ལོ་ཙཱ་བ་ཆེན་མོ་བློ་བཟང་ཆོས་འཕགས་མཆོག་གི་རྣམ་ཐར་མདོར་བསྡུས།

ལོ་ཙཱ་བ་བློ་བཟང་ཆོས་འཕགས་མཆོག་ནི། བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆུབ་ཅིང་། རྒྱ་བོད་གཉིས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཞིག་དང་།  བོད་ཀྱི་རིག་གནས་རྒྱ་ནག་ཏུ་ངོ་སྤྲོད་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པར་མ་ཟད།  རྗེ་བླ་མའི་གསུང་མང་པོ་རྒྱ་ཡིག་ཏུ་སྒྱུར་མཁན་དང་།  བྱེ་བྲག་བཤད་མཚོ་ཆེན་མོ་དང། ཡེ་ཤེས་ལ་འཇུག་པ་ཞེས་པའི་ཐེག་དམན་གྱི་གཞུང་ཆེན་པོ་དེ་དག་བོད་ཡིག་ལ་སྒྱུར་བའི་ལོ་ཙཱ་བ་ཆེན་པོ་དེ་ཡིན།

ཁོང་ནི་ ༡༩༠༢ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༤ ཉིན་ཧོ་པེ་ཞིང་ཆེན་གྱི་ཧྲིན་ཞན་ནན་ཀྲིག་པོ་སྡེ་པར་ (河北深县南周堡村) འཁྲུངས། དགུང་ལོ་ཉི་ཤུ་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་རི་བོ་རྩེ་ལྔའི་ཐུབ་བསྟན་ཀུན་ཁྱབ་གླིང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། མཚན་ལ་ཧྥ་ཙུང་ (法尊 ) ཞེས་གསོལ།  དགོན་པ་འདིར་ལོ་གཅིག་ལ་ཉིན་མོར་ངལ་རྩོལ་དང་། མཚན་མོ་ཆོས་སྤྱོད་དང་དཔེ་གཟིགས་ཀྱིས་བརྩོན་པ་བསྟེན། མཁན་པོ་ཏ་ཡུན་ (大勇法师 ) འདིར་ཕེབས་པའི་དྲུང་ནས་སྐྱེས་བུ་ཆེན་པོ་རྟོགས་པར་བྱ་བའི་ཆོས་རྣམ་པ་བརྒྱད་དང་།(八大入觉经)མྱང་འདས་ཆེ་ཆུང་གི་འགྲེལ་པ་གཉིས་(佛遗教经)གསན། ལོ་མཇུག་པེ་ཅིང་དུ་ཕེབས། སྐབས་དེར་པེ་ཅིན་ནང་བསྟན་ལས་རིགས་ཀྱིས་སློབ་དཔོན་ཐེ་ཞི་ (太虚法师 ) ཧྥ་ཡོན་དགོན་ (法源寺) དུ་གདན་དྲངས་ནས་དམ་ཆོས་པདྨ་དཀར་པོ་ཁྲིད་པའི་སྐབས་ཡིན་པས་ཁོང་གིས་སློབ་དཔོན་དེའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དམ་པའི་ཆོས་གང་མང་གསན།

༡༩༢༡ ལོའི་དགུན་ཁར་ནན་ཅིན་གྱི་རི་བོ་པོད་ཧྭའི་ལོང་ཁྲང་ལི་དགོན་པར་(南京宝华山隆昌律寺)ཕེབས་ཏེ་འདུལ་བར་སྦྱངས་ཤིང་། ༡༩༢༢ ལོར་གནམ་སྟེགས་པའི་གསུང་རབ་ལ་སློབ་གཉེར་བྱས། དགུན་ཁར་བོའུ་ཁྲང་ནང་བསྟན་སློབ་གྲྭར་(武昌佛学院)ཞུགས་ནས་ལོ་བཞི་ལ་མངོན་པ་མཛོད་དང་། ཚད་མ། ནང་བསྟན་ལོ་རྒྱུས། དགོངས་པ་ངེས་པར་འགྲེལ་པ། (解深密经) ཤེར་ཕྱིན་འཇམ་དཔལ་བསྟན་པ། (文殊般若)སེམས་ཙམ་དུ་གྲུབ་པ་བམ་པོ་བཅུ་པ། (成唯识论)བཅས་ལ་བརྩོན་པ་རྒྱ་ཆེར་བསྟེན།  ཁོང་རབ་ཏུ་བྱུང་བ་ནས་འདིའི་བར་དུ་རྒྱ་བརྒྱུད་ནང་བསྟན་དང་། རྗེས་སུ་བོད་བརྒྱུད་ནང་བསྟན་ལ་སྦྱངས་པ་ལས་ལོ་རྒྱུས་སྟེང་མཐོང་དཀོན་པའི་རྒྱ་བོད་ཡིག་རིགས་གཉིས་ཀར་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༢༤ ལོར་ནང་བསྟན་སློབ་གླིང་དེ་ལས་མཐར་ཕྱིན་རྗེས་ཕྱིར་པེ་ཅིན་ལ་ཕེབས་ནས་མཁན་པོ་ཏ་ཡུང་གིས་བཙུགས་པའི་བོད་ཡིག་སློབ་གླིང་དུ་ཞུགས་ནས་བོད་ཡིག་སྦྱངས། ཁོང་གིས་བོད་ཡིག་སྦྱངས་པ་དེ་དགེ་ལུགས་པའི་བསྟན་པ་རྒྱ་ནག་ཏུ་སྤེལ་བའི་ཁུར་ཆེན་ཞིག་ཕྲག་ཏུ་བླངས་པ་ཞིག་གོ།

༡༩༢༧ ལོར་མཁན་པོ་ཏ་ཡུང་གིས་སློབ་མ་སྐོར་ཞིག་ཁྲིད་ནས་དབུས་གཙང་དུ་ཕེབས། དཀར་མཛེས་ལ་སླེབས་དུས་བཀའ་ཤག་གིས་ཁོ་ཚོ་ཀྲུང་ཧྭ་མི་སེར་སྲིད་གཞུང་གིས་མངགས་པར་དོགས་ནས་བོད་དུ་འགྲོ་བ་བཀག་པས་ཁོ་ཚོས་དཀར་མཛེས་སུ་སློབ་གཉེར་བྱས།  ཁོང་གིས་སྡེ་བདུན་ལ་འཇུག་པའི་སྒོ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་པ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ལ་སྦྱངས་ཤིང་། ཞོར་དུ་ཁོང་གི་རྟེན་འབྲེལ་བསྟོད་པ་དང་། རྟེན་འབྲེལ་བསྟོད་པའི་འགྲེལ་པ། ཇོ་བོའི་རྣམ་ཐར། རྗེའི་རྣམ་ཐར་ལས་ཐོར་བུ་སྐོར་ཞིག་ཚོད་ལྟའི་ཚུལ་དུ་རྒྱ་ཡིག་ཏུ་བསྒྱུར་ནས་མཚོའི་རླབས་སྒྲ་ 《海潮音》 ཞེས་པའི་དེབ་ཏུ་སྤེལ།

དར་རྩེ་མདོ་དང་།  ཆབ་མདོ་སོགས་སུ་དགའ་ལྡན་ཁྲི་པ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང་།  མངོན་བརྗོད།  དག་ཡིག །བསླབ་བྱ་གནམ་རྩེད་ལྡེང་མ། བྱང་ཆུབ་སེམས་པའི་སྡོམ་པ། ལམ་རིམ་བསྡུས་དོན་སོགས་དམ་པའི་ཆོས་དང་། རིག་གནས་གང་མང་ལ་སྦྱངས་ཤིང་། བོད་ཀྱི་གསུང་རབ་མཐའ་ཡས་ཤིང་རིན་ཐང་བྲལ་བ་དེ་དག་མཐོང་ནས་སྤྲོ་བ་ཆེན་པོ་སྐྱེས། ཁོང་གིས་དམ་པའི་ཆོས་ལ་སྦྱོང་བའི་ཞོར་དུ་བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ། བྱང་ཆུབ་གཞུང་ལམ། དྲང་ངེས་ལེགས་བཤད་སྙིང་པོ་དང་། དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་བཅས་རྒྱ་ཡིག་ཏུ་བསྒྱུར་བའི་དབུ་བརྩམས།

