༄༅། །དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
ཉིན་ཤས་སྔོན་ལ་ཤེར་རབ་མཆོག་ལྡན་ཟེར་བ་ཁོང་ལ་ཁོ་བོས་དགག་ལན་ཞིག་བྲིས་ནས་སྤེལ་བ་ཡིན། ཁོ་དེར་སྡུག་མ་བཟོད་ནས་མཐར་火锅རྒྱ་ཁོག་ནང་བཞིན་དབྱིན་ཡིག་དང་བོད་ཡིག་རྒྱ་ཡིག་སོགས་མང་པོ་ཞིག་ཡར་བསྲེས་མར་བསྲེས་བྱས་ཏེ། དབྱིན་ཡིག་རྒྱ་ཡིག་སོགས་བྱང་ཞིང་ཆུབ་པ་ཅི་དང་གང་ཡང་མ་ཤེས་ནའང་སྐད་ཡིག་དེ་དག་ཀྱང་ཤེས་ཀྱི་ཡོད་མདོག་མདོག་གིས་ཡང་ང་ལ་ཡིག་སྙིགས་ཤིག་བསྐུར་འདུག། དེ་ལ་སྐབས་འདིར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཚུལ་སོགས་ཀྱི་སྐོར་ནས་དཔྱད་གཏམ་མདོར་བསྡུས་ཀྱི་ཡང་ལན་ཞིག་བྱེད་པར་དལ་གྱིས་འཇུག་ཚེ།
དེ་འང་ཁྱོད་རང་གིས་ང་ལ་དགག་པ་ལན་གསུམ་པ་བྱས་པ་དེའི་ནང་ལ་དབྱིན་ཡིག་ལ་སོགས་སྤེལ་བ་དེ་རྣམས་ནི་Alརིག་ནུས་སོགས་སུ་གསལ་བཞིན་ཡོད་པ་སྟེ། ཟླ་བ་གྲགས་པ་དུས་རབས་ག་དུས་བྱོན་ཡོད་མེད་ཀྱི་སྐོར་ཞིབ་འཇུག་པ་དག་གིས་ཇི་ལྟར་བཤད་ཡོད་ཚུལ་རྣམས་རེད། འབྲེལ་ཡོད་Alརིག་ནུས་དྲྭ་ཚིག་སོགས་སུ་ཞིབ་པར་གསལ་བ་དེ་རྣམས་འདྲ་བཤུས་བྱས་ནས་རང་ཉིད་སྐད་ཡིག་གཞན་དག་ལའང་ཤེས་འཇོན་ནུས་གསུམ་ལྡན་པ་ཡིན་མདོག་མདོག་གིས་འཁྲབ་སྟོན་དེ་འདྲ་བྱེད་པ་ནི་ལྐུག་རྟགས་ཚ་བའི་ལས་ཀ་ཙམ་ཡིན་པ་ལས་མཁས་པས་འགལ་བརྟག་གི་དཔྱད་བརྗོད་སྤེལ་བ་དེ་འདྲ་མ་རེད། ངས་འདི་ནས་ལྷག་བསམ་རྣམ་དག་གིས་ཁྱེད་རང་ལ་ཞུ་རྒྱུར་རྗེས་སུ་རྩོམ་ཡིག་འདྲི་དུས་Alརིག་ནུས་ཀྱི་ལན་འདེབས་རྣམས་འདྲ་བཤུས་བྱས་ནས་མཁས་མདོག་བསྟན་དྲགས་ཚེ་ནམ་ཞིག་རང་གཟུགས་རྦད་དེ་ཕྱིར་མངོན་ཡོང་བ་ཡིན་ཞེས་དྲན་གསོ་ཞུ་བཞིན་ཡོད། གང་ལགས་ཤེ་ན་ཉེ་དུས་ཤེས་ལྡན་པ་ཕལ་ཆེར་གྱིས་“བལ་པོའི་སེའུ་མ་བཟོས་ཀྱང་། །ཁ་དོག་ཉིད་ལས་དྲོ་བ་ཤེས་”ཞེས་པ་ལྟར་རྩོམ་ཡིག་སོགས་འདྲ་བཤུས་བྱས་ཚེ་ཟུར་ཙམ་ནས་ཀྱང་ལམ་སེང་གསལ་པོར་ཧ་གོ་འགྲོ་བ་རེད། སྤྱིར་རང་ཉིད་ཁོ་ན་ཤེས་རྒྱ་ཆེ་ཤོས་ཡིན་སྙམ་དྲགས་པའི་འདུ་ཤེས་བརྟན་པོ་ཡོད་མཁན་ལ་གཤིས་སྤྱོད་དེ་ག་རང་གིས་ལྐུག་རྟགས་མང་པོ་ཞིག་བསྟན་ཡོང་བ་ཡིན་པས་གནད་དོན་དེ་འདྲར་རང་གིས་རང་ལ་གཅེས་ཤེས་མཁན་ཚོས་ཤིན་ཏུ་ནས་གཟབ་དགོས་ངེས་ཤིག་ལགས་སོ། །
མཚམས་འདི་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཚུལ་དང་། ཟླ་གྲགས་དུས་རབས་གང་གི་ཡས་མས་ལ་བྱོན་ཡོད་ཚུལ་སྐོར་སོགས་མདོར་ཙམ་ཞིག་གླེང་བར་དངོས་སུ་འཇུག་ཚེ། སྤྱིར་བཏང་ཁྱེད་རང་ཡིད་ཆེས་ཆེ་ཤོས་བྱེད་ས་Alརིག་ནུས་དྲྭ་རྒྱ་ཁག་ཏུ་གསལ་བའི་ཤར་ནུབ་ཀྱི་ཞིབ་འཇུག་པས་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་དེ་ལྟར་བཤད་པ་ནི་ཟླ་བའི་འཁྲུངས་འདས་ལོ་ཚིག་ཡོངས་གྲགས་ཞེས་པ་དེ་རྩ་བ་ཉིད་ནས་མ་རེད། དེ་འདྲ་བཤད་མཁན་གྱི་ཞིབ་འཇུག་པ་ཡོད་མོད། དེ་རིགས་ཡོད་མ་རེད་ཅེས་ཟེར་བཞིན་མེད། དེ་འདྲ་ཡོད་པ་ཙམ་གྱིས་དེ་ལ་ཡོངས་གྲགས་ཞེས་པའི་མཐའ་དཔྱོད་རང་བཞིན་ཅན་གྱི་ཐ་སྙད་ཀྱི་སྙིང་དོན་ཚང་གི་མེད་ཅིང་། མ་གཞི་ནས་ཞིབ་འཇུག་པ་ཁོ་རང་ཚོ་ལའང་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་གང་ཡིན་བཤད་ཚུལ་ཐད་ལ་མི་མཐུན་པ་མང་པོ་ཡོད་པ་དེ་ག་རང་གིས་ཡོངས་གྲགས་མ་ཡིན་པར་ཆགས་ཚར་བ་རེད། སྤྱིར་ཤར་ནུབ་ཀྱི་ཞིབ་འཇུག་པས་རང་འདོད་གཙོ་བོར་གཞིར་བཞག་ནས་དེ་དང་མཐུན་པར་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ཀྱང་རྒྱུ་མཚན་ལྟར་སྣང་ཙམ་ལ་བརྟེན་ནས་འདི་མིན་ན་འདི་ཡིན་དགོས་ཀྱི་བཤད་སྟངས་ཨུ་ཚུགས་ཅན་མང་པོ་བྱས་ཡོད་པ་ལ་མྱུར་དུ་ཡིད་རྟོན་བྱེད་མི་རུང་བ་ཁྱོད་ཀྱིས་ཤེས་པ་ཡིན་ན་ཡག་པོ་འདུག།
དེའི་ཕྱིར་ན་ཤར་ནུབ་ཀྱི་ཞིབ་འཇུག་པས་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ ༦༠༠-༦༥༠ འདི་སོགས་ལ་བྱས་པ་ཡོངས་གྲགས་ཡིན་ཞེས་ཁྱེད་རང་གིས་ས་གྲགས་གནམ་གྲགས་དེ་འདྲ་ཡང་ཡང་བྱེད་མི་རིགས་ཏེ། འོ་ན་ཐེག་ཆེན་གྱི་མདོ་དང་སྔགས་གཞུང་ཁག་བཀའ་འགྱུར་ནང་ལ་བཞུགས་པ་འདི་རྣམས་ཆོས་ཅན། བདག་ཅག་སྟོན་པའི་བཀའ་མ་ཡིན་པ་ཐལ། ཁྱེད་རང་གིས་ཡིད་རྟོན་བྱེད་དྲགས་ས་ཤར་ནུབ་ཀྱི་ཞིབ་འཇུག་པ་ཕལ་ཆེར་གྱིས་དེ་རྣམས་རྒྱལ་བའི་བཀར་ཁས་མི་ལེན་པའི་ཕྱིར། འདོད་ན། ཁྱོད་རང་བོད་བརྒྱུད་ནང་པ་སངས་རྒྱས་པ་ལས་ཕྱི་རོལ་དུ་ཕེབས་ཤིག། ཐེག་ཆེན་མདོ་སོགས་ཤར་ནུབ་ཀྱི་ཞིབ་འཇུག་པས་དེ་ལྟར་བཤད་པ་འཛམ་གླིང་གི་ཕོ་རྒོད་ཤོས་ཤེས་རབ་མཆོག་ངས་མི་འདོད་ཀྱང་། ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ཁོ་ཚོས་བཤད་པ་དེ་ནི་ང་རང་མི་འདོད་ཀ་མེད་ལ་ཐུག་པ་ཡིན་ནོ་ཟེར་ན་ནི་ཡང་ཁྱོད་རང་རིགས་པ་སྨྲ་བའི་ཁོར་ཡུག་ལས་ཀྱང་ཕྱིར་བུད་ཅིག །དེ་བས་ན་ཐེག་ཆེན་གཞུང་ལུགས་སངས་རྒྱས་ཀྱི་བཀའ་ཡིན་མིན་ཙམ་ཡང་མི་ཤེས་མཁན་ཤར་ནུབ་ཀྱི་ཞིབ་འཇུག་པའི་བཤད་ཡམས་རྗེས་སུ་ཁྱི་བཞིན་རྒྱུགས་རྐྱང་བྱེད་མི་རིགས་སོ། །
དེའི་ཕྱིར་ཁོ་བོས་ཀྱང་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་སྐོར་ལ་ལོ་འགའ་ཤས་སྔོན་ནས་ཤར་ནུབ་ཀྱི་ཞིབ་འཇུག་པས་འདོད་ཚུལ་གང་འདྲ་ཡོད་ལུགས་དང་། རང་རེ་བོད་བརྒྱུད་ནང་བསྟན་པས་ཟླ་གྲགས་འཁྲུངས་འདས་ལོ་ཚིག་ཇི་ལྟར་འདོད་ཚུལ་ཐད་ལ་དོ་སྣང་བྱེད་མུས་ཡིན་པ་དང་ཟིན་བྲིས་ཀྱང་འདེབས་མུས་ཡིན་པའི་སྐབས་སུ། ཤར་ནུབ་ཀྱི་ཞིབ་འཇུག་པའི་བཤད་སྟངས་དེ་རིགས་ལ་ཡིད་ཆེས་དེ་ཙམ་ཞིག་མ་སྐྱེས་པ་གཞིར་བྱས། རིམ་གྱིས་དངོས་ཡོད་མི་སྣ་པ་ཚབ་ཉི་གྲགས་དང་མར་པ་ལོ་ཙཱ་འགོས་ཁུག་པ་ལྷས་བཙས་སོགས་ཀྱི་མི་སྐད་གསོན་པོ་ཉིད་གཙོ་བོར་གཞིར་བཞག་ནས་ཟླ་གྲགས་དུས་རབས་གང་གི་ཡས་མས་ཀྱི་མི་སྣ་ཡིན་མིན་ལ་དོགས་སློང་དང་དཔྱད་གཞི་གནད་དོན་ཆེ་བ་དང་རིན་ཐང་ལྡན་པ་དག་མཁོ་འདོན་བྱེད་པའི་རྣམ་པ་བཏོན་ཏེ། གཙོ་བོར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་བཤད་པ་རྣམས་ཞིབ་མོར་དགག་ཅིང་། དེ་དེའི་དངོས་སློབ་མིན་ཚུལ་སོགས་ལེགས་པར་སྒྲུབ་སྟེ། བོད་མི་རེ་འགར་ཟླ་གྲགས་མཇལ་བའི་ལོ་རྒྱུས་དངོས་བྱུང་སོགས་གཙོ་བཞག་གི་སྒོ་ནས་གླེང་བཞིན་ཡོད།
དེ་འདྲ་མ་བྱས་པར་ལམ་སེང་མཁས་མདོག་འཇོན་མདོག་གིས་ Al རིག་ནུས་དྲྭ་རྒྱའི་ལན་འདེབས་ལ་ཡམ་རྒྱུགས་བྱས་དྲགས་ནས་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ཤོད་དུས། ཕལ་ཆེར་ང་ནི་ཟླ་གྲགས་ཀྱི་ཨ་མ་ཡིན་སྙམ་པ་ལྟ་བུས་དེའི་འཁྲུངས་འདས་ལོ་ཚིག་གླེང་བ་ནི་ཆེས་ཐལ་དྲགས་པའི་བྱ་སྤྱོད་ཅིག་ཡིན་པ་ལས། མཁས་དྲགས་པའི་ཤེས་ཡོན་པའི་བྱེད་སྟངས་ཤིག་མིན་ཚུལ་ཁྱོད་ཀྱིས་གསལ་པོར་ཤེས་རན་ནོ། །
དེ་བས་ན་དེང་རབས་ཞིབ་འཇུག་པ་ཚད་ལྡན་རྣམས་ཀྱི་ཐབས་ཤེས་དང་། ནང་བསྟན་འབྲེལ་ཡོད་ཀྱི་ཡིག་ཆ་ཚུལ་མཐུན་ཉིད་དཔང་པོར་བཞག་ནས་ཟླ་གྲགས་དུས་རབས་གང་དུ་བྱོན་ཡོད་མེད་གསལ་པོར་ཤེས་དགོས། དེ་ལྟར་ཤེས་པར་བྱེད་པ་ལ་དང་ཐོག་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་རྣམ་དབྱེ་འབྱེད་དགོས་པ་དེ་ཉིད་གནད་འགག་ཆེས་ཆེ་ཤོས་དེ་རེད། དེ་ཡང་རྒྱ་བརྒྱུད་ནང་བསྟན་གྱི་ལོ་ཙཱ་བ་གཞོན་ནུའི་སྲོག་ཅེས་པ་ཁོང་ནི་དུས་རབས་བཞི་པའི་ནང་ལ་བྱོན་པའི་རྒྱ་ནག་གི་ལོ་ཆེན་ཞིག་ཡིན་པ་ཡོངས་གྲགས་ཡིན་ཏེ། དེ་དུས་རབས་ག་དུས་བྱོན་ཡོད་མེད་ལ་རྩོད་པའང་མེད་པས་སོ། །
ཁོང་རྒྱ་གར་ལ་ཕེབས་མྱོང་བ་མ་ཟད་སློབ་གཉེར་སོགས་ཀྱང་དེར་གནང་ཡོད་ལ། ད་དུང་ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་སོགས་ཀྱང་རྒྱ་ནག་སྐད་དུ་བསྒྱུར་བ་དང་བརྩམས་ཡོད་ལུགས་འབྲེལ་ཡོད་ཡིག་ཆར་གསལ་ཚུལ་མཁས་པ་ཚོས་གླེང་བཞིན་འདུག། དེས་ན་ལོ་ཆེན་གཞོན་ནུའི་སྲོག་རྒྱ་གར་ལ་ཕེབས་དུས་ལོ་བརྒྱ་ལྷག་གོང་ནས་མགོན་པོ་ཀླུ་སྒྲུབ་དགོངས་པ་རྫོགས་ཡོད་ཚུལ་དང་། དེ་དུས་རྒྱ་གར་གྱི་ནང་པས་ཀླུ་སྒྲུབ་ལ་འདས་མཆོད་དམ་རྗེས་དྲན་གནང་གི་ཡོད་ཚུལ་སོགས་ལོ་ཆེན་ཁོང་གིས་དངོས་སུ་མཐོང་ཐོས་བྱུང་ཡོད་ཚུལ་སྐོར་གསལ་པོར་བཤད་ཡོད་པ་རེད། དེའི་ཕྱིར་ན། མགོན་པོ་ཀླུ་སྒྲུབ་ཀྱི་འཁྲུངས་འདས་ལོ་ཚིག་གསལ་པོར་མ་ངེས་ཀྱང་ཁོང་དུས་རབས་གཉིས་པའི་ཡས་མས་ལ་དགོངས་པ་རྫོགས་ཟིན་པ་ཡིན་ཚུལ་ལོ་ཆེན་གཞོན་ནུའི་སྲོག་གི་གསུང་ལ་བརྟེན་ནས་ད་གདོད་གཏན་ཕབ་ཐུབ་པ་རེད། དེའི་དབང་གིས་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཚུལ་སྒོ་ཀུན་ནས་ཐག་ཆོད་གཙང་མར་ཐུབ་ཡོད་པ་རེད་ལ། དེར་རྒྱུ་མཚན་གཞན་ཡང་ཡོད་དེ། ཟླ་གྲགས་ཀྱི་སྔོན་ལ་དབྱིག་གཉེན་དང་ཕྱོགས་གླང་ཆོས་སྐྱོང་སོགས་བྱོན་ཟིན་པ་ཡིན་ཚུལ་ཟླ་གྲགས་རང་གིས་དངོས་སུ་དབུ་མ་ལ་འཇུག་པའི་རང་འབྲེལ་གྱི་མཛད་བྱང་ནང་ལ་བཤད་ཡོད་པས་སོ། །
དེའི་ཕྱིར་ན། ཀླུ་སྒྲུབ་དགོངས་པ་རྫོགས་ནས་ལོ་བརྒྱ་ཕྲག་འགའ་ཞིག་གི་རྗེས་སུ་གཞི་ནས་ཟླ་གྲགས་འཁྲུངས་པ་ཡིན་ཚུལ་ཕྱོགས་ཡོངས་ནས་གཏན་ལ་ཕབ་ཐུབ་པ་བྱུང་ཡོད། དེར་བརྟེན་ཁྱོད་རང་གིས་རྒྱ་གཞུང་འགའ་ཞིག་དྲངས་ནས་ང་ལ་དགག་པ་བྱས་པའི་རྩོམ་ཡིག་སྔོན་མ་གཉིས་པོའི་ནང་ལ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་བཤད་པ་དེ་རྣམས་ད་ཆ་རྦད་དེ་ཕམ་ཉེས་བཏང་ཟིན་ཡོད་པ་འདིའང་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་ངེས་རེད། དེས་མ་ཚད་པར་གོང་དང་མཐུན་པར་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་ཚིག་གསལ་ཞེས་པ་ལས་“བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །”ཞེས་གསལ་པོར་གསུངས་པ་སྟེ། ཟླ་གྲགས་སྐུ་འཚོ་བཞུགས་སྐབས་སུ་ཀླུ་སྒྲུབ་དགོངས་པ་རྫོགས་ཟིན་པ་ཡིན་ཚུལ་ཟླ་གྲགས་ཀྱིས་གསུངས་འདུག་ལ། དེས་མ་ཚད་པར་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་མང་པོའང་ཟླ་གྲགས་ཀྱི་དུས་སྐབས་སུ་ཉམས་ཆག་བྱུང་ཟིན་ཚུལ་ཟླ་གྲགས་རང་གིས་དེ་ལྟར་བཤད་ཅིང་། ད་དུང་ཀླུ་སྒྲུབ་ཀྱི་དངོས་སློབ་རྣམས་ཀྱང་ཉམས་པའམ་དགོངས་པ་རྫོགས་ཟིན་ནས་དུས་མང་སྟེ། ལོ་ངོ་བརྒྱ་ཕྲག་མང་པོ་ཕྱིན་ཚར་བ་ཡིན་ཚུལ་སྐོར་དེ་ཡང་ཟླ་གྲགས་རང་གིས་ཚིགས་སུ་བཅད་པའི་སྒོ་ནས་ཉི་མ་ནང་བཞིན་ཤིན་ཏུ་གསལ་པོར་བསྟན་འདུག་པས་ན། ད་ནས་བཟུང་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཞེས་པའི་ཨུ་ཚུགས་ཚ་པོའི་གཤིས་སྤྱོད་དེ་དག་སྟོན་མཚམས་བཞག་ན་མཛེས་པ་མ་ལགས་སམ། ལྷག་པར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་མཁན་ཁྱེད་ཅག་ལྟར་ན། ཟླ་གྲགས་ཀྱི་ལོ་ངོ་དགུ་བརྒྱ་ལྷག་ལ་བཞུགས་ཡོད་པར་ཐལ་བའི་སྐྱོན་ཡོང་བ་ཡིན་པས་ལོ་རྒྱུས་ཉ་ཉུང་མཉམ་བསྲེས་བྱེད་མཁན་ཁྱེད་ཅག་ལ་ཅུང་ཟད་ཀྱིས་ངོ་ཚ་ཁྲེལ་ཡོད་ལྡན་ན་བཟང་ངོ་ཞེས་ཀྱང་ཞུའོ། །
མ་གཞི་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཟེར་བ་དང་ཡང་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ནི་༦༠༠-༦༥༠འདི་ཡིན་ཞེས་པ་སོགས་ནི་ནང་འགལ་རི་ལས་ཆེ་བ་ཤོར་བའི་རྟགས་རང་རེད། ནང་འགལ་རྫབ་ཆེན་དེ་འདྲ་ཤོར་བཞིན་དུ་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་རྒྱུས་ཧམ་པ་ཆེན་མོས་ཇི་མི་སྙམ་པར་གླེང་བ་ནི་གཤོག་རྩལ་མེད་པའི་ཁྱིམ་བྱ་ཡིས་མཁའ་དབྱིངས་ཀྱི་ཐང་དཀར་རྒོད་པོར་འགྲན་འདོད་ཀྱི་ང་རྒྱལ་ཙམ་ཞིག་རང་མ་ལགས་སམ།
ཁྱད་པར་དུ་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ནི་གཟུགས་འདས་རིག་པའམ་མཐོང་ཐོས་ཡོད་དུ་གྱུར་མྱོང་མེད་པའི་རྣམ་ཤེས་ལྟ་བུ་མིན་པར་དངོས་གཙོ་སྨྲ་བའི་ཕྱོགས་ཀྱིས་གསལ་པོར་འགྲེལ་བརྗོད་བྱེད་ནུས་པ་ཞིག་ཡིན་གཤིས། དེས་ན་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་རྒྱ་གར་ལ་གསལ་པོ་མེད་ཀྱང་། བོད་མི་མར་པ་ལོ་ཙཱ་བ་དང་འགོས་ཁུག་པ་ལྷས་བཙས་དང་པ་ཚབ་ཉི་གྲགས་སོགས་བྱོན་པའི་དུས་རབས་གང་ཡིན་གསལ་པོར་ཤེས་ནུས་པའི་བདེན་དཔང་ལ་བརྟེན་པ་ཡིན་ན་འཁྲུལ་པ་ཇི་ཉུང་དང་། དེ་ཙམ་ལ་ཡང་རྦད་དེ་མ་བརྟེན་པར་བོད་མི་དེ་དག་གིས་གསུངས་པའི་ཡིག་ཆ་རྙིང་པ་ལོ་བརྒྱ་ཕྲག་མང་པོ་ཕྱིན་ཟིན་པ་དེ་རིགས་ཀྱི་ནང་ལ་ཁོང་ཚོ་དང་ཟླ་གྲགས་འཕགས་ཡུལ་ལ་ཐུག་པའི་སྐོར་འཁོད་ཡོད་མེད་དང་། དེ་འདྲ་ཡོད་ན་ཇི་ལྟར་ཡོད་ལུགས་སོགས་ལ་བརྟེན་ནས་ད་གཟོད་གཞི་ནས་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ཇི་བཞིན་མ་ངེས་ཀྱང་དུས་རབས་གང་གི་ཡས་མས་ལ་བྱོན་ཡོད་མེད་ཤེས་ནུས་པ་རེད། ལོ་རྒྱུས་ཁ་གསལ་པོ་དེ་འདྲ་ཡོད་པ་ལ་འཇའ་ལུས་སྐུར་འགྲེལ་བཤད་བྱེད་པ་ནི་མ་གཞི་ནས་ཆེད་དུ་ལོ་རྒྱུས་ཡར་དཀྲུག་མར་དཀྲུག་བྱེད་པ་ཡིན་པ་ལས་ལོ་རྒྱུས་གླེང་བ་མ་ཡིན་ལ། ལོ་རྒྱུས་དངོས་གཙོ་སྨྲ་བ་དེ་བས་ཀྱང་གླེང་བ་མིན་པར་ཧ་གོ་བར་མཛོད་ཅིག །
ཡང་ཟླ་གྲགས་དང་མར་པ་ལོ་ཙཱ་བ། དེ་བཞིན་པ་ཚབ་ཉི་གྲགས་ཇི་ལྟར་ཐུག་ཚུལ་དང་དེའི་སྐོར་གནའ་བོའི་ཡིག་རྙིང་ཁམས་སུ་གང་འདྲ་གསལ་ཚུལ་ནི་ཁོ་བོའི་རྩོམ་ཡིག་གཞན་པ་དེ་གསུམ་ནང་ལ་དྲངས་ཟིན་པ་ཡིན་པས་འདིར་སླར་ཡང་དྲངས་རྒྱུ་མིན་ནོ། །
གོང་གླེང་དེ་རྣམས་ཀྱིས་ཕྱིར་ན། ཟླ་གྲགས་བྱོན་པའི་ལོ་རྒྱུས་རྒྱུ་ཆ་མི་གསོན་པོ་དག་གིས་མཐོང་ཐོས་གང་ཞིག་བྱུང་བ་རྣམས་གཙོ་བོར་གཞིར་བཞག་པའི་དམངས་གཞིའི་སྒང་ལ། དེ་དང་མི་འགལ་བར་ཕྱོགས་མཐུན་གྱི་འབྲེལ་ཡོད་ཡིག་ཆ་ཁ་གསལ་ཡོད་པ་རྣམས་མཐུན་དཔེར་བཀོད་ཤེས་ཚེ། གཞི་ནས་ཟླ་གྲགས་སོགས་ཀྱི་འཁྲུངས་འདས་ལོ་རྒྱུས་དངོས་ཡོད་གང་དེར་གནས་ས་ལ་ཁ་ཕྱོགས་སྟོན་ཐུབ་པ་དང་། གང་དེས་དོན་དངོས་ཇི་བཞིན་དུ་བཤད་མི་ཐུབ་ཀྱང་དོན་དངོས་དང་ཧ་ཅང་ཉེ་བར་བཅར་ཐུབ་པར་བྱེད་པའི་ཁྱད་ཆོས་མངོན་པར་འཕགས་པ་བྱས་ཡོད་པ་རེད། རྒྱུ་མཚན་དེས་ན་ཟླ་གྲགས་ཀྱིས་སྐུ་ཚེ་ཤིན་ཏུ་རིང་པོ་ལོ་ངོ་དགུ་བརྒྱ་ལྷག་ཞུགས་མེད་མོད་ཀྱང་བརྒྱ་ཕྲག་རེ་ཙམ་བཞུགས་ཡོད་པ་ལོས་ཆོག་སྟེ། བོད་མི་ཚེ་རིང་ཤོས་སུ་གྲགས་པ་སྙེ་མོ་བ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཤང་པ་བཀའ་བརྒྱུད་སྲོལ་འབྱེད་པ་ཁོང་གིས་ཀྱང་ལོ་ངོ་༡༥༠ལྷག་བཞུགས་ཡོད་ཚུལ་མཐུན་དཔེར་བཀོད་ཚེ་རུང་བ་ཡིན་ལ། དཔེ་དེ་བཀོད་པ་ཙམ་མིན་པར་རང་ལུགས་སུ་ཡིག་ཆ་གཞན་ཞིག་ན་ཟླ་གྲགས་ནི“མར་ལུགས་པ་དག་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད་ཅིང་། དགུང་ལོ་བཞི་བརྒྱ་བཞུགས་པ་སོགས་ཀྱིས་རྣམ་ཐར་མང་པོ་བླ་མ་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙྪ་བས་བསྒྱུར་བ་ན་ཡོད་དོ་”ཅེས་གསལ་པོར་འཁོད་ཡོད་པས་ན། ཟླ་གྲགས་ཀྱིས་ལོ་མང་པོ་དེ་འདྲ་བཞུགས་ཡོད་མེད་ཅི་ཆ་ཡང་། གང་ལྟར་ཟླ་གྲགས་དང་པ་ཚབ་ཉི་གྲགས་མཇལ་འཕྲད་བྱུང་ཡོད་ཚུལ་སྐོར་ནི་རང་ལུགས་ཀྱང་ཡིན་འདུག་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སོགས་སྨྲས་ནས་གཞན་ལུགས་མཆོག་ཏུ་འཛིན་ཏེ། རང་ལུགས་འགོག་མཁན་ཁྱོད་རང་བག་ཡོད་ཅུང་ཟད་གནང་ཚེ་བཟང་ངོ་ཞེས་ཀྱང་ཞུ་བཞིན་ཡོད་དོའོ། །
ཁྱད་པར་དུ་ཉེ་བའི་ལོའི་ནང་ཟླ་གྲགས་དུས་རབས་གང་དུ་བྱོན་ཡོད་མེད་ཀྱི་སྐོར་ལ་གྲགས་ཆེ་བའི་དཔྱད་གཏམ་ཞིག་ནི་བོད་རིག་པ་མཁས་ཅན་དུང་དཀར་བློ་བཟང་ཕྲིན་ལས་ཀྱི་གསུང་ཞིག་ཡིན་ཏེ། ཁོང་གིས་ཞལ་ནས་“དགུང་ལོ་སུམ་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོ་བཞུགས་པར་མངོན་ཏེ། ཁོང་གི་སློབ་མ་རིགས་པའི་ཁྱུ་བྱུག་ཆེ་བ་དང་། དེའི་སློབ་མ་རིགས་པའི་ཁྱུ་བྱུག་ཆུང་བ་ཡིན་ལ། དེའི་སློབ་མ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡིན་”ཚུལ་སོགས་ཀྱི་བདེན་གཏམ་ཞིག་དུང་དཀར་ཚིག་མཛོད་ཆེན་མོར་གསལ་པོར་སྤེལ་ཡོད་པ་དེ་རེད་ལ། གང་དེར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་ཚེ། ཟླ་གྲགས་ལོ་ངོ་དགུ་བརྒྱ་ལྷག་ལ་བཞུགས་ཡོད་པར་ཐལ་བར་འགྱུར་བའི་གནོད་བྱེད་ཚ་ནན་ཞིག་བཏང་ཡོད་པ་རེད། དེས་ན་དུས་ད་ཆ་དགེ་ལྡན་པའི་ཞིབ་འཇུག་པ་ཁོང་སོགས་ཀྱིས་ཀྱང་སྔོན་བྱོན་དགེ་ལུགས་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་འདོད་པ་སོགས་ཞལ་གྱིས་མི་བཞེས་པའི་སྒང་ལ་དེ་ལྟར་འདོད་པ་ལ་དགག་པའང་ཚ་ནན་བྱས་ཟིན་པའི་དུས་རབས་ཁྱེད་རང་གིས་ཀ་ཁ་མ་ཤེས་པའི་གོང་ནས་ཚེས་ཚར་བ་རེད། དེ་བས་ན་ཐམས་ཅད་མཁྱེན་པའི་ནད་དུག་ཕོག་མཁན་ཁྱེད་ཅག་གླེན་བཤད་ལ་བོང་ཕྲུག་ལབ་དོང་རྙེད་པ་བཞིན་དབུ་འཁོར་ནས་སྡོད་མི་རིགས་སོ། །
