༥༽ ལོ་ཙཱ་བ་ཅོག་གྲུ་ཏིང་འཛིན་བཟང་པོ།
ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་མནོས་ཤིང་། འདུལ་བའི་ཆོས་གཞུང་བཅས་ལ་ཐོས་བསམ་མཛད་ནས་འདུལ་འཛིན་པ་ཆེན་པོར་གྱུར།
དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་གཙོ་གྲས་ནི་བསྟན་འགྱུར་ལས། འཁྲུལ་བ་སྤང་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པ། ཞེས་བྱ་བ་དཔལ་ལྡན་གསང་བ་པའི་བདག་པོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། མངོན་པར་བརྗོད་པ་འབུམ་པ་ལས་བྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ་ལེའུ་དང་པོའི་འགྲེལ་བཤད་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། ཅོག་གྲུ་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་པ། དུས་ཕྱིས་ཤོང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བྲག་དམར་དབེན་པར་ལེགས་པས་བསྒྱུར་པ། དབུ་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ཆེན་པོ་ཙནྡྲ་ཧ་རི་པས་མཛད་པ། ཐེག་པ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ། ཞེས་བྱ་བ་བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ། རིགས་པའི་སྦྱོར་བ་ཞེས་བྱ་བ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་དངོས་གྲུབ་བརྙེས་པ་བྲམ་ཟེའི་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེས་མཛད་པ་བཅས་སོ།།[1] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། ༼༡༽ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ༡༩༨༣ ལོ། ཤོག་ ༢༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༠ ནས་ ༤༤༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།