༡༩༣༣ ལོར་སློབ་དཔོན་ཐེ་ཞིས་གནང་བའི་འཕྲིན་འགའ་སྟུད་མར་འབྱོར་ཅིང་ཕྱིར་ཕེབས་ནས་རྒྱ་བོད་སློབ་གཉེར་གླིང་འཛུགས་པའི་སྐུལ་མ་གནང་བ་བཞིན་བལ་པོ་དང་རྒྱ་གར་བརྒྱུད་ནས་ཧྲང་ཧེ་ལ་ཕེབས། སློབ་དཔོན་ཐེ་ཞི་ལ་མཇལ་ནས་པེ་ཅིང་ལ་ཕེབས་ཏེ་ལོ་ཙཱའི་བྱ་བར་ཞུགས། སྐབས་དེར་ཁོང་ཡུལ་ལ་ཐེངས་གཅིག་བྱོན། ཕ་འདས་ནས་ལོ་ལྔ་ལོན་ཞིང་མ་རྒན་འབྲལ་མི་ཕོད་ནའང་སློབ་དཔོན་ཐེ་ཞིས་དགོངས་པ་བཞིན་ཡུལ་དུ་ཉིན་བཅུ་བཞུགས་ནས་ཕྱིར་རྒྱ་བོད་སློབ་གཉེར་ཁང་དུ་ཕེབས་ནས་འགན་བཞེས། ཁོང་ཉིན་གཅིག་ལ་དུས་ཚོད་གསུམ་ལ་སློབ་ཁྲིད་ལས་སྔོན་བསྒྱུར་བའི་བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ། བྱང་ཆུབ་གཞུང་ལམ། དྲང་ངེས་ལེགས་བཤད་སྙིང་པོ་དང་། དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་གསུམ་འགྱུར་བཅོས་དང་མུ་མཐུད་དུ་ལོ་ཙཱར་གཞོལ།

༡༩༣༥ ལོར་ཁོང་ཐེངས་གཉིས་པར་བོད་དུ་ཕེབས། ཁོང་གིས་སློབ་གཉེར་མཛད་ཞོར་དུ་ས་ལམ་རྣམ་གཞག་དང་། མངོན་རྟོགས་རྒྱན་གྱི་འགྲེལ་པ། སྔགས་རིམ་ཆེན་མོའི་སྨད་ཆ། དགེ་སློང་གི་བསླབ་བྱ། བླ་མ་མཆོད་པ་བདེ་སྟོང་དབྱེར་མེད། རྣམ་བཤད་དགོངས་པ་རབ་གསལ། ལམ་རིམ་བསྡུས་དོན། བྱང་ཆུབ་ལམ་རིམ་ཆེན་མོའི་ཞི་ལྷག་གི་སྐོར། ཆོས་ཉིད་རྣམ་འབྱེད། སྟོང་ཉིད་བདུན་ཅུ་པ།  ཞིབ་མོ་རྣམ་འཐག །བྱང་ཆུབ་སེམས་དཔའི་བློ་སྦྱོང་དོན་བདུན་མ། རྟེན་འབྲེལ་བསྟོད་པའི་འགྲེལ་པ་བཅས་བསྒྱུར་ཅིང་། ད་དུང་དེང་གི་བོད་ལྗོངས། བདག་སོང་བའི་བོད། བོད་ལྗོངས་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས། བོད་ཡིག་གི་ཐོག་མའི་འཇུག་སྒོ་བཅས་བརྩམས་ཤིང་། དུས་དེབ་མང་པོའི་སྟེང་དུ་ཕྱག་རྩོམ་གང་མང་གནང་།

༡༩༣༧ ལོར་ཁོང་ཕྱིར་རྒྱ་ནག་ཏུ་ཕེབས་ནས་མུ་མཐུད་དུ་རྒྱ་བོད་སློབ་གཉེར་གླིང་དུ་སློབ་ཁྲིད་གནང་ནས་སློབ་མ་མང་པོ་བསྐྱངས་པར་མ་ཟད། བོད་ཀྱི་བསྟན་བཅོས་མང་པོ་རྒྱ་ཡིག་ཏུ་བསྒྱུར། ལོ་ངོ་བཞི་ལ་བམ་པོ་ ༢༥༠ ཡོད་པའི་བྱེ་བྲག་བཤད་པ་ཆེན་མོ་བོད་ཡིག་ཏུ་བསྒྱུར། ༡༩༥༤ ལོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་པེ་ཅིང་དུ་ཕེབས་སྐབས་ཁོང་ལ་ཕུལ་བས་ཕྱིར་ཕེབས་ནས་ཤིང་པར་དུ་འདེབས་པར་ཞལ་གྱིས་བཞེས།

༡༩༤༩ ལོའི་དགུན་ཁར་རྒྱ་ནག་དམར་པོའི་གཞུང་དབུ་བརྙེས་ཤིང་། ཁོང་གིས་དམག་འཁྲུག་གི་ཁྲོད་དུ་ཕ་ཡུལ་ལ་ཅི་བྱུང་མ་ཤེས་པས་ཆེད་དུ་ཕ་ཡུལ་ལ་སོང་། ཕ་ཡུལ་དུ་ཟླ་འགར་བཞུགས་ནས་ཕྱོགས་སོ་སོར་ཡོད་པའི་གཉེན་ཉེ་དག་ལ་འཚམས་འདྲིར་ཕེབས། ༡༩༥༠ ལོའི་སྟོན་ཁར་པེ་ཅིན་དུ་ཕེབས་ནས་བྱང་ཆུབ་ཆོས་ཚོགས་ཀྱི་དབུ་འཛིན་གནང་ནས་ལོ་ཙཱར་གཞོལ། ༡༩༥༣ ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གནང་། ༡༩༥༥ ལོར་ཁོང་གིས་ཤེས་བྱ་ཀུན་བཏུས་ཆེན་མོར་ཕྱག་རྩོམ་གནང་ཞིང་། ༡༩༥༦ ལོར་ཞོར་དུ་ཀྲུང་གོའི་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པའི་འགན་འཁུར།  སྐབས་འདིར་ཁོང་ཕྱག་རྩོམ་གང་མང་ཞིག་དེང་གི་ནང་བསྟན་ཞེས་པའི་དུས་དེབ་ཏུ་སྤེལ། ཡིན་ནའང་སྐོར་ཞིག་པར་དུ་བསྐྲུན་མ་ཐུབ་པས་བོར་སྟོར་བྱུང་།  དེ་ལས་རིན་པོ་ཆེ་སྣ་བདུན་གྱི་རྣམ་བཤད་ (七宝论) སོགས་ཡོད་པར་བཤད། ལྷག་པར་ཁོང་གིས་དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ་རྒྱ་ཡིག་ཏུ་བསྒྱུར་པ་མི་རིགས་དཔེ་སྐྲུན་ཁང་གིས་བོད་རྒྱ་ཤན་སྦྱར་དུ་བསྐྲུན།

དེའི་ཡུན་དུ་མི་དམངས་དམངས་གཙོའི་སྲིད་གཞུང་དང་། དམངས་གཙོ་གསར་པའི་རྣམ་བཤད། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས། གསར་བརྗེ་ལས་བྱེད་པའི་ཀློག་དེབ་སོགས་བོད་ཡིག་ཏུ་བསྒྱུར་ནས་དཔར་དུ་བསྐྲུན། ཐེངས་མང་པོར་རྒྱལ་ཁབ་ཀྱི་འགོ་ཁྲིད་དག་ལ་ནང་བསྟན་གྱི་ལྟ་བ་ངོ་སྤྲོད་གནང་། རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྐབས་དང་པོའི་ཡིག་བསྒྱུར་ཞུ་དག་གི་འགན་འཁུར།   སྐབས་དེ་དག་ཏུའང་ནང་བའི་སྐོར་གྱི་ཕྱག་རྩོམ་མང་པོ་གནང་། ༡༩༦༦ ལོར་རིག་གནས་གསར་བརྗེའི་ལས་འགུལ་ལངས་ནས་ནང་བསྟན་སློབ་གྲྭ་གཏོར་ཞིང་། ཉེས་ཅན་མིང་བཀལ་ནས་འཐབ་རྩོད་བྱས་ཤིང་། ༡༩༧༨ ལོའི་བར་གྱི་ལོ་བཅུའི་ནང་དུ་ཁོང་གིས་ལོ་ཙཱའི་ཕྱག་ལས་ཅི་ཡང་གནང་མ་ཐུབ་པར་མ་ཟད། ངལ་རྩོལ་བྱེད་དུས་རྐང་པ་གཅིར་ཏེ་ཞ་བོར་གྱུར། ༡༩༧༢ ལོར་དཀར་འདོན་བྱས་ཤིང་། འགྲོ་འདུག་ལ་རང་དབང་བྱིན་པར་མ་ཟད། སླར་ཡང་ཀྲུང་གོའི་ནང་བསྟན་སློབ་གླིང་གི་སློབ་གཙོའི་འགན་བཞེས། ལོ་དེའི་ཟླ་དགུ་པར་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཆེད་དུ་ཁོང་ལ་འཚམས་འདྲི་བྱས། ༡༩༧༣ ལོ་ནས་བསྙུང་གཞི་ཕོག་པས་མུ་མཐུད་དུ་གསོ་བཅོས་གནང་།

༡༩༧༨ ལོར་བྱང་ཆུབ་ལམ་གྱི་སྒྲོན་མ་བསྒྱུར་ཅིང་། ཁོང་སྐུ་མ་གཤེགས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་ལ་བསྙུང་གཞི་བཞེས་ནའང་ཚད་མ་རྣམ་འགྲེལ་དང་། རྣམ་འགྲེལ་གྱི་རང་འགྲེལ། ཚད་མ་ཀུན་བཏུས་གསུམ་བསྒྱུར། ༡༩༨༠ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་པེ་ཅིན་དུ་འཚོགས། དགེ་སློང་ཉིས་ཁྲི་ལྷག་གིས་ཁོང་ལ་མཇལ་ཞིང་། ཚོགས་འགོ་རྩོམ་པའི་ཉིན་མོར་པེ་ཅིན་གྱི་ཐེ་ཡོན་དགོན་པར་སྐུ་གཤེགས། ཁོང་གི་སྐུ་གདུང་མཆོད་རྟེན་རི་བོ་རྩེ་ལྔའི་ཀུན་ཁྱབ་གླིང་དུ་བཞུགས། ཁོང་གི་འགྱུར་ཡིག་དང་གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ། བྱང་ཆུབ་གཞུང་ལམ། ས་ལམ་ཐེག་གསུམ་མཛེས་རྒྱན། དྲང་ངེས་ལེགས་བཤད་སྙིང་པོ། རྣམ་བཤད་དགོངས་པ་རབ་གསལ་སོགས་བརྒྱ་དང་ཉི་ཤུ་ལྷག་ཡོད་པར་བཤད་ཅིང་། ལ་ལས་གཞུང་ཉིས་བརྒྱ་ལྷག་ཙམ་ཡོད་པར་བཤད།

བོད་ཀྱི་གསང་སྔགས་ཀྱི་དཔྱད་ལན། བོད་ཀྱི་གསང་སྔགས་ཀྱི་ལན་གྱི་དཔྱད་བརྗོད་ཀྱི་ཟིན་ཐོའི་ལན། བེ་ཡོན་ནང་བསྟན་ཁང་གི་དགག་ཡིག་གི་ལན། བོད་ཀྱི་བསྟན་པའི་འཕེལ་འགྲིབ་ལས་རྒྱ་ནག་ལ་སྤེལ་ཚུལ་གླེང་བ། བོད་ཀྱི་ནང་པའི་བསྟན་པ་སྤེལ་ཚུལ། མཁན་པོ་ཐེ་ཞིའི་ནང་བསྟན་གསར་བརྗེའི་ཕམ་ཁའི་རྗེས་སུ་བཀླགས་པ། ཨོ་དབྱངས་ཅན་གྱི་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་མཛོད་ལ་དགག་པ། ཨོ་དབྱངས་ཅན་གྱི་ཀུན་བཏགས་ཀྱི་རྟོག་པ་ལ་དགག་པ། ཏིང་འཛིན་མདོ་ཙམ་བརྗོད་པ། རྗེ་ཙོང་ཁ་པ་ཆེན་པོས་བརྩམས་པའི་ལམ་རིམ་ཆེན་མོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་མངོན་རྟོགས་རྒྱན་གཉིས་བསྡུར་བ། ཤེར་ཕྱིན་ལས་འགྲེས་རྐང་བརྒྱ་རྩ་ངོ་སྤྲོད། སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པའི་དབུ་མ་རིགས་ཚོགས་དྲུག ཀན་སུའུ་དགའ་ལྡན་ཆོས་འཁོར་གླིང་གི་གཞུང་བཀའ་པོད་ལྔའི་རྩོད་ཡིག །སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་ལས་གསལ་རིག་གི་ཁྱད་པར་མདོ་ཙམ་བརྗོད་པ་སོགས་ཕྱག་རྩོམ་མང་དུ་གནང་ནས་བོད་ཀྱི་ཆོས་དང་རིག་གནས་ངོ་སྤྲོད་དང་དར་སྤེལ་ལོག་རྟོག་སེལ་བ་སོགས་ལ་ཕྱག་ལས་རྒྱ་ཆེན་པོ་གནང་། ད་དུང་ཁོང་གིས་ཡེ་ཤེས་ལ་འཇུག་པ་དང་། བྱེ་བྲག་བཤད་མཚོ་ཆེན་མོ་པོད་ཆེན་བཅུ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདོར་ན། ཁོང་ནི་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་ལྷད་མ་འདྲེས་པར་རྒྱ་ནག་ཏུ་སྤེལ་བའི་སྐྱེས་ཆེན་དམ་པ་ཞིག་དང་། བསྟན་འཛིན་གྱི་སྐྱེས་བུ་གསེར་གྱི་རི་བོ་ལྟ་བུ་ཞིག་ཀྱང་ཡིན་ནོ༎

ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱི་གསུང་རྩོམ་དང་འགྱུར་རྩོམ།

 

1 བོད་འགྱུར་མ།

《ཡེ་ཤེས་ལ་འཇུག་པ།》 《阿毗达摩发智论》

《བྱེ་བྲག་བཤད་པ་ཆེན་མོ།》 《大毗婆沙论》

《མི་དམངས་དམངས་གཙོའི་སྲིད་གཞུང་།》 《论人民民主专政》

《དམངས་གཙོ་གསར་བའི་རྣམ་བཤད།》 《新民主主义论》

《སྤྱི་ཚོགས་འཕེལ་བའི་ལོ་རྒྱུས།》 《社会发展史》

《གསར་བརྗེ་ལས་བྱེད་པའི་ཀློག་དེབ།》 《革命干部读本》

 

