ང་རང་ངོས་ནས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་གྱི་ཡོད།
རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །
ཞེས་གསུངས་པ་ལྟར། རང་དོན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་ཀྱི་འདུག་ལ། གཞན་དོན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་ཀྱི་འདུག་པས། དེ་ངས་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡོད། ངོས་རང་འཕགས་
པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྟབས། བྱང་ཆུབ་ཀྱི་སེམས་དེ་ངོས་ཀྱིས་གཙོ་བོ་བྱས་ནས་སྒོམ་གྱི་ཡོད། དེ་བཞིན་དུ།
སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །
རྒྱལ་བའི་མཁྱེན་རབ་ཀུན་འདུས་འཇམ་པའི་དབྱངས། །
ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །
ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱི་སློབ་མ་ཟླ་གྲགས་དང་། ངོས་རང་ཟླ་གྲགས་ཀྱི་དགེ་ཕྲུག་གི་གྲས་ལ་ཡོད་དྲན་གྱི་འདུག །དེར་བརྟེན་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཟླ་བ་གྲགས་པའི་དབུ་མ་འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་ནས་མ་གྲུབ་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཚིགས་བཅད་འདིར་ངས་ཞོགས་ལྟར་བསམ་བློ་གཏོང་གི་ཡོད།
ད་ལྟའི་བར་དུ་སྤྱིར་བོད་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་དོན་དང་། སྒོས་སུ་”སྙིང་རྗེ་”བོད་ནང་གི་རྒྱ་ཆེའི་མི་དམངས་དེ་དག་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཧ་ལས་པའི་དགའ་མོས་བྱེད་ཀྱི་འདུག །ཚུར་དེ་ཙམ་གྱིས་དད་མོས་བྱས་ཡོང་ན། དེ་དག་ལ་སྨོན་ལམ་གྱི་ཚིག་སྐམ་པོ་ཞིག་ལས་མེད་ཀྱང་རྒྱག་རྒྱུ་དེ་ངའི་ལས་འགན་རེད། རྒྱ་ནག་ནང་ལ་ཆ་བཞག་ཀྱང་དེང་སང་ཏཱ་ལའི་ལོག་སྤྱོད་པ་ཟེར་མཁན་མི་འདུག་པར་མ་ཟད། ཏཱ་ལའི་བླ་མས་ཆོས་ཀྱི་སྐོར་བཤད་པ་དེ་དག་ནཱ་ལེནྡྲའི་ཆོས་བརྒྱུད་ཚན་རིག་དང་མཐུན་པར་འདུག་ཅེས་བཤད་མཁན་འདུག །ཅེས་བཀའ་སྩལ་ཏོ།། །།
ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཡར་འབྲོག་གཞིས་བྱེས་མི་མང་དང་། འཇོལ་ཀོང་རྒྱལ་གསུམ། བྱང་རིགས་གཞིས་བྱེས་མི་མང་། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་བཅས་ཚོགས་སྒེར་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་པའི་བཀའ་སློབ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།