དེའི་ཕྱིར་དུང་དཀར་རིན་པོ་ཆེའི་གསུང་དེ་ནི་ཤིན་ཏུ་གནད་ཆེན་ཡིན་པས་ཁོ་བོས་ཀྱང་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ། དོན་མཆོག་དེ་ལུང་འདྲེན་རྩོམ་ཡིག་མང་པོར་བྱས་པ་ཡིན་པས་ད་ནས་བཟུང་ཁྱོད་ཀྱིས་ཀྱང་ངེས་ཤེས་ཡོད་པར་བྱོས་ཤིག།
ད་དུང་ནང་བསྟན་གྱི་བྱ་བའི་རྒྱུད་ལས་ཚེ་ཡི་རིག་འཛིན་རྙེད་ཅེས་པ་ཚེ་རིང་པོ་བཞུགས་ཆེད་ཀྱི་ཐབས་ལམ་རྣལ་འབྱོར་པ་རེ་འགར་ཡོད་ཚུལ་བཤད་ཡོད་པས། ཁྱེད་ཅག་གིས་ཟླ་གྲགས་ཀྱི་སྐུ་ཚེར་བར་ཆད་བཏང་བ་འདྲ་ཡིན་ན་མ་གཏོགས་བྱ་རྒྱུད་ཉམས་ལེན་དེ་འདྲ་ཟླ་གྲགས་ལ་མེད་པར་ཁྱེད་ཅག་གིས་ཐག་ཆོད་མི་ཐུབ་པས་སོ། །
དོན་དེ་འདྲར་ཐུག་དུས་དྲྭ་གྲོགས་རྨོག་ཐང་དཀར་ཞེས་པ་ཁོང་གིས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་དགག་ཅིང་མིན་པར་སྒྲུབ་པའི་ཀུན་མཁྱེན་གོ་རམས་པའི་«ལྟ་བ་ངན་སེལ་»གྱི་ལུང་ཚིག་རྡོ་རྗེ་འགྱུར་མེད་དང་མཚུངས་འདི་ཁྱོད་ལ་གླེང་སྐབས་སུ། དེའི་ལན་ལ་ཁྱོད་ཀྱིས་སྔགས་ལུགས་ལ་ཟླ་གྲགས་ཀྱིས་ཚེ་ཡི་རིག་འཛིན་བརྙེས་པ་དང་དག་སྣང་སོགས་ཡོད་ལུགས་ཀྱི་ལན་འདེབས་བྱས་པ་དང་། མདོ་ལུགས་ལ་དེ་ལྟར་མི་འདོད་པའི་ཕྲུ་གུའི་ཞིབ་ཆ་ཞིག་བྱས་འདུག། དེས་ན་མདོ་ལུགས་ལ་དག་སྣང་དེ་འདྲ་མེད་ལུགས་ཁྱོད་ཀྱིས་ཐག་བཅད་པ་ལས་དོན་དངོས་མ་རེད། ཟླ་གྲགས་སྔགས་ལུགས་ལ་ཚེ་རིང་པོར་བཞུགས་ཚུལ་དང་། མདོ་ལུགས་ལ་ཚེ་ཐུང་ངུར་བཞུགས་ཚུལ་གྱི་བྱིས་པའི་ལན་དེ་འདྲ་ནི་གནད་དོན་དངོས་ལ་ཐུག་དུས་རང་བཞིན་གྱིས་སྡུག་སྐད་ཤོར་བའི་རྟགས་རང་རེད། ཟླ་གྲགས་ཚེ་རིང་པོར་བཞུགས་ཡོད་མེད་ཀྱི་དོན་ནི་སྔགས་ལུགས་མདོ་ལུགས་གཉིས་ཀ་ཐུན་མོང་གི་ལུགས་ཡིན་པ་ལས་དེ་གཉིས་མི་ཆུ་བཞིན་འགལ་བ་མ་རེད། འོ་ན་ཟླ་གྲགས་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་བཞུགས་པ་ཐལ། ཟླ་གྲགས་ཀྱིས་ཚེ་ཡི་རིག་འཛིན་བརྙེས་པ་ཁྱོད་རང་གིས་ཀྱང་འདོད་པའི་ཕྱིར། འདོད་ན། ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་༦༠༠-༦༥༠འདི་སོགས་ལ་ཁྱོད་ཀྱིས་རང་ལུགས་སུ་བྱས་པའི་རྩ་བའི་དམ་བཅའ་ཤོར་ཚུལ་ཤེས་པར་གྱིས་ཤིག། ཡང་ཚེ་ཡི་རིག་འཛིན་བརྙེས་པའི་ཟླ་གྲགས་ཆོས་ཅན། མདོ་ལུགས་ཀྱི་ཟླ་གྲགས་དེ་ཡིན་པ་ཐལ། དེ་དབུ་མ་ལ་འཇུག་པ་མཛད་པ་པོ་དེ་ཡིན་པ་གང་ཞིག། རྗེས་སུ་དགེ་སློང་ཟླ་གྲགས་སྔགས་ཀྱི་སྤྱོད་པར་བཞུགས་པས་ཚེ་ཡི་རིག་འཛིན་གཞི་ནས་བརྙེས་པ་དེ་ཡིན་པའི་ཕྱིར། འདོད་ན། ཟླ་གྲགས་སྔགས་ལུགས་ལ་ཚེ་རིང་པོར་བཞུགས་པ་དང་མདོ་ལུགས་ལ་ཚེ་ཐུང་ངུ་ཙམ་ལས་བཞུགས་མེད་པའི་དབྱེ་འབྱེད་ཀྱི་རྨོངས་ལན་བྱས་པ་ལ་ཕམ་ཉེས་རི་ལས་ཆེ་བ་བྱུང་ཚུལ་ལམ། ཡང་རྩ་བའི་དམ་བཅའ་གཞན་ཞིག་ཀྱང་ཤོར་ཚུལ་ཁྱོད་ཀྱིས་ཤེས་པར་བྱོས་ཤིག །
གཞན་ཡང་མར་པ་ལོ་ཙཱ་བ་དང་པ་ཚབ་ལོ་ཙཱ་བས་ཀྱང་ཟླ་གྲགས་མཇལ་ཡོད་ཚུལ་གྱི་ལོ་རྒྱུས་ཡིག་ཆ་མིག་ལ་དངོས་སུ་བསྟན་རྒྱུ་ཡོད་པ་འདི་ངས་གསར་བཟོ་བྱས་པ་མིན་པའི་ཚུལ་ཡང་ཤེས་དགོས་འདུག། ལྷག་པར་མར་པ་ལོ་ཙཱ་བ་དང་པ་ཚབ་ཉི་གྲགས་ཀྱི་མཐོང་ཐོས་མངོན་སུམ་གྱི་ཡིག་ཆ་རྩ་ཆེན་དག་ལ་ཇི་མི་སྙམ་པར་གཡུགས་ཏེ་Alརིག་ནུས་ཀྱི་ལན་འདེབས་རྣམས་ཁྱེར་ནས་ཐམས་ཅད་མཁྱེན་པའི་ནད་དུག་ངན་དགུ་འཛོམས་དེ་འདྲ་གང་སར་འཕེན་མི་རུང་ངོ་། །
མདོར་ན། གོང་དུ་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་སྨྲ་བའི་ཕྱོགས་རྣམས་དོན་དངོས་ལ་མི་གནས་པ་ཡིན་ཚུལ་ལེགས་པར་གཏན་ལ་ཕབ་ཟིན་པ་ཡིན་གཤིས། ད་ནི་ཟླ་གྲགས་ཀྱི་ཡང་སྙིང་སྐུ་ཚེ་རིང་པོ་ཇི་ཙམ་ཞིག་གི་རིང་ལ་བཞུགས་ཡོད་མེད་ཀྱི་སྐོར་སོགས་མཚམས་འཇོགས་མི་བྱེད་པའི་སྒོ་ནས་འབྲེལ་ཡོད་ཡིག་ཆ་རྣམས་ལ་དོ་སྣང་ཡང་སེ་བྱས་ཏེ། ཟླ་གྲགས་འཁྲུངས་འདས་ཀྱི་ལོ་ཚིག་སོགས་དལ་གྱིས་གཏན་ལ་འབེབས་པའི་བྱ་བ་བྱེད་པའི་ལས་རིམ་ལ་ཕྱིར་མི་ལྡོག་པར་བཞུགས་ཟིན་པ་ཡིན་པས་ན། Alརིག་ནུས་ལ་བརྟེན་པའི་གཡོ་ཆེན་ཚོ་བག་ཡོད་དྲན་ཤེས་ལ་རྟེན་ནས་འགྲོ་མཁས་སྡོད་མཁས་བྱེད་རན་འདུག་གོ་ཞེས་པའི་སྒོ་ནས་རེ་ཞིག་གླེང་མཚམས་འདི་ནས་མཇུག་བསྡུ་བ་ལགས་སོ།།
སླར་སྨྲས་པ།
རིག་ལམ་མེད་པར་ལོ་རྒྱུས་གླེང་འདོད་ཅན། །རིག་པའི་ལམ་་ནས་ཚར་གཅོད་བྱས་པས་ན། །
རིག་ལམ་བྲལ་བའི་ལུང་ཐོ་ཕྱོགས་སྒྲིག་གིས། །ལན་བྱས་དེ་ཡང་འདི་ལྟར་ཚར་བཅད་དོ། །
དཔྱད་པར་འདོད་ཀྱང་དཔྱོད་ཚུལ་མི་ཤེས་ཤིང་། །ཤོད་པར་དགའ་ཡང་འཆད་པའི་གནད་ལ་རྨོངས། །
རྩོམ་པར་ཞེན་མོད་རྩོམ་རྩལ་དབུལ་ཕོངས་དེར། །སྙིང་རྗེ་སྐྱེས་ཕྱིར་དགག་ལན་སྦྱིན་གཏོང་ཡིན། །
འཆད་པར་དགའ་ན་གདན་སར་སློབ་གཉེར་གསོངས། །རྩོད་པར་མོས་ཚེ་གདན་སར་རིག་ལམ་སྦྱོངས། །
རྩོམ་པར་འདོད་ན་གདན་སར་རྩོམ་རྩལ་སློབས། །མཁས་པའི་གདན་ས་སློབ་ཆུང་སློབ་གྲྭར་མེད། །
རྩོམ་གྱི་སྲོག་ཤིང་རིག་ལམ་ཤན་འབྱེད་ཡིན། །འཆད་པའི་མཆོག་གྱུར་ལུང་རིགས་ཟུང་འབྲེལ་ཡིན། །
ལོང་ཐོ་ཕྱོགས་སྒྲིག་རྩོམ་རིག་ཕྱག་ལས་མིན། །ཡར་བཤུས་མར་བཤུས་མཁས་པའི་དམ་སྡོམ་མིན། །
རང་ལ་གཅེས་ན་མི་ཡི་ཆོས་ལུགས་རྣམས། །ཤེས་ནས་ཉམས་སུ་ལེན་པ་སྙིང་གཏམ་ཡིན། །
ཆེ་མདོག་མཁས་མདོག་རང་མགོ་བསྐོར་ཆེད་ལས། །མཁས་གྲུབ་ཚོགས་རྣམས་མགུ་བའི་མཛད་ཕྲིན་མིན། །
སྙེ་ལྕེ་བཙན་ཕྲུག་གིས། ༢༠༢༦-༥-༧
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།