2 རྒྱ་འགྱུར་མ།

《རྟེན་འབྲེལ་བསྟོད་པ།》 《缘起赞》

《རྟེན་འབྲེལ་བསྟོད་པའི་འགྲེལ་པ།》 《缘起赞释》

《ཇོ་བོའི་རྣམ་ཐར།》 《阿底峡尊者传》

《རྗེའི་རྣམ་ཐར་བསྡུས་པ།》   《宗喀巴大师略传》

《བྱང་ཆུབ་ལམ་རིམ་ཆེན་མོ།》 《菩提道次第广论》

《སྔགས་རིམ་ཆེན་མོ།》 《密宗道次第广论》

《བྱང་ཆུབ་གཞུང་ལམ།》 《菩萨戒品释》

《དྲང་ངེས་ལེགས་བཤད་སྙིང་པོ།》 《辨了不了义善说藏论》

《དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་འགྲེལ།》 《辨了不了义论释难》

《ས་ལམ་རྣམ་གཞག》 《地道建立》

《དགེ་སློང་གི་བསླབ་བྱ།》 《必刍学处》

《བླ་མ་མཆོད་པ་བདེ་སྟོང་དབྱེར་མེད།》 《供养上师与大印合修》

《རྣམ་བཤད་དགོངས་པ་རབ་གསལ།》 《入中论善显密意疏》

《ལམ་རིམ་བསྡུས་དོན།》 《菩提道次第摄颂》

《ལམ་རིམ་ཆུང་བའི་ཞི་ལྷག》 《菩提道次第略论止观》

《སྟོང་ཉིད་བདུན་ཅུ་པ།》 《七十空性论》

《ཞིབ་མོ་རྣམ་འཐག》 《精研经释》

《རྩོད་ཟློག》 《辨法法性论》

《བྱང་ཆུབ་སེམས་དཔའི་བློ་སྦྱོང་དོན་བདུན་མ།》 《修菩提心七义论》

《དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ།》 《格西曲扎藏文字典》

《ཚད་མ་རྣམ་འགྲེལ།》 《释量论》

《ཚད་མ་ཀུན་བཏུས།》 《集量论》

《བྱང་ཆུབ་ལམ་གྱི་སྒྲོན་མ།》 《菩提道炬论》

《ལམ་རིམ་གསལ་སྒྲོན།》 《胜集密教王五次第善显炬论》

《རིན་པོ་ཆེ་སྣ་བདུན་གྱི་རྣམ་བཤད།》 《七宝论》

《བཞི་བརྒྱ་བའི་ཚིག་ལེའུ་ཕྱེ་བ།》 《四百论颂》

《དབུ་མ་ལ་འཇུག་པའི་རང་འགྲེལ།》 《入中论自释》

《མངོན་པ་མཛོད་ཀྱི་འགྲེལ་པ།》 《俱舍论略解》

 

3 གསུང་རྩོམ།

《དེང་གི་བོད་ལྗོངས།》 《现代西藏》

《བདག་སོང་བའི་བོད།》 《我去过的西藏》

《བོད་ལྗོངས་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས།》 《西藏民族政教史》

《བོད་ཡིག་གི་ཐོག་མའི་འཇུག་སྒོ།》 《藏文读本初稿》

《བོད་ཀྱི་གསང་སྔགས་ཀྱི་དཔྱད་ལན།》 《评藏密答问》

《〈བོད་ཀྱི་གསང་སྔགས་ཀྱི་ལན་གྱི་དཔྱད་བརྗོད་ཀྱི་ཟིན་ཐོའི་ལན།》 《答〈评藏密答问随笔〉》

《ཨོ་དབྱངས་ཅན་གྱི་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་མཛོད་ལ་དགག་པ།》 《驳欧阳渐法相辞典叙》

《ཨོ་དབྱངས་ཅན་གྱི་ཀུན་བཏགས་ཀྱི་རྟོག་པ་ལ་དགག་པ།》 《驳欧阳渐辨虚妄分别》

《བེ་ཡོན་ནང་བསྟན་ཁང་གི་དགག་ཡིག་གི་ལན།》 《答威远佛学社驳文》

《བོད་ཀྱི་བསྟན་པའི་འཕེལ་འགྲིབ་ལས་རྒྱ་ནག་གི་སྤེལ་ཚུལ་གླེང་བ།》 《从西藏佛教兴衰的演变说到中国佛教之建设》

《བོད་ཀྱི་ནང་བའི་བསྟན་པ་སྤེལ་ཚུལ།》 《西藏佛教的建设》

《〈མཁན་པོ་ཐེ་ཞིའི་ནང་བསྟན་གསར་བརྗེའི་ཕམ་ཁའི་རྗེས་སུ་བཀླགས་པ།》 《读太虚大师佛教革命失败史之后》

《ཨོ་དབྱང་ཅན་གྱི་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་མཛོད་ལ་དགག་པ།》 《驳欧阳渐法相辞典叙》

《ཨོ་དབྱངས་ཅན་གྱི་ཀུན་བཏགས་ཀྱི་རྟོག་པ་ལ་དགག་པ།》 《驳欧阳渐辨虚妄分别》

《ཏིང་འཛིན་མདོ་ཙམ་བརྗོད་པ།》 《略谈定学》

《རྗེ་ཙོང་ཁ་པ་ཆེན་པོས་བརྩམས་པའི་ལམ་རིམ་ཆེན་མོ།〉》 《宗喀巴大师的〈菩提道次第论〉》

《〈ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་མངོན་རྟོགས་རྒྱན་གཉིས་བསྡུར་བ།》 《〈般若八千颂〉与〈现观庄严论〉对照科目》

《ཤེར་ཕྱིན་ལས་འགྲེས་རྐང་བརྒྱ་རྩ་ངོ་སྤྲོད།》 《〈大般若经〉中一百零八句法简介》

《སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པའི་དབུ་མ་རིགས་ཚོགས་དྲུག》 《龙树菩萨的六部论》

《ཀན་སུའུ་དགའ་ལྡན་ཆོས་འཁོར་གླིང་གི་གཞུང་བཀའ་པོད་ལྔའི་རྩོད་ཡིག》 《甘肃嘎登协主却稞寺学习五部大论的课程》

《སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་ལས་གསལ་རིག་གི་ཁྱད་པར་མདོ་ཙམ་བརྗོད་པ།》 《法称因明学中”心明”差别略说》

《རྣམ་འགྲེལ་གྱི་འགྲེལ་པ།》 《释量论略解》

《མངོན་རྟོགས་རྒྱན་གྱི་འགྲེལ་པ།》 《现观庄严论略释》

༡༩༨༨ ལོར་ཐེ་ཝན་འཇམ་དབྱངས་དཔེ་སྐྲུན་ཁང་ནས་དེང་གི་ཀྲུང་གོའི་སློབ་དཔོན་ཆེན་མོའི་དཔེ་ཚོགས་སུ་སློབ་དཔོན་བློ་བཟང་ཆོས་འཕགས་ཀྱི་གསུང་རྩོམ་ཡང་ཕྱོགས་བསྒྲིགས་གནང་ནས་པར་དུ་བསྐྲུན།

༢༠༡༦ ལོར་ཟླ་དྲུག་པའི་ཚེས་ཉིན་རྒྱ་ནག་རི་བོ་རྩེ་ལྔ་ནས་ཕྱིར་མཚོ་སྔོན་དུ་ཡོང་བའི་ལམ་ཁར་ཁོང་གི་ངོ་སྤྲོད་སྐོར་ཀློག་གིན་རླངས་འཁོར་དང་མེ་འཁོར་ནང་དུ་བྲིས། ༢༠༡༦ ལོའི་ཟླ་བ་ ༧ པར་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་དུ་ཁོང་གི་བྲིས་པའི་རྣམ་ཐར་ལ་བསྟུན་ཏེ་ཞུ་དག་དང་ཁ་བསྐངས།

དགེ་ལུགས་པའི་དྲ་བ་ལས་བཏུས་ཤིང་ལེགས་བཅོས་བྱས།

 

Leave a Reply

Your email address will not be published. Required fields are marked *