༣༠༽ ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་རྣམ་ཐར།

༣༠༽ ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས།

 

གཉིས་པ། པྲཛྙཱ་ཀ་ར་མ་ཏི་སྟེ་ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས་ (950-1030) ནི། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[1]།  རིག་པའི་གནས་མཐའ་དག་ལ་མཁས་ཤིང༌། འཇམ་དཔལ་གྱི་ཞལ་མངོན་སུམ་གཟིགས་པ་ཞིག་སྟེ།

མུ་སྟེགས་དང་རྩོད་པའི་ཚེ་འཇམ་དཔལ་གྱི་བྲིས་སྐུ་ཞིག་ཡོད་པ་དེ་ལ་གསོལ་བ་བཏབ་པ་ན། མུ་སྟེགས་ཀྱིས་ཇི་ལྟར་ཟེར་བ་དང༌། དེའི་ལན་འདེབས་ཚུལ་ཅིག་ཅར་ཐུགས་ལ་ཤར་ནས། སང་རྩོད་པའི་ཚེ་ངེས་པར་རྒྱལ་བ་ཞིག་འོང་ངོ་། །ཞེས་བྱུང་ཞིང་། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[2]། ཤེས་རབ་འབྱུང་གནས་ཞེས་པ་ཙམ་གྱི་མཚན་ལ་འཁྲུལ་ནས། ཤེར་འབྱུང་བློ་གྲོས་དང༌། ཤེར་འབྱུང་སྦས་པ་གཅིག་པར་འདོད་པའི་འཁྲུལ་པ་ཡང་མང་དུ་སྣང༌། འདི་ནི་རྟེན་དགེ་སློང་ཡིན་ལ། ཤེར་འབྱུང་སྦས་པ་ནི། དགེ་བསྙེན་ཡིན་ནོ་ཞེས་མཁས་པ་རྣམས་ལ་གྲགས་སོ། །འདི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་གི་དཀའ་འགྲེལ་མཛད་པ་པོའི་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་བྱ་བ་ཡིན་ནོ། །དུས་རབས་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ངོ༌། །ཞེས་གསལ་བ་པྲཛྙཱ་ཀ་ར་གུཔྟ་སྟེ་ (Prajnakaragupta) ཤེར་འབྱུང་སྦས་པ་ནི་དགེ་བསྙེན་ཡིན་ལ། པྲཛྙཱ་ཀ་ར་མ་ཏི་སྟེ་ (Prajnakaramati) ཤེས་འབྱུང་བློ་གྲོས་སམ་ཤེས་རབ་འབྱུང་གནས་བློ་གྲོས་ནི་རྟེན་དགེ་སློང་ཡིན་ཅིང་། གྲགས་ཅན་བསྟན་བཅོས་ཀྱི་ཆ་ནས་རྒྱན་མཁན་པོ་ཞེས་ཀྱང་གྲགས་པས་འདི་གཉིས་འཁྲུལ་གཞི་བྱུང་བའང་སྣང་བས་གཟབ་གལ་ཆེ་ལ། རྣམ་ཐར་ཞིབ་པ་མ་རྙེད་དོ།།

