༡༩༽ སློབ་དཔོན་དཔལ་འཛིན་གྱི་རྣམ་ཐར།

༡༩༽ སློབ་དཔོན་དཔལ་འཛིན།

 

སློབ་དཔོན་དཔལ་འཛིན་ནི། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[1]། ཕྱི་ལོའི་དུས་རབས་བཅུ་པ་ཡས་མས་སུ་བྱོན་པའི་བྲམ་ཟེའི་སློབ་དཔོན་དཔལ་འཛིན་ཞུ་བ་སྟེ། ཁོང་ནི་རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་མཇུག་ཏུ་ཡུལ་མ་ག་དྷར་བྲམ་ཟེའི་རིགས་སུ་འཁྲུངས།

དཔལ་ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྒྲ་ཚད་སོགས་དང་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། དཔལ་སྡེ་སོགས་ཡེ་ཤེས་ཞབས་ཀྱི་སློབ་བརྒྱུད་སློབ་དཔོན་འགའ་རེ་བསྟེན་ནས་གསང་འདུས་དང་། གཤིན་རྗེ་གཤེད་ཀྱི་དགོངས་དོན་ཐུགས་སུ་ཆུད་པར་མཛད་ཅིང་། གཤིན་རྗེ་གཤེད་རྩེ་གཅིག་ཏུ་བསྒོམས་པས་རྫུ་འཕྲུལ་གྱི་ཡོན་ཏན་ལ་མངའ་བརྙེས། ལྷོ་ཕྱོགས་ཀྱི་རྒྱུད་བེ་དརྦྷའི་ཕྱོགས་ཀྱི་རྒྱལ་པོ་བཏུལ་ནས་མུ་སྟེགས་པ་མང་པོ་སངས་རྒྱས་པ་ལ་བཀོད། ཕྱིས་སུ་ཡུལ་དབུས་ཀྱི་རྒྱལ་པོས་གདན་དྲངས་ཏེ་བི་ཀྲ་མ་ཤཱི་ལའི་སྔགས་པའི་སློབ་དཔོན་མཛད་ཅིང་བསྟན་བཅོས་མང་དུ་མཛད། སློབ་དཔོན་ནག་པོ་སྤྱོད་པ་བ་ལས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསན་ཅིང་བསྒོམས་སོ། །ཞེས་གསལ་ལོ།།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་བྱོན་ཏེ། ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས། བི་ཀྲ་མ་ཤི་ལར་སྤྱན་དྲངས་པ་ཡིན། སློབ་དཔོན་འདི་ཡེ་ཤེས་ཞབས་ཀྱི་བརྒྱུད་འཛིན་ཡིན་པར་གཤིན་རྗེ་དམར་ནག་གི་གཞུང་རང་ཉིད་ཀྱིས་མཛད་པ་རྣམས་ལས་གསལ། བོད་རྣམས་སློབ་དཔོན་ནག་པོ་སྤྱོད་པའི་སློབ་མར་འདོད་ཅིང༌། མི་ཡུལ་དུ་བྱོན་པའི་དུས་ནི་མི་འགྲིགས་ནའང༌། ཕྱིས་ཞལ་གཟིགས་པའི་སློབ་མ་ཡིན་ཏེ། བྲམ་ཟེ་དཔལ་འཛིན་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་སྐབས། ནངས་གཅིག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཕྱི་རོལ་ཏུ་གཤེགས་སུ་བྱོན་པས། རྣལ་འབྱོར་པ་གཟི་བརྗིད་ཆེ་བ་ཞིག་སྒོ་དྲུང་ན་འདུག་སྟེ། དེ་ནག་པོ་སྤྱོད་པ་ཡིན་པར་མཁྱེན་ནས་ཞབས་ལ་ཕྱག་བྱས། བདག་གི་རིག་སྔགས་འདི་འགྲུབ་པར་མཛད་དུ་གསོལ་ཞེས་ཞུས་པས། དེ་ཉིད་དུ་དབྱངས་ཅན་མའི་སྔགས་ཀྱི་བཟླས་ལུང་ཞིག་སྩལ་ཏེ། མི་སྣང་བར་གྱུར་ཏོ། །དེ་མ་ཐག་དཀྱིལ་འཁོར་གྱི་ནུབ་བྱང་ན་བཞུགས་པའི་དབྱངས་ཅན་མ་ཞལ་གཟིགས། དེ་ནས་མི་རིང་བར་དངོས་གྲུབ་ཐོབ་བོ། །ཞེས་བྱུང་ལ། བྱོན་པའི་དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ངོ༌།།

སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[3]། ༡༽ རྒྱུད་འ་པ་ལ། རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་པའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། ༢༽ རྒྱུད་མི་པ་ལ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ༣༽ མ་ཧེའི་ཞལ་གྱི་སྒྲུབ་ཐབས་ཞེས་བྱ་བའི་འཇིགས་བྱེད་ཀྱི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རྣམ་པར་སྣང་མཛད་སྲུང་བ་དང་། ལོ་ཙཱ་བ་དགེ་སློང་བ་རི་དྷརྨ་ཀཱིརྟིའི་འགྱུར། ༤༽ དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། གྲུབ་ཐོབ་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་བི་བྷཱུ་ཏི་ཙནྡྲ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། ༥༽ དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། གྲུབ་ཐོབ་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་དཔལ་བི་བྷཱུ་ཏི་ཙནྡྲ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཁབ་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བ། ༦༽ རྡོ་རྗེ་དཀར་མོའི་སྒྲུབ་ཐབས། གྲུབ་ཐོབ་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་དཔལ་བི་བྷཱུ་ཏི་ཙནྡྲ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཁབ་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བ། ༧༽ རྒྱུད་ཙི་པ་ལ། གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་ཆོ་ག །སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། ༨༽ དཔལ་གཤིན་རྗེ་གཤེད་དམར་པོའི་གཏོར་མའི་ཆོ་ག །སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་དཔལ་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ༩༽ རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་རླབས་དང་བཅས་པ། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པས་བསྒྱུར་བ་ལས། དུས་ཕྱིས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་དཱརྤན་ཨཱ་ཙཱརྱ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འགྱུར། ༡༠༽ སྲུང་འཁོར་གྱི་བྱིན་རླབས་དང་ཕྱིར་བཟློག་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་གྱི་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་དངོས་གྲུབ་མཆོག་བརྙེས་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ནུ་པ་མ་རཀྵི་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་གྱི་འགྱུར་ལ། ཕྱིས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་གཉིས་སུ་རྒྱ་གར་ཤར་ཕྱོགས་ཀྱི་མཁན་པོ་ཆེན་པོ་དཱརྤན་ཨཱ་ཙཱརྱ་དང༌། ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། འདིའི་དཔེ་བར་སྐབས་སུ་རྒྱ་གར་བལ་པོ་ཐམས་ཅད་དུ་རྒྱུན་ཆད་པ་ལ། ཕྱིས་ཨོ་རྒྱན་དུ་མཁའ་འགྲོ་མ་རྒྱ་མཚོའི་གོས་ཅན་ལས་རྣལ་འབྱོར་པ་སནྟ་ཝ་ལནྟས་ཞུས་ཏེ་བྱུང་ངོ༌། །༡༡༽ གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བསོད་ནམས་སེང་གེའི་འགྱུར། ༡༢༽ རྒྱུད་མུ་པ་ལ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། ༡༣༽ འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ། ༡༤༽ བྱིན་གྱིས་བརླབ་པའི་རིམ་པ། དཔལ་འཛིན་ཆེན་པོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱརྤན་ཨཱ་ཙཱརྱ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཉི་གཟུངས་སུ་བསྒྱུར་བ་སོགས་མང་དུ་བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༤༧༠

[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༡

[3] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༨༡

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༩༢ ནས་ ༡༩༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *