ང༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་ངོ་སྤྲོད།

ང༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་ངོ་སྤྲོད།

 

དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[1]། རྒྱ་གར་མཁས་པ་ཀ་ར་རྣམ་བཞི་དང་། །ཞེས་དཱི་པཾ་ཀ་ར། པདྨ་མ་ཀ་ར། དྷརྨཱ་ཀ་ར། པྲ་ཏ་ཀ་རའོ། །ཞེས་གསུངས་པ་ལྟར་གྱི་ཀ་ར་རྣམ་བཞིའི་ཡ་གྱལ་བོད་གངས་ཅན་གྱི་ལྗོངས་ལ་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཡུལ་གང་དུ་རིགས་གང་ལས་སྐུ་བལྟམས་པ་ནི།

༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[2]།

ནོར་བུའི་བ་གམ་འོད་ཟེར་བཞད་པའི་གྲོང་། །

གསེར་གྱི་རྒྱལ་མཚན་མངོན་མཐོའི་གཞལ་མེད་ཆེར། །

དགེ་བའི་དཔལ་དང་འོད་ཟེར་ཅན་གཉིས་ཀྱི། །

སྲས་སུ་བསམ་བཞིན་འཁྲུངས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཅིང་། དེ་བཞིན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[3]།

ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ། །

ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །

བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །

མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་ཟ་ཧོར་ཡིན་པར་གསུངས། དེ་ཡང་ཡུལ་ཟ་ཧོར་ཞེས་པ་ནི། རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བགཱལ་ཡིན་ཞེས་བོད་ཀྱི་ཆོས་འབྱུང་ཐམས་ཅད་དུ་མཐུན་པར་བཤད་ལ། ཡང་ཆོས་འབྱུང་ཐམས་ཅད་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་ངོས་འཛིན་གནང་འདུག །འོན་ཀྱང་ད་ཆ་བགཱལའི་ཡུལ་དུ་ཟ་ཧོར་ཞེས་པའི་རྒྱལ་སྲས་གྲགས་ཅན་ཅིག་ཡོད་པར་མ་ཐོས་པས། སྔོན་གྱི་ཟ་ཧོར་ཞེས་པའི་ཡུལ་དེ་དེང་དུས་ས་ཆ་གང་ལ་ངོས་འཛིན་གནང་གི་ཡོད་མེད་དཔྱད་གཞིར་སྣང་ངོ་།།

དེ་ཡང་བགཱལ་ཞེས་པའི་ཡུལ་དེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་ཁབ་རང་བཙན་པ་ཞིག་ཡིན་པར་ཆོས་འབྱུང་ཚང་མས་ངོས་འཛིན་གནང་ཡོད་པ་ནི། དུས་རབས་དེའི་སྐབས་སུ་ཡིན་ཏེ། དེང་དུས་ནི་ཡུལ་དེ་རྒྱ་གར་འཕགས་ཡུལ་གྱི་མངའ་སྡེ་གཅིག་དང་། རྒྱལ་ཁབ་རང་བཙན་པ་གཉིས་ཀྱི་ཚུལ་དུ་གནས་ཡོད། བར་དེར་རྒྱ་གར་ཁ་ཆེ་དང་དབྱིན་ཇི་སོགས་ཀྱིས་དབང་དུ་བསྡུས། ཕྱིས་སུ་རྒྱ་གར་རྒྱལ་ཁབ་དབྱིན་ཇིའི་འོག་ནས་ཕྱི་ལོ་ ༡༩༤༧ ལོར་རང་དབང་གསར་དུ་འཐོབ་སྐབས། རྒྱལ་ཁབ་ཆེན་མོ་འདི་ཆོས་ལུགས་ཀྱི་ཐོག་ནས་ཡུལ་གཉིས་སུ་གྱེས་པས་པ་ཀི་སི་ཐན་ཞེས་པའི་རྒྱལ་ཁབ་གསར་དུ་བྱུང་། དེ་ལྟར་རྒྱལ་ཁབ་གསར་པ་ཆགས་པའི་རྐྱེན་གྱིས་སྐབས་དེའི་བགཱལ་ཡུལ་དེའི་ཆ་ཤས་ཤིག་པཱཀི་སཏཱན་ཁོངས་སུ་གནས་པའི་གནས་སྟངས་གཅིག་ཀྱང་བྱུང་བ་དང་། སླར་ཡུལ་དེ་པ་ཀི་སི་ཐན་ལས་ལོགས་སུ་གྱེས་ཏེ་རྒྱལ་ཁབ་རང་བཙན་པ་ཞིག་ཏུ་ཆགས་ཤིང་། དེ་ལ་ད་ཆ་བགཱལཱའི་རྒྱལ་ཁབ་ཟེར། དབྱིན་ཇིས་སྲིད་དབང་འཛིན་སྐབས་ཀྱི་རྒྱ་གར་རྒྱལ་ཁབ་ཆེན་མོ་དེ་དེང་དུས་རྒྱལ་ཁབ་གསུམ་དུ་ཆགས་ནས་གནས་ཡོད་པ་ལ། ནུབ་བགཱལ་ཟེར་བ་ནི་ད་ཆ་ (༡༩༤༧ རྗེས་) རྒྱ་གར་གྱི་མངའ་སྡེ་གཅིག་དང་། བགཱལ་དེཤ་ (བགལཱའི་ཡུལ་) ཟེར་བ་ནི། ཕྱི་ལོ་ ༡༩༩༡ ནས་རྒྱལ་ཁབ་རང་བཙན་པ་ཆགས་ནས་གནས་ཡོད།

