ཉ༽ དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོར་དཔྱད་པ།
༡༽ ལེགས་ལྡན་གྱི་གསུང་ཡིན་པར་འདོད་པའི་ལུགས།
དེ་ལྟར་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་མིན་གྱི་དོགས་གཞིའི་གནད་གང་དག་ཡོད་པ་དང་། དེ་དག་ལ་སྒྲུབ་བྱེད་གང་ཞིག་ཡོད་ཅེ་ན། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[1]། སློབ་དཔོན་ལེགས་ལྡན་འབྱེད་ནི། རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཆེན་པོ་དེས་དབུ་མ་སྙིང་པོ་རྩ་འགྲེལ་མཛད་ཅེས་སྨྲེང་ལ།
དབུ་མ་རིན་ཆེན་སྒྲོན་མར་རྟོག་གེ་འབར་བའང་བདག་གིས་བྱས་ཟེར་བས། དེ་ལེགས་ལྡན་ཕྱི་མ་ཇོ་བོ་རྗེའི་བླ་མ་[2]ཡིན། དང་པོས་མཛད་ན་རང་རྒྱུད་ཀྱི་རྩ་བར་རིགས་ལ། དེར་མི་འདྲེན་པས་བརྟག་པར་རིགས་སོ། །ཞེས་གསལ་བ་ལྟར་དེང་གི་དཔྱད་ཞིབ་པ་ལ་ལས་ཀྱང་དབུ་མ་རིན་ཆེན་སྒྲོན་མར། དུས་རབས་བརྒྱད་པར་བྱོན་པའི་མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་གྱི་ལུང་དྲངས་ཡོད་པས། དུས་རབས་དྲུག་པར་བྱོན་པའི་རང་རྒྱུད་པའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་རྩ་བ་ནས་ཡོང་ཐབས་མེད་པས། དབུ་མ་རིན་ཆེན་སྒྲོན་མ་ནི། ལེགས་ལྡན་ཕྱི་མའམ་ལེགས་ལྡན་ཆུང་བར་གྲགས་པས་མཛད་པར་ངོས་འཛིན་གནང་བཞིན་ཡོད་པར་མ་ཟད། རྟོག་གེ་འབར་བ་དང་རིན་ཆེན་སྒྲོན་མེ་མཛད་པ་པོ་གཅིག་ཡིན་པར་གསུངས་པས། རིན་ཆེན་སྒྲོན་མེ་དང་རྟོག་གེ་འབར་བ་བྱེད་པོ་ཞི་འཚོའི་རྗེས་སུ་ཕེབས་པར་འདོད་དགོས་པར་གསུངས། དེ་ཡང་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་ཆེན་སྒྲོན་མ་ལས[3]། འདི་ལྟ་བུའི་བདེན་པ་གཉིས་ཁོང་དུ་ཆུད་པ་ནི་གཞན་གྱི་སྡེ་པ་དང༌། རང་གི་སྡེ་པའི་རྒོལ་བ་དག་ལ་འཇིགས་པ་དང༌། བག་ཚ་བ་ནི་ཅི་ཡང་མེད་དེ།
ཚུལ་གཉིས་ཤིང་རྟ་ཞོན་བྱས་ཏེ། །རིགས་པའི་སྲབ་ཀྱིས་བསྲབས་བྱས་ནས། །
ལུང་གི་ལམ་དུ་ལེགས་པར་ཞུགས། །བླ་མའི་མན་ངག་ལྕག་གིས་གཞུ། །
ཞེས་དང་། ཡང་དེ་ཉིད་ལས[4]། གང་གི་ཕྱིར་འཇིག་རྟེན་ནི་མི་ཤེས་པའི་ལིང་ཐོག་གིས་ལྡོང་པ་ཡིན་པས་དོན་དམ་པ་དཔྱད་པའི་སྐབས་སུ་དེ་ནི་ནོར་བུ་རིན་པོ་ཆེ་བརྟག་པའི་སྐབས་སུ་དམུས་ལོང་མ་གཏོགས་པ་བཞིན་དུ་འཇིག་རྟེན་པ་སྐབས་འདིར་མི་གཏོགས་པས་གྲགས་པའི་གནོད་པ་མེད་དོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས་པས་ཁས་བླངས་པའི་གནོད་པ་ཡང་མེད་དོ། །
ཚུལ་གཉིས་ཤིང་རྟར་ཞུགས་བྱས་ནས། །རིགས་པའི་ཁ་ལོ་ལེགས་བསྒྱུར་ཏེ། །
ལུང་གི་ལམ་དུ་ཞུགས་བྱས་ནས། །ལམ་ལོག་པར་ནི་འགྲོ་མི་འགྱུར། །
ཇི་ལྟར་འདབ་གཤོག་མ་ཉམས་བྱ། །བར་སྣང་གཅོད་པ་ཐོགས་པ་མེད། །
དེ་བཞིན་ཚུལ་གཉིས་ལྡན་པ་ཡང༌། །ཆོས་རྣམས་ཀུན་ལ་ཐོགས་པ་མེད། །
ཇི་ལྟར་སེང་གེའི་ང་རོ་ཡིས། །གཅན་གཟན་ཐམས་ཅད་སྐྲག་ཅིང་འཇིགས། །
དེ་བཞིན་སྟོང་ཉིད་སེང་གེའི་སྒྲས། །རྒོལ་བ་ཐམས་ཅད་འཇིགས་ཤིང་སྐྲག །
དངོས་པོ་མེད་ལ་དབང་ཐོབ་པས། །དེ་ཕྱིར་དངོས་པོ་ཀུན་བདག་ཉིད། །
རང་གཞན་སྡེ་པ་ཐམས་ཅད་ལ། །སེང་གེའི་ང་རོ་སྨྲ་བ་ཡིན། །
ངེས་པའི་དོན་གྱི་ཡང་དག་པའི་ཀུན་རྫོབ་ཀྱི་སྐབས་རྫོགས་སོ། །ཞེས་བདེན་གཉིས་ཕྱེ་བའི་བར་སྐབས་ཀྱི་ཚིགས་བཅད་ལྟ་བུར་མཛད་པ་དང་། མཁན་ཆེན་ཞི་འཚོས་མཛད་པའི་དབུ་མ་རྒྱན་ལས[5]།
ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །
དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །
ཁྱབ་དང་དབང་ལ་སོགས་མ་མྱོང་། །དཔག་ཏུ་མེད་པར་གནས་པའི་རྒྱུ། །
འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །ཤིན་ཏུ་མྱོང་བ་མ་ཡིན་པ། །
ངག་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །
དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །
དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐར་འཆེལ་བའི་བློ་ཅན་ལ། །
དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །
བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ། །
དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །
དབུ་མའི་རྒྱན་གྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ། །ཞེས་མཇུག་བྱང་དུ་གསལ་བ་ལྟར་དབུ་མ་རིན་ཆེན་སྒྲོན་མ་དང་། དབུ་མ་རྒྱན་གྱི་ཚིགས་སུ་བཅད་པ་འགའ་ཞིག་ཚིག་རིས་འདྲ་མཚུངས་ཡོད་པ་ཙམ་ལས། དབུ་མ་རིན་ཆེན་སྒྲོན་མར་མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་གྱི་ལུང་འདྲེན་མཛད་པའི་ཤེས་བྱེད་གང་ཡང་མེད།
ལྷག་པར་མཁན་ཆེན་ཞི་འཚོའི་ཚུལ་གཉིས་ཤིང་རྟའི་གོ་བ་སློབ་དཔོན་ལེགས་ལྡན་གྱི་ལུགས་ལ་འགྲེལ་དུ་མེད་པ་འདིས་ཀྱང་དབུ་མ་རིན་ཆེན་སྒྲོན་མའི་གཞུང་ཚིག་འདི་དག་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་སྟོབས་ཀྱིས་མཛད་པ་ཞིག་ལས། ཞི་འཚོའི་དབུ་མ་རྒྱན་ནས་ལུང་འདྲེན་མཛད་པ་ཞིག་མིན་པར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་ཆེན་སྒྲོན་མའི་གཞུང་ཚིག་གི་ལེགས་བཤད་འདི་དག་ལ་མཁན་ཆེན་ཞི་འཚོས་ཚིག་བསྒྱུར་དང་བཅས་ཏེ་དབུ་མ་རྒྱན་དུ་བཀོད་པ་ལྟ་བུ་ཞིག་ཡིན་སྲིད་པ་ལས། ལེགས་ལྡན་གྱིས་དབུ་མ་རྒྱན་ལས་ལུང་དྲངས་པའི་སྒྲུབ་བྱེད་དུ་འགྲོ་དཀའ་སྙམ་ལ། མཁན་ཆེན་ཞི་འཚོ་དང་། དབུ་མ་རྒྱན་གྱི་མཚན་གཏན་ནས་མི་གསལ་བའི་ཁར་ཚིགས་སུ་བཅད་པ་རྣམས་ཀྱང་རང་དགར་བརྩམས་པ་ལས་ལུང་དྲངས་པའི་རྣམ་པ་ཡང་མི་སྣང་ངོ་།།
དེ་ལས་དོགས་གནད་ཆེ་བ་ཞིག་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་ཆེན་སྒྲོན་མ་ལས[6]། ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།
གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །
འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །
རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །
ཞེས་གསུངས་སོ། །འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང༌། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་བྱུང་བ་འདི་ཡིན་ལ། དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་གྱིས་མཛད་པ་མིན་པར་འདོད་ན། རྟོག་གེ་འབར་བ་ཡང་ལེགས་ལྡན་གྱི་གསུང་མིན་པར་ཁས་ལེན་དགོས་པར་འགྱུར་ཏེ། དབུ་མ་རིན་ཆེན་སྒྲོན་མ་དང་། རྟོག་གེ་འབར་བ་མཛད་པ་པོ་གང་ཟག་གཅིག་ཡིན་པའི་ཞལ་གྱིས་བཞེས་པའི་ཕྱིར་རོ།།
དེ་ལྟར་མིན་ན། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[7]། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་གསུངས་པ་རྫུན་ཚིག་ཏུ་གྱུར་ཏེ། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོས་རྟོག་གེ་འབར་བའི་མཛད་པ་པོ་མིན་བཞིན་དུ་དེ་ལྟར་གསུངས་ན། ཡོངས་གྲགས་ཀྱིས་སློབ་དཔོན་མཁས་པ་ཆེན་པོ་དེ་ལྟ་བུས་མཛད་པའི་བསྟན་བཅོས་ཀྱང་རང་གིས་བརྩམས་ཚུལ་བཀོད་ནུས་ན། སྤངས་རྟོགས་ཀྱི་ཡོན་ཏན་མངའ་བའི་པཎ་གྲུབ་ཚད་ལྡན་སྨོས་ཅི། འཇིག་རྟེན་མི་ཆོས་ཀྱི་དྲི་མ་ཙམ་ཡང་མེད་མཁན་ཞིག་ཏུ་འགྱུར་འགྲོ་བས། དེ་ལྟར་ཅི་ལ་ཡིན་སྲིད། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཀྱང་དབུ་མའི་བསྟན་བཅོས་རིན་ཆེན་སྒྲོན་མ་ལ་བསྔགས་པ་རྒྱ་ཆེར་མཛད་པ་སོགས་གང་ལ་དཔགས་ཀྱང་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་མཁས་པ་ཚད་ལྡན་ཞིག་ཡིན་པ་དང་། དེ་གཉིས་མཛད་པ་པོ་གཅིག་མིན་ཚུལ་གསུངས་པ་ནི་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
ཡང་ཕྱོགས་གཞན་ཞིག་ནས་བསམས་ཚེ། དབུ་མ་རིན་ཆེན་སྒྲོན་མ་ལས[8]། བདག་གིས་བཀོད་པ་རྟོག་གེ་འབར་བར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་པའི་ཚིག་འདིས་རྟོག་གེ་འབར་བ་རང་ཉིད་ཀྱིས་བརྩམས་པར་བསྟན་པ་མ་ཡིན་པ་སྟེ། དེའི་ཚུལ་ནི། རྟོག་གེ་འབར་བ་ལས[9]། བདེ་བར་གཤེགས་པས་ཇི་སྐད་དུ།
སྲིད་གསུམ་བཏགས་པ་ཉིད་ཙམ་སྟེ། །དངོས་པོའི་ངོ་བོར་ཡོད་མ་ཡིན། །
བཏགས་པ་དངོས་པོའི་དངོས་ཉིད་དུ། །ངན་རྟོག་རྣམས་ནི་རྟོག་པར་བྱེད། །
ཅེས་གསུངས་པ་དང་། དེ་བཞིན་དུ།
གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །
འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །
རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །
ཞེས་གསུངས་ཤིང་། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[10]། བཅོམ་ལྡན་འདས་ཀྱིས་ཀྱང་།
སྲིད་གསུམ་བཏགས་པ་ཙམ་ཉིད་དེ། །དངོས་པོའི་ངོ་བོར་ཡོད་པ་མིན། །
བརྟགས་ལ་དངོས་པོའི་དངོས་ཉིད་དུ། །ངན་རྟོག་རྣམས་ནི་རྟོག་པར་བྱེད། །
ཅེས་གསུངས་ལ། ཡང་དབུ་མ་རིན་ཆེན་སྒྲོན་མ་ལས[11]། ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།
གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །
འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །
རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །
ཞེས་གསུངས་སོ། །ཞེས་གསལ་བས་ན། རང་ཉིད་ཀྱིས་མདོ་དེ་གཉིས་མདོ་སྡེ་སོ་སོའི་ནང་ནས་དྲངས་པ་མིན་པར་རྟོག་གེ་འབར་བ་ལས་དྲངས་པ་ཡིན་ཅིང་། དེ་ཉིད་ཤེས་བྱེད་དུ་བདག་གིས་བཀོད་པ་ཞེས་གསུངས་པ་ཡིན་སྙམ་སྟེ། རྟོག་གེ་འབར་བར་མདོ་ཚིག་དྲངས་པ་དེ་འདིར་བཀོད་པ་དང་འདྲ་ཞིང་། བདག་གིས་བཤད་པ་ཞེས་པ་དང་བདག་གིས་བརྩམས་པ་ཞེས་མི་འབྱུང་བར་བདག་གིས་བཀོད་པ་ཞེས་གསུངས་པ་ལ་གོ་རྒྱུ་ཁྱད་པར་བ་ཞིག་མེད་དམ་སྙམ་པས་དཔྱད་དགོས་སོ།།
ཡང་དབུ་མ་ཤེས་རབ་སྒྲོན་མའི་མཇུག་བྱང་ལས[12]། བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པ་བྱོན་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན་གྱིས་ཉེ་བར་སྦྱར་བ་རྫོགས་སོ། །ཞེས་བྱུང་ལ། དེ་བཞིན་དབུ་མ་རིན་པོ་ཆེའི་སྒྲོན་མའི་མཇུག་བྱང་ལས་[13]ཀྱང་། བདག་དང་གཞན་ཐམས་ཅད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་སྐུ་ཚེ་འདི་ཉིད་ལ་སྐུ་ལུས་དེ་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ། །ཞེས་ཤེས་རབ་སྒྲོན་མ་དང་དབུ་མ་རིན་པོ་ཆེའི་སྒྲོན་མ་གཉིས་ཀྱི་མཛད་བྱང་གི་ཚིག་རིས་ཀྱང་ཤིན་ཏུ་མཐུན་པ་ལ་དཔགས་ན་མཛད་པ་པོ་གཅིག་ཡིན་པ་ལྟ་བུར་བྱས་འདུག
དེ་བཞིན་དབུ་མ་རིན་ཆེན་སྒྲོན་མའི་མཇུག་བྱང་ལས་[14]ཀྱང་། བཀའ་མ་ལུས་པའི་སྙིང་པོ་བསྡུས་པ། དེ་ཁོ་ན་ཉིད་གསལ་པོར་སྟོན་པ་དབུ་མ་རིན་པོ་ཆེའི་སྒྲོན་མ། བདག་དང་གཞན་ཐམས་ཅད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ་སྐུ་ཚེ་འདི་ཉིད་ལ་སྐུ་ལུས་དེ་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ། །བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་[15]དུ་རྒྱ་བརྩོན་འགྲུས་སེང་གེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་གསལ་བ་ལྟར་སྒྱུར་བྱེད་འཕགས་བོད་ཀྱི་ལོ་པཎ་དེ་དག་གིས་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་མིན་པར་མ་གསུངས་པར་མ་ཟད། ལྷག་པར་འཕགས་བོད་ཀྱི་ལོ་པཎ་ཉི་ཟླ་དང་འདྲ་བ་དེ་དག་གིས་དབུ་མ་རིན་ཆེན་སྒྲོན་མར་ཡང་ཡང་ཞུས་ནས་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད་པའི་འགྱུར་བྱང་དུའང་སློབ་དཔོན་ལེགས་ལྡན་གྱིས་མཛད་ཚུལ་གསལ་བར་བཀོད་འདུག །ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་མཇུག་བྱང་ལས[16]།
དེ་ལྟར་འདི་ནི་དབུ་མ་ཡི། །སྙིང་པོ་མདོར་བསྡུས་བྱས་པ་ཡིན། །
བློ་ལྡན་མདོ་སྡེ་དུ་མ་ཡི། །གཟུགས་བརྙན་བལྟ་བའི་མེ་ལོང་ཡིན། །
དབུ་མའི་སྙིང་པོ་ལས་བསྟོད་པ་དང་མཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །དབུ་མའི་སྙིང་པོ་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་རྫོགས་སོ། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་ཕྱོགས་མཚུངས་སུ་གསལ་བས་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་པར་ཐེ་ཚོམ་མི་དགོས་སྙམ་མོ།།
དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[17]། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤོ་ལོ་ཀ་བརྒྱད་ཅུ། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། དབུ་མ་རིན་པོ་ཆེའི་སྒྲོན་མ། རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར། ཞེས་དང་། སྡེ་དགེའི་བསྟན་འགྱུར་དཀར་ཆག་ལས་[18]ཀྱང་། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང༌ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ། ཞེས་གསུངས་པ་ལྟར། བསྟན་འགྱུར་དཀར་ཆག་ཕྱོགས་སྒྲིག་མཛད་པ་པོ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ནས་ཀྱང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་ངེས་སུ་འཇོག་གནང་མཛད་པ་ལས་ཐེ་ཚོམ་གྱི་ཟུར་ཙམ་ཡང་མ་གསུངས་ལ། ལེགས་ལྡན་ཆེ་ཆུང་ཡོད་ཚུལ་ཡང་གཏན་ནས་མི་གསལ་བས་ཡོངས་གྲགས་བོད་ཀྱི་སྐྱེས་ཆེན་དམ་པ་དུ་མས་དབུ་མ་རིན་པོ་ཆེའི་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་པར་ཞལ་གྱིས་བཞེས་པ་ཡིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་མཁྱེན་ཆོས་འབྱུང་། གསུང་འབུམ། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་གྲངས་ ༤༥ན༡
[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དུ་ལེགས་ལྡན་ཇོ་བོའི་བླ་མ་ཡིན་ཚུལ་གཏན་ནས་མི་གསལ་ལོ།།
[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༢༡
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༣༠
[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༩༠༣
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༠༥
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥
[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༡༨༡
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥
[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༥༣
[12] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༥༣
[13] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༦༠
[14] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༠༥
[15] སོ་མ་པུ་རིའི་གཙུག་ལག་ཁང་ནི་དེང་སྐབས་བྷང་ལ་དྷེ་ཤིའི་ནང་ཆགས་ཡོད། རྒྱས་པ་ཇོ་བོའི་རྣམ་ཐར་དུ་གཟིགས།
[16] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ཤོག་གྲངས་ ༩༦
[17] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༤
[18] སྡེ་བསྟན་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༨-༢༥༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༡ ནས་ ༣༡༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།