བཞི་པ། སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་ཁུ་དངོས་གྲུབ།

བཞི་པ། སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ལོ་ཙཱ་བ་ཁུ་དངོས་གྲུབ།

 

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ་ཁུ་དངོས་གྲུབ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཐོག །དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཉིས་ཀའི་ཆོས་ལ་སློབ་གཉེར་ལེགས་པར་མཛད་པ་དང༌།

ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ནས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ལེའུ་གཉིས་ཙམ་བསྒྱུར་ཅིང་། སླད་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) ཞུས་ཤིང་གཏན་ལ་ཕབ་ཅེས་འགྱུར་བྱང་དུ་འཁོད་འདུག

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། ཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ལེའུ་གཉིས། བསྟན་འགྱུར་ལས། བུང་བ་འདོད་པའི་སྒྲུབ་ཐབས་གྲུབ་པ་བརྙེས་པའི་སློབ་དཔོན་རཏྣ་ཙནྡྲས་མཛད་པ་དང༌། ལྷག་པར་བདུད་རྩི་འབྱུང་བའི་གཏོར་མའི་ཆོ་ག་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་བཅས་བཞུགས་སོ།།[1]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༨༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༥ ནས་ ༢༦༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *