ཆ༽ བོད་འགྱུར་བསྟན་བཅོས་མ་ཡིག་མ་རྙེད་པ།
ཀ༽ དེ་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། བསྟན་པའི་དོན་གསལ་བར་བྱེད་པ། ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་བམ་པོ་ཉི་ཤུ་པ་ཥུའན་ཊུའང་ཧྥ་ཤིའི་འགྱུར། (བོད་མ་ཡོད་གསུངས།) ཞེས་དང་། ཁ༽ དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[2]།
བྱམས་པའི་མན་ངག་ཐོགས་མེད་ཀྱིས་ཟིན་བྲིས་སུ་མཛད་པའི་ཐེག་པ་ཆེན་པོའི་རྒྱན་ཞེས་བྱ་བ་རང་འགྲེལ་དང་བཅས་པ་བམ་པོ་བཅུ་གསུམ་པྲ་བྷཱ་ཀ་ར་མི་ཏྲའི་འགྱུར། (བོད་མ་ཡོད་པར་གསུངས།) ཞེས་གསལ་ནའང་། རྒྱ་འགྱུར་དང་བོད་འགྱུར་གཉིས་ཀྱི་འགྱུར་ཁྱད་ལས་བསྟན་བཅོས་ཀྱི་མཚན་ལ་བར་ཁྱད་བྱུང་བའམ། མཚན་གཅིག་མཚུངས་བྱས་པ་བསྟན་འགྱུར་ཁྲོད་ནས་བོད་འགྱུར་གྱི་མ་དཔེ་མ་རྙེད་པས་མ་འོངས་པར་ལག་སོན་བྱུང་མཚམས་ཁ་སྐོང་ཞུ་དགོས་སོ།།
ག༽ མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ་ལས[3]། རི་ཕུག་[4]ནས་རྒྱ་དཔེ་རྣམས་གདན་དྲངས་ཏེ་མཇལ་བས། པོད་ཆེ་ཆུང་བཞི་བཅུ་ཞེ་གཉིས་ཀྱི་ནང་དུ་ཏ་རྐ་ཛཱ་ལ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པ་ཆ་ཚང་། ཞེས་སོགས་ནས། ཏྲི་ཾཤི་ཀཱ་སུམ་ཅུ་པ་དབྱིག་གཉེན་གྱིས་མཛད་པ་ཆ་ཚང་། པྲ་ཛྙཱ་པཱ་རི་མི་ཏ་པི་རྚཱ་ཐ་ཤེར་ཕྱིན་སྣོད་ཀྱི་བསྡུས་དོན་ཕྱོགས་གླང་གིས་མཛད་པ། ཏྲི་ཾཤ་ཏེ་ཾཀ་ཀཱ་རེ་ཀཱེ།ཾ སུམ་ཅུ་པའི་ཚིགས་ལེའུར་བྱས་པ་ཐོགས་མེད་ཀྱིས་མཛད་པ། ཞེས་བྱུང་བས་འཕགས་པ་ཐོགས་མེད་ཀྱིས་སུམ་ཅུ་པའི་ཚིགས་ལེའུར་བྱས་པ་ཞིག་ཀྱང་མཛད་པར་མ་ཟད་རྒྱ་དཔེ་ཡང་ཡོད་པར་ངེས་མོད། འདི་ཉིད་བོད་འགྱུར་ཞུས་ཡོད་མེད་ཆ་མ་འཚལ་བས། ཡོད་ཚེ་མ་ཡིག་མ་རྙེད་པས་ཐབས་འཚོལ་ཞུ་དགོས་སོ།།
མདོར་ན། འཕགས་པ་ཐོགས་མེད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༧ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༣ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་ཁག་ ༡༢ ཡོད་པ་བཅས་བསྟན་བཅོས་ ༣༢ མཛད་པ་ལས་འདིར་བོད་འགྱུར་བཞུགས་པའི་བསྟན་བཅོས་ ༡༧ ཕྱོགས་བསྒྲིགས་ཞུས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠
[2] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༡
[3] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨
[4] བུ་སྟོན་རིན་ཆེན་གྲུབ་ཀྱིས་ཕྱག་བཏབ་པའི་གཙང་གི་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་ཡིན།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༥ ནས་ ༢༤༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།