ང༽ སྒྲ་སྒྱུར་རིག་པའི་རྩ་དོན་ཆེན་པོ་གསུམ།
དེ་ཡང་སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ (དུས་རབས་18པ།) ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་ལས[1]། སྲས་ཆུང་མུ་ཏིག་བཙད་པོ་ (འདི་ལ་མུ་ཁྲི་བཙན་པོའང་ཟེར།) སད་ན་ལེགས་མཇིང་ཡོན་གྱིས་དགུང་ལོ་བཞིའི་སྟེང་དུ་རྒྱལ་སྲིད་བཟུང་། སློབ་དཔོན་གྱིས་ཆོས་སྐལ་སྩལ། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཕུལ་དུ་བྱུང་བའི་བསྙེན་བཀུར་དང་བཅས་ཏེ། སྔར་མ་འགྱུར་བའི་གསུང་རབ་འགའ་ཞིག་ཀྱང་བསྒྱུར།
ཞེས་གསུངས་པ་ལྟར། རྒྱལ་རབས་བཞི་བཅུ་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་ (སློབ་དཔོན་ཆེན་པོ་པདྨས་མཚན་གསོལ་བ་མུ་ཏིག་བཙན་པོ་དང༌། ཡབ་རྒྱལ་པོས་མཚན་གསོལ་བ་ཁྲི་ལྡེ་སྲོང་བཙན། བློན་པོ་རྣམས་ཀྱིས་མཚན་གསོལ་བ་སད་ན་ལེགས་མཇིང་ཡོན་ཞེས་གྲགས།) གྱི་སྐུ་རིང་ལོ་པཎ་མང་པོ་སྤྱན་དྲངས་ནས་འཕགས་བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་སྔར་མ་བསྒྱུར་བའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བཀའ་བསྟན་གཞུང་ལུགས་དུ་མ་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་བཀས་བཅས་པ་ནི་བོད་ཀྱི་དཀར་ཆག་ལ་སྔ་བ་འཕང་ཐང་མ་དང་། ལྡན་དཀར་མ། མཆིམས་ཕུ་མར་གྲགས་པ་དེ་གསུམ་ཡིན་ཅིང་། ལྷག་པར་བཙན་པོའི་སྐུ་དུས་ (རྟའི་ལོ་ལྕགས་རྟ་ ༧༩༠ དང་། ཡང་ན་ཆུ་རྟ་ ༨༠༢ གང་རུང་།) ལ་སྒྲ་སྒྱུར་རིག་པའི་རྣམ་གཞག་སྟོན་པའི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པ་མཛད་དེ་སྒྱུར་ཡིག་གཏན་འཁེལ་བྱེད་པའི་རྩ་དོན་ཆེན་པོ་གསུམ་སྟེ། ༡༽ བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ། ༢༽ ཆོས་ཀྱི་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ། ༣༽ བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་པ་བཅས་སོ།།
དེ་ལྟར་སྒྲ་སྒྱུར་རིག་པའི་གཞུང་ལུགས་གཏན་འབེབས་མཛད་པའི་རྩ་དོན་ཆེན་པོ་གསུམ་པོ་རྒྱུན་འཁྱོངས་བྱེད་དགོས་ལ། རྩ་དོན་གསུམ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་ཆོས་ཀྱི་གཞུང་རྣམས་བོད་སྐད་དུ་སྒྱུར་འགོ་བཙུགས་པ་ཚུན་ཆད་ཀྱི་ལོ་ངོ་བརྒྱ་ཕྲག་འགའ་ཞིག་གི་རིང་ལ་ཆོས་ཀྱི་གཞུང་ལུགས་བསྒྱུར་བའི་ཉམས་མྱོང་དང༌། བསླབ་བྱ་རྣམས་གཞིར་རྩར་བཟུང་སྟེ་གཏན་ལ་ཕབ་པའི་སྒྲ་སྒྱུར་རིག་པའི་གཞུང་ལུགས་ཤིག་དང༌། ལྷག་པར་དུ་ཡབ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བཀས་བཅད་ཐེངས་དང་པོ་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་སྒྲ་སྒྱུར་རིག་པའི་གཞུང་ལུགས་ཤིག་ཀྱང་ཆགས་ཡོད།
བཙན་པོ་གླང་དར་སྐབས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས་སྒྲ་སྒྱུར་གྱི་བྱ་གཞག་ལ་རེ་ཞིག་གོད་ཆགས་ཆེན་པོ་བྱུང་ཡང་། མི་རིང་བར་བསྟན་པ་ཕྱི་དར་གྱི་སྐབས་སོ་སོའི་ནང་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་སྔར་བྱུང་སྒྲ་སྒྱུར་གྱི་བྱེད་སྒོའི་སྲོལ་བཟང་འཛིན་སྐྱོང་སྤེལ་གསུམ་གྱིས་བཀའ་བསྟན་གྱིས་མཚོན་བཅུ་ཕྲག་རིག་གནས་ཀྱི་བསྟན་བཅོས་ཕོན་འབོར་ཤིན་ཏུ་ཆེན་པོ་སྒྲ་སྒྱུར་གནང་སྟེ་བོད་ཀྱི་རིག་གནས་སྔར་ལས་གོང་འཕེལ་དང་ཕུན་སུམ་ཚོགས་པར་བྱེད་པའི་འཕྲིན་ལས་མཛད་བཟང་གི་དྲི་བསུང་མངོན་པར་འཐུལ་བར་མཛད་དོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༦༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༥ ནས་ ༣༨༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།