(ཟ་ཧོར་གྱི་ཡུལ་ཏེ་དེང་སྐབས་བྷང་ལ་དྷེ་ཤིར་འབོད་པའི་རྒྱལ་ཁོངས་སུ་
ཡོད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་སའི་གནའ་ཤུལ།)

ཇོ་བོའི་འཁྲུངས་ཡུལ་ལམ་ཝིཀྲམ་པུར་ནི། བོད་ཀྱི་བརྒྱུད་འཛིན་པ་རྣམས་ཀྱི་གསུང་སྲོལ་དང་། ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ཇོ་བོ་རྗེའི་འཁྲུངས་ཡུལ་ཟ་ཧོར་ཟེར་བ་དེ་ཡང་གོང་སྨོས་བགཱལ་དེ་གཉིས་སུ་ངེས་པར་ཡོད་དགོས་ལ། གོ་ཐོས་གཅིག་ལ་ད་ཆའི་བགལཱ་རྒྱལ་ཁབ་ཀྱི་རྒྱལ་ས་ཌྷཱཀཱ་ཞེས་པ་དེ་དང་ཐག་ཉེ་བར་དེང་དུས་ཀྱང་ཟ་ཧོར་ཞེས་པའི་ས་གནས་ཤིག་ཡོད་ཟེར། གལ་ཏེ་དེ་ལྟར་ཡིན་ན་དེ་ཉིད་མཁན་ཆེན་ཞི་འཚོ་དང་། སློབ་དཔོན་མར་མེ་མཛད་རྣམ་གཉིས་ཀྱི་འཁྲུངས་ཡུལ་ཡིན་མིན་དཔྱད་གཞིར་མངོན་ལ། ཡང་ས་ཆ་དེ་ལ་ཝི་ཀྲ་མ་པུར་ཟེར་བར་ཡང་བཤད་ལ། གང་ལྟར་ཡང་ཇོ་བོའི་འཁྲུངས་ཡུལ་དེ་ཉིད་ཡིན་པར་ངེས་ཏེ། མཁན་ཆེན་ཞི་བ་འཚོ་དང་ཇོ་བོ་ཉིད་རིགས་རྒྱུད་གཅིག་ཅིང་། ཇོ་བོ་རྗེ་ནི་ཡུལ་དེར་འཁྲུངས་པར་ངེས་ལ། མདོར་ན། ཕྱི་ལོ་ ༩༨༢ ལོར་ཟ་ཧོར་ནང་ཡོད་པའི་བརེནྡརི་ས་གནས་སུ་སྐུ་འཁྲུངས་པར་འདོད་བཞིན་ཡོད།

ཇོ་བོ་ཨ་ཏི་ཤའི་རིགས་རྒྱུད་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མང་དད་བརྒྱའི་མེ་ཏོག་ལས[4]།

ཐོག་མར་ཆེན་པོའི་རིགས་ཀྱི་སཱ་ལའི་ཚལ། །

མཛེས་སྟེར་པདྨོ་གཞོན་ནུའི་སྙེམས་འཆང་བ། །

ཤར་བའི་མོད་ནས་མཁྱེན་དང་བརྩེ་བ་ཡིས། །

བདུད་རྩིའི་དོ་ཤལ་མི་ཐུང་ཅི་ཡང་རིང་། །

ཞེས་གསུངས་པ་ལྟར། རྒྱལ་རིགས་ཡིན་པ་ཡོངས་སུ་གྲགས་པ་ལྟར་ཡིན་ལ། སྤྱིར་སྐབས་དེར་རྒྱ་གར་དུ་རྒྱལ་རིགས་ཞེས་པ་ཡང་གཉིས་སུ་ཡོད། དེ་ཡང་གཅིག་ནི་རྒྱལ་པོའི་བྱ་བ་ལ་དངོས་སུ་གནས་བཞིན་པ་དེའི་རྒྱུད་པ་ངོ་མ་དང་། གཅིག་ནི་རྒྱལ་རིགས་སུ་གཏོགས་པ་ཙམ་མོ། །དེ་ལྟར་སློབ་དཔོན་ཆེན་པོ་དེ་འདིར་བཤད་རྒྱལ་རིགས་གང་དུ་གཏོགས་ཟེར་ན། དང་པོར་གཏོགས་པ་ནི་སྨོས་མ་དགོས་སོ།།

ཡེ་ཤེས་འོད་དང་དུས་མཉམ་པའི་བགཱལའི་རྒྱལ་པོ་ནི། དུས་དེ་ཙམ་ལ་རྒྱ་གར་དབུས་མ་ག་དྷ་ཡང་བགཱལ་ཁོངས་གཏོགས་སུ་གནས་ཡོད། རྒྱལ་སྲིད་ཀྱང་པཱ་ལ་རྒྱལ་རྒྱུད་ཀྱིས་སྐྱོང་བཞིན་པ་ཡིན། མཧི་པཱ་ལ་ཟེར་བའི་མ་ག་དྷའི་རྒྱལ་པོའི་དུས་སྐབས་དེར། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་འཛམ་བུ་གླིང་འདིར་མཁས་དབང་གྲགས་ཆེ་བ་ཡིན། མཧི་པཱ་ལས་དབང་བསྒྱུར་བའི་རྗེས་ནཡ་པཱ་ལ་རྒྱལ་པོར་བཀོད་པ་དང་། མཧི་པཱ་ལ་ཞེས་པ་དེ་ཡང་བོད་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་དུས་མཉམ་པ་ཡིན།[5] ཞེས་གསལ་བ་ལྟར་རོ།།[6]

གཞན་ཡང་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[7]། དེ་དང་ཉེ་སའི་ཤར་དུ་པོ་ཀ་ལ་པུ་ར་ཟེར་བའི་གྲོང་དང་། དེ་དང་མི་རིང་བའི་ཤར་ལྷོར་རཱ་ཛ་ཧེ་ཟེར་བའི་གྲོང་ཡོད། ཡུལ་དེ་ནས་ཤར་དུ་ཆེར་མི་རིང་བར་པུརྣ་ཝརྟའམ་ན་བ་ཏྱི་ཟེར་བའི་གྲོང་ཁྱེར་ཆེན་པོ་ཡོད་པ་དེ་ནུབ་ཕྱོགས་བྷཾ་ག་ལའི་ཆར་གཏོགས་ཤིང་། དེར་སྤྱན་རས་གཟིགས་ཁ་སར་པཱ་ཎིའི་ལྷ་ཁང་ཡོད་པ་དེ་སློབ་དཔོན་སེངྒེ་བཟང་པོས་བྱམས་པ་བསྒྲུབས་པའི་ལྷ་ཁང་ཡིན་ནམ་སྙམ་ལ། ཇོ་བོ་རྗེའི་འཁྲུངས་ས་ཡང་གྲོང་ཁྱེར་དེ་ཡིན་ཚོད་འདུག །ཅེས་བྱུང་བ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་རམ་བྷངྒ་ལའི་ཡུལ་ཏེ། དེང་སང་བྷང་ལ་དེ་ཤ་ (Bangladesh) ཞེས་པའི་ཡུལ་དེའི་གྲོང་གསེབ་ (Vajrayogini) འམ། རྡོ་རྗེ་རྣལ་འབྱོར་མ་ཞེས་པའི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས་པར་ཚོད་དཔག་བྱེད་ཅིང་། གྲོང་གསེབ་དེ་ནི་ (Munshiganj District) ཞེས་བྱ་བའི་རྫོང་དེའི་བྱང་ཤར་གྱི་མཚམས་སུ་ཝི་ཀྲ་མ་པུར་ (Vikrampur) ཞེས་པའི་ས་ཁུལ་དུ་ཡོད་པ་སོགས་ཀྱི་བཤད་སྲོལ་ཞིག་འདུག་མོད། འོན་ཀྱང་དངོས་ཡོད་ཀྱི་ལོ་རྒྱུས་ཐོག་ཟ་ཧོར་གྱི་ཡུལ་འཁོར་ཆེན་པོ་མངའ་ཐང་རྒྱ་ནག་གི་རྒྱལ་པོ་དང་མཉམ་པའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་བྱ་བར་སྐུ་འཁྲུངས་པར་བཤད་པ་ལྟར་འཐད་དོ། །རྒྱུ་མཚན་ནི་ལོ་རྒྱུས་དེ་དག་ནི་དེང་སང་གསར་དུ་བྲིས་པའམ་གཞན་ཞིག་གིས་བྲིས་པ་མིན་གྱི། ཇོ་བོའི་དངོས་སློབ་ཀྱིས་བྲིས་པ་ཞིག་ཡིན་པས་ཅིས་ཀྱང་ཡིད་ཆེས་པའི་གནས་སུ་རིགས་ལ། འཁྲུངས་ཡུལ་སྐོར་དཔྱད་པ་ཞིབ་རྒྱས་མཁན་ཆེན་ཞི་འཚོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།

དེ་ལྟ་བུའི་ཡུལ་གྱི་མངའ་ཐང་ཇི་ལྟ་བུ་ཡོད་པ་ནི། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་ལས[8]།

ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །

བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །

ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །

ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །

ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[9]། ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་ཏེ། དེ་ན་བྷཾ་ག་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་མི་ཁྱིམ་འབུམ་ཕྲག་དུ་མ་ཡོད་པ། དེའི་དབུས་ན་རྒྱལ་པོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ལོངས་སྤྱོད་མངའ་ཐང་བསམ་གྱིས་མི་ཁྱབ་པ་ཡོད་པ། ཡུལ་དེའི་ཁོ་ར་ཁོར་ཡུག་ཏུ་ཤིང་ལྗོན་པ་སྣ་ཚོགས་ཀྱི་ཕྲེང་བ་འཁྲིགས་པ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ས་གཞི་ཁྱབ་པ། ར་བ་རིམ་པ་དུ་མ་དང་། འོབས་རིམ་པ་དུ་མས་བསྐོར་བ་ཞིག་སྟེ། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[10]། ཤར་ཕྱོགས་ཟ་ཧོར་ཡུལ་ཕྱོགས་ན། །ཞེས་སོགས་ལ་ནག་ཚོས་ཤར་ཕྱོགས་ཟེར་ཡང་ཤར་ཕྱོགས་མིན། དེས་ན་འབྲོམ་རིན་པོ་ཆེས། ཕུན་སུམ་ཚོགས་པ་བྷང་ག་ལ་ཡི་ཡུལ། །ཞེས་སོགས་གསུངས་པ་ལེགས། ཞེས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༣༨༢

[2] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢༣

[3] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།

[4] མཁྱེན་བརྩེའི་དབང་པོའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་རིང་། ཤོག་གྲངས་ ༥༣ན༤ ནས་ ༥༥ན༥ བར།

[5] Indian Pandits in Land of Snow (Sarat Chandra Das.) Page-52 Reprinted 1965

[6] ཨ་ཏི་ཤས་མཛད་པའི་ཆོས་ཚན་བཅུ་གཅིག །ཝཱར་ཎ་མཐོ་སློབ། འཕགས་བོད་པོད་ཕྲེང་། ༼༢༤༽ ༡༩༩༢ ལོ། ཤོག་ ༡༡

[7] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦༣

[8] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡ ནས ༣༤༡ བར།

[9] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[10] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༤ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧ ནས་ ༢༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *