ཁ༽ བསྒྱུར་བྱའི་སྐད་ཡིག་དང་། བརྗོད་བྱའི་ནང་དོན།
བསྒྱུར་བྱའི་སྐད་རིགས་གང་དག་ནས་བཀའ་བསྟན་གསུང་རབ་རྣམས་བོད་འགྱུར་མཛད་ཡོད་དམ་ཞེ་ན། དེ་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[1]། སཾ་སྐྲི་ཏ་ལྷའི་སྐད༔ བཻ་ཤ་འདྲེའི་སྐད༔ ཨ་བ་བྷ་ཏི་གནོད་སྦྱིན་གྱི་སྐད༔ ནཱ་ག་ར་ཀླུའི་སྐད༔ འབའ་དུ་ལ་མིའི་སྐད༔ ཁ་དྷོ་ལ་སྲིན་པོའི་སྐད༔ ཨ་ཧ་ར་ཨུ་རྒྱན་གྱི་སྐད༔ བྷྱེ་ཀ་ར་མི་མ་ཡིན་གྱི་སྐད༔ པྲ་ཏི་ཤ་ཟའི་སྐད༔
ཀ་ལིང་ཀའི་སྐད༔ པ་ལི་ཏྲི་ཏའི་སྐད༔ ན་ག་སི་དྷིའི་སྐད༔ ཁང་བུ་གླིང་གི་སྐད༔ ཟངས་གླིང་གི་སྐད༔ ཀ་མཱ་ལ་རུ་པའི་སྐད༔ ཝཱ་རཱ་ཎ་སིའི་སྐད༔ མ་ག་དྷའི་སྐད༔ ནཱ་ལནྡའི་སྐད༔ བེ་ཏའི་སྐད༔ སིངྒ་ལའི་སྐད༔ མ་རུ་ཙེའི་སྐད༔ ཟ་ཧོར་གྱི་སྐད༔ ཤཾ་བྷ་ལའི་སྐད༔ ཁ་ཆེའི་སྐད༔ བྲུ་ཤའི་སྐད༔ རྒྱ་གར་གྱི་སྐད༔ རྒྱ་ནག་གི་སྐད༔ བལ་པོའི་སྐད༔ ལིའི་སྐད༔ སྲིན་པོའི་སྐད༔ དེ་ལ་སོགས་པ་སྐད་རིགས་ཐམས་ཅད་བོད་དུ་བསྒྱུར་ཤེས་པཿ ཞེས་གསུངས་པ་ལྟར་སྐད་རིགས་མི་འདྲ་བ་ ༣༠ དང་། རྒྱ་གར་གྱི་པཎྜི་ཏ་དང་། རྒྱ་ནག་གི་མཁན་པོ། བོད་ཀྱི་ལོ་ཙཱ་བ་བཅས་ལོ་པཎ་མཁན་གསུམ་ཞལ་གྲངས་ ༢༡༨ ཙམ་གྱི་མཚན་བྱང་གསལ་བར་བཀོད་པ་ལྟར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སྐད་ཡིག་སྣ་ཚོགས་ཀྱི་ཐོག་ཏུ་བཞུགས་པའི་བཀའ་བསྟན་གསུང་རབ་སྤྱི་དང་། གཞན་ཡང་སྨན་དང་རྩིས་སོགས་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས་སྣ་མང་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་གནང་མཛད་ཡོད།
དེ་བཞིན་ལོ་པཎ་བཀའི་ཐང་ཡིག་ལས་[2]ཀྱང་། ཨེ་མ་ཧོ། བཻ་རོ་ཙ་ནས་སཾ་སྐྲི་ཏའི་སྐད་དང་ཡི་གེ་མཁྱེན༔ སྐ་བ་དཔལ་བརྩེགས་ཀྱིས་རྒྱ་ནག་གི་སྐད་དང་ཡི་གེ་མཁྱེན༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཨུ་རྒྱན་གྱི་སྐད་དང་ཡི་གེ་མཁྱེན༔ རྨ་རིན་ཆེན་མཆོག་གིས་རྒྱ་གར་གྱི་སྐད་དང་ཡི་གེ་མཁྱེན༔ ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་མ་རུ་རྩེའི་སྐད་དང་ཡི་གེ་མཁྱེན༔ སངས་རྒྱས་ཡེ་ཤེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་མཁྱེན༔ དན་ཡོན་ཏན་མཆོག་གིས་བྱཱ་ཀ་ར་ཎའི་སྐད་དང་ཡི་གེ་མཁྱེན༔ བཻ་རོ་ཙ་ནས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེན༔
རྒྱ་ནག་གི་ཡི་གེ་གསེར་གྱི་སྤད་པོའི་སེར་ག་འདྲ༔ སཾ་སྐྲི་ཏའི་ཡི་གེ་བ་ཐག་གཟིངས་པ་འདྲ༔ རྒྱ་གར་གྱི་ཡི་གེ་གཟི་ཟླུམ་བསྟར་ལ་བརྒྱུས་པ་འདྲ༔ ཨུ་རྒྱན་གྱི་ཡི་གེ་ཉའི་སྒལ་པ་འདྲ༔ བྱཱ་ཀ་ར་ཎའི་ཡི་གེ་ངང་པ་གཟན་ལ་སྙེགས་པ་འདྲ༔ མ་འོངས་པའི་དུས་ན་ཡི་གེ་ནི་བླ་མའོ༔ ཞེས་དང་། ལྷ་ལྕམ་མནྡ་ར་བས་ཟ་ཧོར་གྱི་སྐད་དང་ཡི་གེ་མཁྱེན༔ བལ་འབངས་ཀ་ལ་སིདྡྷིས་མུ་སྟེགས་ཀྱི་སྐད་དང་ཡི་གེ་མཁྱེན༔ བལ་མོ་ཤཱཀྱ་དེ་བས་བལ་པོའི་སྐད་དང་ཡི་གེ་མཁྱེན༔ བོད་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ནཱ་ག་རའི་སྐད་དང་ཡི་གེ་མཁྱེན༔ སྲིན་པོའི་སྐད་དང་ཡི་གེ༔ མི་མ་ཡིན་གྱི་སྐད་དང་ཡི་གེ་རྣམས་ཀྱང་མཁྱེན༔ ཞེས་གསལ་ལོ།།
གཞན་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[3]། པཎྜི་ཏ་གཞན་རྣམས་ནི་གདན་སེང་གེའི་ཁྲི་རེ་རེ་ལ་བཞུགས་སོ། །ལོ་ཙཱ་བ་རྣམས་ནི་ཁྲི་གབ་རྩེ་ལ་བཞུགས་སོ། །རྒྱལ་པོས་གསེར་གྱི་མཎྜལ་རེ་ཕུལ་ནས། རྒྱ་ནག་གི་ཇ། བལ་པོའི་གོ་ལ། བོད་འབྲུ་ཆང༌། རྒྱ་གར་གྱི་འབྲས་ཆང་དྲངས། ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པ། ཨེ་མ་ཧོ། བདག་ནི་ཆོས་སྐྱོང་རྒྱལ་པོར་ཞལ་བཞེས་པས། རྒྱ་གར་ཡུལ་ན་བཞུགས་པ་ཡི། ཆོས་བཀའ་དང་བསྟན་བཅོས་རྒྱུད་ལུང་གཅིག་ཀྱང་མ་ལུས་པར་འདིར་ནི་གསུང་དུ་གསོལ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ། དམ་པའི་ཆོས་ཀྱི་རྔ་ཆེན་རྡུང་དུ་གསོལ། དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ། དམ་པའི་ཆོས་ཀྱི་རྒྱལ་མཚན་སྒྲེང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ལོ་པཎ་རྣམས་ཨརྱ་པ་ལོའི་གླིང་དུ་སྤྱན་དྲངས། སྒྲ་སྒྱུར་གླིང་དུ་སྒྲ་བསྒྱུར། རྣམ་པར་སྣང་མཛད་གླིང་དུ་ཆོས་བཤད། ལོ་ནི་བཅུ་གསུམ་དུ་ཆོས་གྲྭ་བཙུགས། ཨུ་རྒྱན་སྐད་དང༌། ཟ་ཧོར་སྐད། ཁ་ཆེའི་སྐད་དང༌། ལིའི་སྐད། རྒྱ་གར་རྒྱ་ནག་སྐད་དུ་བསྒྱུར་ནས་བཤད། ཅེས་གསུངས་པ་ལྟར་བཙན་པོས་གསོལ་བ་ཇི་ལྟར་བཏབ་པ་དང་། མཐུན་རྐྱེན་སྦྱར་བ་ལྟར་སྒྲ་སྒྱུར་དང་། འཆད་ཉན་སྒོམ་སྒྲུབ་ཇི་ལྟར་མཛད་ཚུལ་གསལ་བ་ལྟར་རོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། བོད་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཐོན་མི་སམ་བྷོ་ཊ་ནས། ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ ༧༠༠ ལྷག་ཙམ་བྱུང་ཞིང་། ཁོང་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆེན་པོ་ལྔ་དང་། གསང་སྔགས། སྒྲ། ཚད་མ། བཟོ། གསོ་བ་རིག་པ། སྐར་རྩིས། སྙན་ངག །མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ཀྱི་གཞུང་ཧ་ཅང་པོ་ཞིག་རྒྱ་གར་དང་། རྒྱ་ནག །ཁ་ཆེ། ལི་ཡུལ། ཞང་ཞུང་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་། མང་པོ་ཞིག་གི་མི་རིགས་གཞན་དག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་བདེ་བ་དང་། བརྗོད་དོན་ཆ་ཚང་ཞིང་། གནད་ལ་ཁེལ་བ་དེ་ལྟ་བུའི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་དང་། དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་རིག་གནས་ཞེས་གཟི་བརྗིད་ཆེ་ཞིང་། སྙན་གྲགས་ལྡན་པའི་རིག་གནས་ཀྱི་ནོར་མཛོད་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་འཇོག་པ་གནང་ཡོད། ཅེས་གསུངས་པ་ལྟར་སྐད་ཡིག་སྣ་ཚོགས་ཀྱི་ཐོག་ནས་ནང་བསྟན་མདོ་སྔགས་ཀྱི་གཞུང་ལུགས་དང་། བཅུ་ཕྲག་རིག་པའི་གཞུང་ལུགས་སྣ་མང་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་གནང་མཛད་ཡོད།
དེས་ན་བོད་འགྱུར་ཐོག་བཞུགས་པའི་ནང་བསྟན་ནི་འཛམ་གླིང་ཐོག་གཞན་ན་མེད་པའི་ནང་རིག་པའི་བང་མཛོད་ཆེན་པོ་ཞིག་ཡིན་ཏེ། མདོ་དང་སྔགས་དང་ཕྱི་ནང་ཐུན་མོང་བའི་རིག་གནས་ཆ་ཚང་བ་བོད་སྐད་དུ་བསྒྱུར་ཡོད། གཞན་དུ་མདོ་རྐྱང་པའམ་ཡང་ན་རྒྱུད་སྡེ་རེ་ཟུང་ངམ་མདོ་ཚན་རེ་ཟུང་སངས་རྒྱས་ཀྱི་གསུང་དུ་ཁས་ལེན་ཞིང་། གཞན་རྣམས་དོར་བར་མཛད་པའི་ནང་པའི་རྒྱལ་ཁབ་མང་དུ་མཆིས་པ་ལས་གསལ་བར་རྟོགས་ནུས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༡༢
[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༢༧
[3] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣༣
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༧༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༣ ནས་ ༣༧༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།