོས་འབྱུང་རྣམས་ལས་འབྱུང་ངོ་། །དེས་དྲི་མེད་བློ་གྲོས་དང་། རྒྱལ་སྲས་ས་འདྲེས་པ་གཉིས་ལ་གདམས། དང་པོ་དེས་དཔལ་ཡེ་ཤེས་སྙིང་པོ་ལ། དེའི་མར་པ་ལ་བརྒྱུད་པའི་ཚུལ་འོག་ཏུ་འཆད་དོ། །

གཉིས་པ་རྒྱལ་སྲས་ས་འདྲེས་པ་ཆེན་པོ་ལ་སློབ་མའི་མཆོག་བཱིརྻ་བྷ་དྲ་སྟེ་མངོན་ཤེས་ཅན། དེ་བ་ཨཱ་ཀ་ར་ཙནྡྲ་སྟེ་ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། དཱི་པཾ་ཀ་ར་སྟེ་མར་མེ་མཛད། རཏྣ་ཨ་ཀ་ར་ཤཱནྟི་སྟེ་དཔལ་སྦས་དང་བཞི་ལ་གསུངས། དང་པོས་རིམ་ལྔ་ལ་འགྲེལ་པ་མཛད། གཉིས་པས་རིམ་ལྔའི་གཏོར་ཆོག་ལ་སོགས་པ་མཛད་ཅིང་། མར་མེ་མཛད་འདི་ཡེ་ཤེས་ཞབས་ལུགས་པའི་བརྒྱུད་འཛིན་དེའང་མིན་ལ། ཇོ་བོ་རྗེ་དང་ཡང་མི་གཅིག་གོ །དེ་ལྟར་ལྔ་ལས་མངོན་ཤེས་ཅན་གྱིས་ནག་པོ་དམ་ཚིག་རྡོ་རྗེ་ལ་གདམས། དེའི་མཚན་དངོས་ཤྲཱི་བྷ་དྲ་ཞེས་བྱ། ཡང་ཁ་ཅིག་ཏུ་ནག་པོ་དམ་ཚིག་རྡོ་རྗེ་རྒྱ་སྐད་དུ་སྨོས་པས་ཀྲྀཥྞ་ས་མ་ཡ་བཛྲ་ཞེས་པ་ཡང་སྣང་། འགོས་ཀྱི་སྟོང་ཐུན་ཆེན་མོར། རྒྱལ་བའི་ཆོས་ལ་མངའ་བརྙེས་བདག་གི་བླ་མ་བཟང་པོ་དཔལ། ཞེས་ཤྲཱི་བྷ་དྲ་བསྒྱུར་ནས་དེར་བཤད་དོ། །འདི་དང་དགེས་པ་རྡོ་རྗེ་བཀའ་བབས་བཞིའི་ནང་ཚན་གྱི་ནག་པོ་དམ་ཚིག་རྡོ་རྗེ་གཉིས་གཅིག་ཡིན་ནོ། །

དེ་ལྟར་རྒྱལ་སྲས་ས་འདྲེས་པ་སྲས་ཀྱི་ཐུ་བོ་ལྔ་དང་བཅས་པ་བཞུགས་པའི་སྐབས་སུ་དེ་ཙམ་ན་རྒྱ་གར་འཕགས་ཡུལ་དུ་འདུས་པ་ཤིན་ཏུ་དར་བར་གྱུར་ཏེ། ཐེག་ཆེན་གྱི་པཎྜི་ཏ་ཕལ་ཆེར་འདུས་པ་སློབ། འདུས་པ་ལ་ཉམས་བཞེས་མཛད་པ་མང་བར་བཤད་པ་ཡིན་ལ། ཡང་རྡོ་རྗེ་འཆང་དངོས་ཀྱིས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ་གསང་བ་འདུས་པའི་གདམས་པ་སྩལ། དེས་ས་ར་ཧ་དང་ཀླུ་སྒྲུབ་གཉིས་ལ་གདམས། ཀླུ་སྒྲུབ་ཀྱིས་མ་ཏཾ་གི་པ། དེ་ནས་ཏཻ་ལོ་པ་ནཱ་རོ་པ་སོགས་བརྒྱུད་པའི་གསང་བ་འདུས་པའི་ཆོས་སྐོར་གངས་རིའི་ལྗོངས་འདིར་དར་བའི་ནང་ཚན་མར་ལུགས་གྲུབ་ཐོབ་ནང་བརྒྱུད་དུ་གྲགས་པ་ཡང་དེང་སང་གི་བར་དུ་བཞུགས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ཞེས་བྱ་བ་འདི་ནི། མདོ་ལུགས་ལྟར་ན་དགེ་བསྙེན་ཆེན་པོ་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སྟེ། འདིའི་ལོ་རྒྱུས་ནི་ལན་ཅིག་དགེ་བསྙེན་ཆེན་པོ་འདིས་མལ་ཆེན་པོ་བཅས་ནས་བསྙུན་ཚུལ་བསྟན་པ་ལ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྙུན་འདྲི་བར་མ་སྤོབས། བཅོམ་ལྡན་འདས་ཀྱིས་འཕགས་པ་འཇམ་དཔལ་ལ་ཁྱོད་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པས་དགེ་བསྙེན་ཆེན་པོའི་བསྙུན་དྲིས་ཤིག་གསུངས་པས། དེར་འཇམ་དཔལ་གྱིས་དགེ་བསྙེན་ཆེན་པོ་ཇི་ཙམ་ནས་བསྙུན་དྲིས་པས། འཁོར་བ་ཐོག་མ་མེད་པ་ནས་གསུངས་ཏེ། དེ་ནི་འཁོར་བ་ཐོག་མ་མེད་པ་ལ་དགོངས་སོ། །

ཡང་ཇི་ཙམ་ན་དྭངས་པར་འགྱུར་གསུངས་པས། འཁོར་བ་མ་སྟོང་གི་བར་དུ་ནད་ལས་མི་ཐར་གསུངས། དེ་ནི་འཁོར་བ་ལ་ཐ་མ་མེད་པ་ལ་དགོངས་སོ། །དེ་ནས་ཡང་འཇམ་དཔལ་གྱིས་ཡང་དག་པའི་དོན་ཇི་ལྟ་བུ་ལགས་ཞུས་པས་ཅི་ཡང་མི་གསུངས། ལན་གཉིས་ལན་གསུམ་གྱི་བར་དུ་དྲིས་པས་ཀྱང་ཅི་ཡང་མི་གསུངས་སོ། །དེ་ནི་དོན་དམ་སྨྲ་བསམ་བརྗོད་དུ་མེད་པ་ལ་དགོངས་ཏེ། རྒྱལ་བའི་སྲས་པོ་ཅང་མི་གསུངས། །མི་གསུངས་པས་ནི་རྒྱ་ཆེར་བཤད། །ཅེས་གསུངས་པའི་དོན་ཡིན་ནོ། །དེ་ལྟ་བུའི་དགེ་བསྙེན་ཆེན་པོ་དེ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་བློ་གྲོས་རིན་ཆེན་ཞེས་བྱ་བ་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ཟབ་མོའི་དོན་ཐུགས་སུ་ཆུད་པ་མགོན་པོ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞིག་ཡིན་ཏེ་འདིར་མདོ་ཙམ་མོ། །

དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷའི་བུ་བློ་གྲོས་རིན་ཆེན་གྱིས་འཛམ་བུའི་གླིང་དུ་གསང་བ་འདུས་པའི་གདམས་པ་སྦྱིན་པའི་གདུལ་བྱ་ཡོད་དམ་མེད་སྙམ་དུ་དགོངས་ནས་གཟིགས་པས། ས་ར་ཧ་དང་ཀླུ་སྒྲུབ་གཉིས་སྣོད་ལྡན་དུ་གཟིགས་ནས་དེ་གཉིས་ལ་གདམས། དེ་གཉིས་ཀྱི་ནང་ནས་ཀླུ་སྒྲུབ་ཀྱིས་མ་ཏཾ་གི་པ་ལ་གནང་། དེས་གྲུབ་ཆེན་ཏཻ་ལོ་པ་ལ་སྩལ་པ་ཡིན་ཏེ། དེ་ཡང་ཏཻ་ལོ་པ་ནི་དང་པོ་རབ་ཏུ་བྱུང་། དེ་ནས་རྗེ་བཙུན་མས་བྱིན་གྱིས་བརླབས་ཏེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་། དེ་ནས་ཀླུ་སྒྲུབ་འཚོལ་དུ་ཕྱིན་པས། བླ་མ་མཚན་གསང་བ་སྟེ་མ་ཏཾ་གི་པ་སྤྱིལ་པོ་ན་བཞུགས་པ་དང་མཇལ་ཏེ། ཀླུ་སྒྲུབ་གང་ན་ཡོད་དྲིས་པས། སློབ་དཔོན་དྲི་ཟའི་ཡུལ་དུ་ཆོས་སྟོན་དུ་བྱོན་གསུངས། ཁྱོད་རྗེས་སུ་འཛིན་པར་ང་བཏང་པ་ཡིན་གསུངས་པ་དང་། དེར་ཏཻ་ལོ་པས་མཎྜལ་ཕུལ་རྗེས་སུ་འཛིན་པར་ཞུ་ཞེས་ཞུས་པས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། སེམས་ཀྱི་དེ་ཁོ་ན་ཉིད་ངོ་སྤྲད་ནས་མ་བརྗེད་པར་སྒོམས་ཤིག་གསུངས། ཞེས་བྱུང་ངོ་།།

 

[1] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་  ༥༠

[2] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་  ༥༧

[3] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦

[4] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་  ༧༡

Leave a Reply

Your email address will not be published. Required fields are marked *