འོན་ཀྱང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[3]། ཆོས་སྐུ་འོད་དཔག་མེད་ཀྱི་སྤྲུལ་སྐུ་ཐུགས་རྗེ་ཆེན་པོས་འཛམ་གླིང་འདུལ་བ་ལས་རྒྱ་གར་དུ་རྒྱལ་པོ་ཆེན་པོ་ཞིག་གི་མཆོད་གནས་ནང་པའི་དགེ་བསྙེན་པཎྜི་ཏ་དང་ཕྱི་རོལ་རྒྱང་འཕེན་པའི་སྟོན་པ་རལ་པ་ཅན་གཉིས་ཀའང་འཁོར་ལྔ་བརྒྱ་རེ་དང་བཅས་པ་ཡོད་དེ་རྟག་ཏུ་རྩོད་པ་ལས་ཕྱི་རོལ་པ་རྒྱལ་བར་ཉེ་བའི་ཚེ་དགེ་བསྙེན་པཎྜི་ཏ་དཀོན་མཆོག་ལ་གསོལ་བ་བཏབ་པས། དེའི་བཙུན་མོའི་ལྷུམས་སུ་ཐུགས་རྗེ་ཆེན་པོའི་འོད་ཟེར་ཞིག་ཞུགས་པ་ལས་རིང་པོ་མ་ལོན་པར་ཁྱེའུ་སྐྱེས་མ་ཐག་ཁ་ནས་སྒྲ་ཚད་ཀྱི་གཏམ་སྨྲ་བ་ཞིག་བྱུང་། འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཏེ་ངག་གི་དབང་ཕྱུག་ཐོབ། དེ་ལོ་བདུན་ལོན་པ་ན་མུ་སྟེགས་ཀྱིས་ད་ལྟ་ནས་ཚར་གཅོད་དགོས་ཟེར་ནས་རྒྱལ་པོ་དང་བཅས་པའི་རྩོད་པའི་གྲར་ཁྱེའུ་དེ་བོས་པ་ན། ཁྱེའུས་སྒྲ་རིག་པའི་ཧཱུཾ་འདྲེན་བྱ་བ་ཤར་གྱིས་བཏོན་པ་ལ་མུ་སྟེགས་ཀྱིས་སྐྱོན་བཟུང་སྟེ་རྩོད་པས་མུ་སྟེགས་རབ་ཏུ་ཕམ་པར་བྱས་ཏེ་ཤེས་རབ་ཟླ་མེད་པས་མཚན་ཤེས་རབ་འབྱུང་གནས་སུ་ཐོགས། མུ་སྟེགས་རྣམས་ནང་པར་ཞུགས་ཏེ་འཁོར་དུ་གྱུར་ཀྱང་སློབ་དཔོན་མེད་པའི་ཡོན་ཏན་ལ་ཡིད་མི་ཆེས་ཟེར་བས། སླར་དཔལ་ཆོས་ཀྱི་གྲགས་པ་དང་སེངྒེ་བཟང་པོ་ལ་སོགས་པཎ་གྲུབ་མཐའ་ཡས་པ་བསྟེན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་རྡོ་རྗེ་ཐེག་པའི་ལམ་མཐའ་དག་གསན་ཏེ་མཆོག་གི་དངོས་གྲུབ་བརྙེས། སྐུ་ཚེ་ཆེས་རིང་དུ་བཞུགས་ཏེ་ཕྱིས་ན་རོ་པ་སྒོ་སྲུང་ཕྱི་མ་མཛད་པ་ན་འདིས་ནཱ་ལེཎྜ་ནུབ་སྒོ་སྲུང་བ་མཛད། ཅེས་བྱུང་བ་ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་ཡིན་འདུག་པས་དཔྱད་པར་འཚལ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས[4]། ༡༽ ཤེར་ཕྱིན་ཇ་པ་ལ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་བསྡུས་དོན། ནུབ་ཀྱི་སྒོ་གླེགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་དང་། ༢༽ དབུ་མ་ལ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ། དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འགྲེལ་བཤད་འདིའི་ལེའུ་དང་པོ་གཉིས་དང༌། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཊཱི་ཀ །མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང༌། གཉན་དར་མ་གྲགས་གཉིས་ཀྱིས་སྟོད་སྨད་བགོས་ནས་བསྒྱུར་བ། ༣༽ སྤྲིང་ཡིག་ངེ་པ་ལ། སློབ་མ་ལ་སྤྲིང་པའི་འགྲེལ་པ། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་རང་གི་སློབ་མ་རྣམས་ལ་ཕན་པའི་དོན་དུ་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༧

[2] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༢༤༦

[3] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༧༡

[4] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༣༡༧

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༣ ནས་ ༢༤༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *