༢༽ འབྲིང་དུ་མཛད་པ་ཚད་མ་རྣམ་ངེས།
དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]།
དཔྱད་གསུམ་ཤིན་ཏུ་རྣམ་དག་བདེ་གཤེགས་གཞུང་། །
དྲི་མེད་ཚད་མ་གཉིས་ཀྱིས་ལེགས་བསྒྲུབས་ཏེ། །
ཟབ་དང་རྒྱ་ཆེ་ཐེག་པ་གསུམ་གྱི་ཚུལ། །
སྲིད་ན་ཡུན་རིང་གནས་མཛད་ཆོས་གྲགས་ཞབས། །
ཞེས་བསྔགས་པ་མཛད་པ་ལྟར། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་ངེས་ཀྱི་གཞུང་ཚད་ནི། ཚིགས་བཅད་དང་རང་འགྲེལ་བཅས་ཚིགས་བཅད་ཚིགས་ལྷུག་སྤེལ་མའི་བདག་ཉིད་ཅན་གྱི་གཞུང་ཞིག་ཡིན་ལ། ལེའུ་དང་པོ་མངོན་སུམ་ལེའུ་དང་། གཉིས་པ་རང་དོན་རྗེས་དཔག་ལེའུ་དང་། གསུམ་པ་གཞན་དོན་རྗེས་དཔག་ལེའུ་བཅས་ལེའུ་གསུམ་ཡོད། ལེའུའི་གྲངས་དང་གོ་རིམ་འདི་བཞིན་རིགས་ཐིགས་སོགས་ཀྱིས་མཚོན་ཕྱིས་ཀྱི་ནང་པའི་ཚད་གཞུང་དག་གིས་རྒྱུན་སྐྱོང་གནང་འདུག །རྣམ་འགྲེལ་ནི་ཀུན་བཏུས་གྱི་འགྲེལ་པ་ཡིན་པར་མ་ཟད་འཕྲོས་དོན་བཅས་མཐའ་ཆོད་པར་ཞིབ་རྒྱས་འཆད་པ་གང་ཞིག་ལ་རྣམ་ངེས་སུ་རང་ལུགས་ཀྱི་བཞེད་པ་གཙོ་བོར་འཆད་པའི་གཞུང་རང་བཙན་པ་ཞིག་ཡིན་པའི་ཐོག །སྐད་ཅིག་མའི་སྒྲུབ་བྱེད་གསར་པ་བསྟན་པ་སོགས་ཀྱི་འཕེལ་རྒྱས་ཀྱང་ཡོད།[2]
གཞུང་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱི་རྣམ་ངེས་དར་ཊཱིཀ་ལས[3]། ཚད་མ་རྣམ་པར་ངེས་པ་ལས་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་རྟོག་གེ་མི་ཤེས་སོ་ཞེས་རྒོལ་བ་དག་གི་སྡུག་བསྔལ་གྱི་རྒྱུ་བཟློག་པའི་དོན་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་དེ་དག་གི་ལོག་རྟོག་བསལ་བའི་ཆེད་དང་། ཚད་མ་དང་གཞལ་བྱའི་དེ་ཁོ་ན་ཉིད་ཚད་མ་ཀུན་ལས་བཏུས་ཀྱི་གཞུང་གི་ཆ་དང་ཡང་སྦྱར་ཞིང་སྔ་མ་ལས་ཅུང་ཟད་བསྡུས་པ་ཙམ་གྱིས་རིགས་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་པ་དག་རྗེས་སུ་གཟུང་བའི་ཆེད་དུ་མཛད་དོ། །ཆ་ཀུན་ནས་ཡོངས་སུ་རྫོགས་པ་སྔ་མ་ལས་མི་རྒྱས་མོད། རྟོག་གེའི་ཚིག་དོན་བརྒྱད་ཚང་བར་སྟོན་ཅིང་། གཞན་དོན་ནི་སྔ་མ་ལས་ཀྱང་ཆེས་ཆེར་རྒྱས་སོ། །ཞེས་གསལ་བ་ལྟར་གཞན་དོན་ལེའུ་རྣམ་འགྲེལ་ལས་ཀྱང་རྣམ་ངེས་རྒྱས་པར་གསུངས་འདུག །ལེགས་སྦྱར་གྱི་ཕྱི་མོ་ཆ་ཚང་པར་སྐུན་མ་ཐུབ་ཀྱང་གཞུང་གཞན་དུ་དྲངས་པ་གསར་རྙེད་ཚང་མ་བསྡོམས་ན་ལེའུ་དང་གཉིས་ཚིགས་བཅད་ཕལ་ཆེར་པར་སྐྲུན་གནང་ཐུབ་འདུག །ཕོ་ར་ཨུ་ཝལ་ནར་གྱི་སློབ་མ་བྷེ་ཏྲར་གྱིས་ལེགས་སྦར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་དང་པོ་མངོན་སུམ་ལེའུའི་བོད་འགྱུར་གྱི་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་དང་པོ་མངོན་ལེའུའི་བོད་འགྱུར་ཕྱི་མོ་ལ་ཞུ་ཆེན་དང་འཇར་མན་འགྱུར་དང་སྦྲགས་པར་སྐྲུན་དང་།[4] དེ་རྗེས་ལོ་གཉིས་ནས་སི་ཏཻན་ཀེལླ་ནར་གྱིས་རིགས་པ་ཅན་པའི་རྟོག་གེའི་བ་བྷཱ་སར་ཝ་ཇྙའི་རིགས་པའི་རྒྱུན་ཞེས་པའི་གཞུང་དུ་དྲངས་པའི་རྣམ་ངེས་ལེའུ་དང་པོའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་།[5] གཞན་ཡང་སི་ཏཻན་ཀེལླ་ནར་གྱིས་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་གཉིས་པ་རང་དོན་རྗེས་དཔག་ལེའུའི་བོད་འགྱུར་ཕྱི་མོ་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[6] དེ་རྗེས་ཆོས་མཆོག་གི་རྣམ་ངེས་འགྲེལ་བཤད་ནང་གི་རྣམ་ངེས་ལེའུ་གཉིས་པའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་།[7] མཁས་པ་ཐ་ནིས་ལེའུ་གསུམ་པའི་རྣམ་ངེས་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་དང་།[8] མཁས་པ་མུ་ནི་ཇམ་བཱུ་ཝི་ཇ་ཡ་ཡིས་རྒྱལ་བ་པའི་རྟོག་གེའི་གཞུང་རྫས་ཀྱི་རྒྱན་དུ་དྲངས་པའི་རྣམ་ངེས་ལེའུ་གསུམ་པ་དང་། ཆོས་མཆོག་གི་འཐད་ལྡན་གྱི་ལེགས་སྦྱར་གཞུང་ཚན་རྣམས་དེ་དག་གི་སྐབས་ཀྱི་བོད་འགྱུར་དང་སྦྲགས་ཏེ་གསལ་བསྒྲགས་དང་།[9] མཁས་པ་ལིན་དི་ནར་གྱི་ལ་བ་པའི་སྣང་བའི་འཕྲེང་བ་ཟུར་ལྟའི་དཔྱད་གཞིར་བྱས་ཏེ་རྣམ་ངེས་ལེའུ་དང་པོ་དང་གཉིས་པའི་ལེགས་སྦྱར་གཞུང་ཚན་དབྱེ་ཞིབ་དང་སྦྲགས་ལེའུ་དང་པོར་ཚིག་རྐང་ཚིག་བྱང་དང་། ལེའུ་གཉིས་པའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་དང་།[10] མཁས་པ་ཡ་ཨི་ཐས་མཛད་པོ་མི་གསལ་བའི་རྟོག་གེའི་གསང་བ་ཆེན་པོ་ཞེས་པའི་གཞུང་དུ་དྲངས་པའི་རྣམ་ངེས་དང་། ཆོས་མཆོག་འཐད་ལྡན་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་། མཁས་པ་དེ་དག་གིས་སྐུ་ངལ་མཛད་རྗེས་ལ་བརྟེན་ནས་ད་བར་རྣམ་ངེས་ལེའུ་དང་པོའི་ལེགས་སྦྱར་ཚིགས་བཅད་མ་རྙེད་པ་ནི་གུག་རྟགས་ནང་གསལ་ཙམ་ཡིན་ (VV. 10, 11ab, 12, 17ab, 24, 33cd, 59cd) ལར་ནས་པར་དུ་མ་འཁོད་པ་ཙམ་ལས་རྣམ་ངེས་ལེགས་སྦྱར་ཕྱི་མོ་ཆ་ཚང་ནུབ་གླིང་མཁས་པ་ཞིག་གིས་རིང་མིན་པར་སྐྲུན་གནང་ཡོད་པར་བཤད།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༥༢
[2] E. Steinkellner, Die Entwicklung des Ksanikatvanimanam bei Dharmakirti, Wiener Zeitschift fur die Kunde Sud-und Ost-asiens XII/XIII, 1968/1969.
[3] ཚད་མ་རྣམ་ངེས་ཊཱིཀ་ཆེན། སྟོད་ཆ། ༼ཀ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༤
[4] T. Vetter, Dharmakirti’s Pranamaciniscayan, I. Kapitel: Pratyaksam, Osterrreichische Akademie der Wissenschaften Philosophich-Historische Klasse, Sitzungsberichte, 250. Band, 3. Abhandlung, Wien, 1966.
[5] E. Steinkellner, New Sanskrit-fragments of Pramanaviniscaya, WXKS. XVI, 1972.
[6] E. Steinkellner, Dharmakirti’s Pramanaviniscayah, 2. Kapitel: Svarthanumanam, Teil I, Osterrreichische Akademie der Wissenschaften Philosophisch-Historische Klasse, Sitzungsberichte, 287. Band, 4. Abhandlung, Wien, 1973.
[7] E. Steinkellner, Miszellen zur Erkenntnistheoretisch-logischen Schule des Buddhismus, Wiener Zeitschift fur die Kunde Sud-und asiens XXIII, 1979[II Sanskrit-Fragment der Pramanaviniscayatika, 2. Kapitel]
[8] T. Tani, The problem of interpretation on Pramanaviniscya III, ad vv.7-21; ad vv. 1-3; ad vv.22-25; ad. 26-27; ad vv. 28-29.
[9] Muni Hambuvijaya, Jainacaryasri-Hemacandras urimukhyasisyabhyam Acarya Ramacandra-Gunacandrabhyam viracitayam Dravyalankarasvopajnatikayam Bauddhagrahthebhya udahrtah pathah, Studien zum Jainismus und Buddhismus, Gedankschrift fur Ludwig Alsdorf, hrsg. Von K. Bruhn und A. Wezler, Alt-und neu Indische Studien 23, Wiesbaden, 1981.
[10] Ch. Lindtner, Marginalia to Dharmakirti’s Pramanaviniscayah, I-II, Wiener Zeitschift fur die Kunde Sud-und asiens XXVIII, 1984.
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༧ ནས་ ༤༥༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།