༣༽ ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད།
ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་འཁྲུངས་ཤིང་། ཐོག་མར་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་རྗེས་བལ་ཡུལ་དང་རྒྱ་གར་འཕགས་ཡུལ་སོགས་སུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་པཎ་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་བཞེས་མཛད་པར་མ་ཟད།
ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སློབ་གཉེར་གནང་སྟེ། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། སྟག་རྣའི་མདོ་བམ་པོ་གཉིས་པ་དང་། བསྟན་འགྱུར་ལས། ཀྱཻ་རྡོ་རྗེ་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་པ་ལེའུ་ལྔ་པ་ཡན་ཆད་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ་ཤླཽ་ཀ་སྟོང་ཕྲག་བཞི་བརྒྱ། ལྷག་པར་སློབ་དཔོན་སེང་བཟང་གིས་མཛད་པའི་མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་བ་ཤླཽ་ལོ་ཀ་ཉིས་སྟོང་ཆིག་བརྒྱ་པའམ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ་ཤླཽ་ཀ་ཉིས་སྟོང་ཆིག་བརྒྱ་པ་སོགས་བཞུགས་སོ།།[1]
དེ་འཕྲོས་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། ༤༽ ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ་ཐོག་མར་སྒྲ་སྒྱུར་མཛད་པ་དང་། ༥༽ སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ་དེར་བར་བསྒྱུར་མཛད་པ། ༦༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་སློབ་དཔོན་སེངྒེ་བཟང་པོའི་གསུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ཐོག་མར་བསྒྱུར་བ་བཅས། སྒྲ་སྒྱུར་གྱི་ལོ་ཙཱ་བ་འདི་གསུམ་གྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༦༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༩ ནས་ ༤༨༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།