༧༽ སློབ་དཔོན་སྒེག་པ་རྡོ་རྗེའི་རྣམ་ཐར།

༧༽ སློབ་དཔོན་སྒེག་པ་རྡོ་རྗེ།

 

སློབ་དཔོན་ལ་ལི་ཏ་བཛྲ་སྟེ་སྒེག་པ་རྡོ་རྗེ་ནམ། མཚན་གཞན་ལ་སློབ་དཔོན་དཔལ་ལྡན་བྱང་ཆུབ་ཅེས་ཞུ། ཡོན་ཏན་འབྱུང་གནས་དཔལ་ལྡན་བྱང་ཆུབ་ནི། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། ཀུ་ཀུ་རཱ་ཛའི་སློབ་མ་སྟེ། ཡུལ་ཎཾ་ཎ་ར་རུ་འཁྲུངས། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་སྦྱངས།

ཁྱད་པར་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ཀྱི་གྲུབ་མཐའ་ལ་མཁས་ཤིང༌། ཐུན་མོང་གི་རིག་པའི་གནས་ཐམས་ཅད་ཀྱང་མཁྱེན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་པས་གྲུབ་པར་ཉེ་བ་ན། འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་བྱུང་སྟེ། གླིང་དེ་ཡུན་རིང་དུ་སྣང་བར་བྱས་པས། ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། དུས་གཞན་ཞིག་ཏུ་ལྟ་བ་ལོག་པའི་སྒྲུབ་པ་པོ་ཞིག་ལ་ནང་པའི་པཎྜི་ཏའི་དབང་པོ་ལྔ་སྒྲུབ་རྫས་ལ་དགོས་པ་བྱུང་ནས། སློབ་དཔོན་བཀྲོང་དུ་འོངས་པ་ན། གླང་པོ་ཆེ་དང༌། རྟ་དང༌། ཁྱེའུ་དང༌། བུ་མོ་དང༌། མ་ཧེ་དང༌། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སྣང་བར་མཛད་པས། སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས་ཤིང༌། སྐུ་ཚེའི་སྨད་དུ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེར་མཛད།

སློབ་དཔོན་འདི་སྤྱིར་རྒྱུད་སྡེ་ཐམས་ཅད་དང་། ཁྱད་པར་སྒྱུ་འཕྲུལ་དྲ་བ་ལ་མཁས་ཤིང་གྲུབ་པ་བརྙེས། ནཱ་ལནྡྲར་ཡང་ལོ་བཅུར་བཞུགས་ཤིང་སྔགས་ཀྱི་བསྟན་པ་བསྐྱངས། མཚན་ཡང་དག་པར་བརྗོད་པ་བླ་མེད་རྒྱུད་ལྟར་བཀྲལ་བའི་ཊཱིཀ་དང༌། དགྱེས་རྡོར་རྫོགས་རིམ་སོགས་མང་དུ་མཛད། འདི་རབ་ཏུ་བྱུང་བའི་མཚན་ལ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་དང༌། གསང་མཚན་དང་བསྟན་བཅོས་རྣམས་སུ་སྒེག་པའི་རྡོ་རྗེ། ཉི་མ་དང་འདྲ་བ། སྣ་ཚོགས་གཟུགས་ཅན་ཞེས་འབྱུང་ངོ༌། །དུས་རབས་ནི་ཡབ་རྒྱལ་པོ་ཛཿ[2] ཉེར་བརྒྱད་པར་འཁྲུངས་ནས་བརྒྱ་ཕྲག་བཅུ་གཉིས་པར་གླེགས་བམ་གྱི་ཆར་བབས་འདུག་པ་དེའི་དུས་རབས་དང་བསྟུན་ན་རགས་རྩིས། བརྒྱ་ཕྲག་དང་པོའི་སྨད་དང༌། གཉིས་པའི་ནང་ཙམ་མོ། །ཞེས་གསུངས་ཀྱང་བྱོན་པའི་དུས་ལ་དཔྱད་དགོས་པར་སྣང་ངོ་།།  །།

གཞན་ཡང་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། ཁྱད་པར་ཐོགས་མེད་སྐུ་མཆེད་ཀྱི་གྲུབ་མཐར་ཤིན་ཏུ་མཁས་ཤིང་། སྒྱུ་འཕྲུལ་དྲ་བའི་གྲུབ་པ་བརྙེས་པར་མ་ཟད། གསུང་རྩོམ་ལ་མཚོན་ན། མཚན་ཡང་དག་པར་བརྗོད་པ་བླ་མེད་རྒྱུད་ལྟར་བཀྲལ་བའི་ཊཱིཀྐ་དང་། དགྱེས་རྡོར་རྫོགས་རིམ་སོགས་བསྟན་བཅོས་མང་དུ་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༢༦༥

[2] རྒྱལ་པོ་ཨིནྡྲ་བོདྷི་གསུམ་ནི། སྔ་མ་རྒྱལ་པོ་ཛ་སྟེ་གླེགས་བམ་གྱི་ཆར་བབ་པ། བར་པ་ཤཱཀྱ་བྷུ་ཏིའི་ཡབ། ཕྱི་མ་ཟ་ཧོར་རྒྱལ་པོ་འོ། །ཡང་ན། སྔ་མ་སྟོན་པས་གསང་འདུས་གསུང་བ། བར་མ་རྒྱལ་པོ་ཛ་སྟེ་རྒྱུད་དེའི་ཆར་བབ་པ། ཕྱི་མ་ཨོ་རྒྱན་གྱི་ཟ་ཧོར་རྒྱལ་པོ། ཡང་ན། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་དུ་བཞེངས་ནས་འདུལ་བ་ཨུ་རྒྱན་གྱི་ཡབ་དོད་ཨིནྟྲ་བྷུ་ཏི་སྔ་མ་ཆེ་བ། ཆང་ཚོང་བྷི་ནས་འདུལ་བ་ཨིནྟྲ་བྷུ་ཏི་བར་མ། ལྕམ་ལིཀྨ་ཆེན་མོས་རྗེས་སུ་བཟུང་བའི་ཨ་ཝ་དྷུ་ཏི་པ་ནི་ཨིནྟྲ་བྷུ་ཏི་ཆུང་བའོ། །ཞེས་དུང་དཀར་ཚིག་མཛོད་ཆེན་མོར་གསལ་ལོ།།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༡ ནས་ ༣༨༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *