ག༽ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།

ག༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།

 

དང་པོ། སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོའམ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལངྐར་དེ་བ་བཅས་ཞལ་གྲངས་ ༥ དང་། གཉིས་པ། བོད་གངས་ཅན་ལྗོངས་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དང་།

ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན། ཞུ་ཆེན་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་བཅས་མཚན་དངོས་སུ་གསལ་བའི་ཞུ་ཆེན་གྱི་ལོ་ཙཱ་བ་ ༤ དང་། སོགས་སྒྲའི་ཁོངས་སུ་སྐད་གཉིས་སྨྲ་བ་གང་དག་ཡོད་མེད་དང་། འགྱུར་བྱང་གསལ་བའི་ཆོས་ཚན་ ༦ དང་། འགྱུར་བྱང་མི་གསལ་བའི་ཆོས་ ༡ བཅས་ཡོད་པས་དེ་དག་གི་སྐོར་འདིར་འགོད་ཐབས་བྲལ་ལ། མདོར་ན། གོང་གསལ་འཕགས་བོད་ཀྱི་མཁན་པོ་དང་། པཎྜི་ཏ། ལོ་ཙཱ་བ་བཅས་ཞལ་གྲངས་ ༩ ཡིས་སྔ་ཕྱིར་སློབ་དཔོན་ཡོན་ཏན་འོད་ཀྱིས་གསུང་རྣམས་ལེགས་སྦྱར་གྱི་སྐད་ཤ་སྟག་ལས་བོད་གངས་ཅན་ལྗོངས་ཀྱི་སྐད་དུ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན་ནོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩ ནས་ ༡༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *