༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༡༢ ཉིན་ལ་དྭགས་ཤེལ་ལམ་སྒྲོན་སློབ་གྲྭར་དགེ་སློབ་ཡོངས་ལ་དཔལ་ནཱ་ལེནྡྲའི་ཤེས་ཡོན་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་སྐོར་སྩལ་པའི་བཀའ་སློབ།[1]
ནང་སེམས་ལ་ཞི་བདེ་ཡོང་བ་དང་། སེམས་ལ་དགའ་བདེ་ཡོང་བའི་རྐྱེན་ནི་ད་ལྟ་ཡོད་པའི་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་ཡོང་མི་ཐུབ། ནང་སེམས་ཀྱི་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་བཟང་པོ་བྱ་རྒྱུ་དེ་ཡིན། སེམས་བཟང་པོ་ཞེས་པ་ནི། གཞན་ལ་བརྩེ་བ་ཡོད་ན་སེམས་བཟང་པོ་ཡོང་བས་ན། འཛམ་གླིང་འདིའི་ཐོག་ཆོས་ཁས་མི་ལེན་མཁན་གྱི་མིའི་ཁྲོད་དུའང་དེང་སྐབས་སེམས་ལ་ཞི་བདེ་ཡོང་བར་སེམས་བཟང་པོ་དགོས་ཀྱི་འདུག་ཅེས་འཛམ་གླིང་གང་སར་མཐོང་ཚུལ་འདི་ཤུགས་ཆེན་པོ་ཡོང་གི་ཡོད།
ཚན་རིག་པའི་ཁྲོད་དུའང་མཐོང་ཚུལ་འདི་ཉིད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། སེམས་བཟང་པོ་ཡོང་བ་ལ། འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མས་སེམས་བཟང་པོ་ཡོང་བར་བྱམས་དང་སྙིང་རྗེ་དགོས་ཞེས་དམིགས་ཡུལ་འདི་འཛིན་བཞིན་ཡོད། སངས་རྒྱས་པའི་ཆོས་ཀྱིས་སེམས་བཟང་པོ་དགོས་པའི་བསླབ་བྱ་གཅིག་གྱུར་ལ། སེམས་བཟང་པོ་བཟོ་སྟངས་དེ་སྨོན་ལམ་བརྒྱབ་ནས་སེམས་བཟང་པོ་བཟོ་རྒྱུ་ཞིག་མིན་པར། རང་གིས་ཉམས་ལེན་བྱེད་དགོས་པ་དང་། ཉམས་ལེན་བྱེད་པ་དེ་ཡང་དད་པ་གཅིག་པུ་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་འཕྲལ་དང་ཕུགས་ཀྱི་ཁེ་ཕན་དང་། རང་དང་གཞན་གྱི་ཁེ་ཕན་ཇི་ཡོད་དཔྱད་ནས། སེམས་བཟང་པོ་ཞེས་པ་དེར་ཡོན་ཏན་ཡོད་པ་ཞིག་མཐོང་བ་དང་། ཁོང་ཁྲོ་དང་ཁྲག་དོག་སོགས་ཀྱིས་སྐྱོན་ཡོང་གི་ཡོད་པ་མཐོང་སྟེ། སེམས་བཟང་པོའི་ཕྱོགས་ལ་དང་དོད་བྱས་ན་འགྲོ་བ་ནི། སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་བཟང་དུ་བཅོས་ཐབས་ཤིག་ཆགས་ཀྱི་ཡོད་ལ། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་ལྟ་གྲུབ་སྨྲ་བ་གཙོ་བོ་ཡིན་ཅིང་། དེ་ཡང་ཆོས་དད་གཅིག་པུ་མིན་པར་ལྟ་གྲུབ་དེ་ཉིད་ཧ་ཅང་གལ་གནད་ཆེན་པོར་བརྩི་བཞིན་ཡོད། ང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པ་དེ་དག་གི་བརྗོད་བྱ་དུམ་བུ་གསུམ་ལ་ཕྱེ་ཐུབ་པ་ཞིག་ཡིན། ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག །ནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་དེ་ལྟར་སྡེ་ཚན་གསུམ་དུ་ཕྱེ་ཐུབ་པ་དང་། བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་རྣམས་འཇིག་རྟེན་ཀུན་ལ་ཕན་ཐོགས་པ་ཞིག་དང་། འཇིག་རྟེན་ཀུན་ལ་ཐུན་མོང་དུ་འགྲོ་ཐུབ་པ་ཞིག་ཡོད། དེར་བརྟེན་གང་བློ་མའི་ནང་དུ།
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་བཟིར་བའི། །
ཞེས་གསུངས་པ་ལྟར། མ་རིག་པའི་མུན་པས་འཐོམ་པ་ཞེས་གསུངས་ཡོད། དེ་ལྟར་མ་རིག་པའི་མུན་པས་འཐོམ་པ་དེ་ཉིད་སངས་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་འོད་སྣང་ཁོ་ནས་མ་རིག་པའི་མུན་པ་སེལ་བ་ལས། སྨོན་ལམ་བརྒྱབ་ནས་སེལ་མི་ཐུབ་ལ། སྔགས་བགྲངས་ནས་སེལ་མི་ཐུབ། གཞན་ཡང་ཕྱག་འཚལ་སྐོར་སྦྱོང་བྱས་པ་དེ་ཙམ་གྱིས་ཀྱང་སེལ་མི་ཐུབ། དེས་ན་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་ཀྱང་། སློབ་སྦྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད། དེ་ལྟར་ངོས་འཛིན་བྱས་པའི་ཐོག་ནས་ཁྱེད་རང་ཚོས་སློབ་སྦྱོང་ལ་ཧུར་འབད་བྱེད་དགོས། ཞེས་བཀའ་སྩལ་ཏོ།། །།

[1] https://www.youtube.com/watch?v=B1KweG4Utkw
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།