བཅུ་གཅིག་པ། སློབ་དཔོན་ཕྱོགས་གླང༌གི་རྣམ་ཐར་ལས། ཀ༽ མཚན་གྱི་སྐོར།

བཅུ་གཅིག་པ། སློབ་དཔོན་ཕྱོགས་གླང༌ ༼དིགྣགཿ༽ གི་རྣམ་ཐར།

ཀ༽ སློབ་དཔོན་ཕྱོགས་གླང་གི་མཚན་གྱི་སྐོར།

 

དེ་ཡང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་ལས[1]།

ཚད་མའི་དེ་ཉིད་རབ་གསལ་ཉི་མའི་སྤྱན། །

སྤྱན་རས་གཟིགས་ལ་འཁུ་བའི་བརྩེ་བ་འཛིན། །

འཛིན་མའི་ཁྱོན་ན་སྨྲ་ངན་འཇོམས་པའི་ཕུལ། །

ཕུལ་བྱུང་རིགས་པའི་དབང་ཕྱུག་དི་ག་ནག །

ཅེས་གསུངས་པ་ལྟར་སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་དིགྣག༔ (दिङ्नाग) (Dignaga) དང་། རྒྱའི་སྐད་དུ་ (陳那) ཞེས་ཞུ་ཞིང་། ལེགས་སྦྱར་གྱི་དག་སྡེབ་ཐད་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[2]། དིགྣཱ་ག་དང་། དིགྣཱ་གཿབཅས་རྣམ་བཅད་ཡོད་མེད་རིགས་གཉིས་བྱུང་ལ། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་དུའང་གཅིག་མཚུངས་སུ་གསལ་བས། དིགྣཱགཿཅེས་པ་བོད་སྐད་དུ་བསྒྱུར་ན་ཕྱོགས་ཀྱི་གླང་པོའམ་ཚིག་བསྡུས་བྱེད་སྐབས་ཕྱོགས་གླང་ཞེས་ཞུ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས[3]། དང་པོ་ཡི་གེ་ན་ཞེས་པ། །ཞེས་པས་ནག་ཅེས་མཚན་གྱི་ཡིག་འབྲུ་གསལ་བར་ལུང་བསྟན་པ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། གནས་མ་བུའི་སྡེ་པའི་མཁན་པོ་སྡེ་པ་དེ་ཉིད་ཀྱི་གྲུབ་མཐའ་འཛིན་པ་ནཱ་ག་དཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་། ཞེས་གསུངས་པ་ལྟར་མཁན་པོ་ནཱ་ག་དཏྒ་སྟེ་གླང་པོ་བྱིན་ལས་རབ་ཏུ་བྱུང་བས། མཁན་པོའི་མཚན་ཟུར་གླང་པོ་ཞེས་པ་དྲངས་ཏེ་ཕྱོགས་ཀྱི་གླང་པོ་ཞེས་མཚན་གསོལ་བའོ།།

འོན་ཀྱང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[5]། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ་ཞིག་གནས་མ་བུའི་མཁན་བུའི་སྡེ་པའི་མཁན་པོ་སྡེ་པ་དེ་ཉིད་ཀྱི་གྲུབ་མཐའ་འཛིན་པ་ནཱ་ག་ད་ཏྟ་ (Nagadatta) སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས་ཞེས་གསལ་བ་ཡིད་ཆེས་བྱེད་རྒྱུ་ཙམ་ལས་དེ་ལས་གསལ་བའི་ལོ་རྒྱུས་ད་ལྟ་མ་རྙེད་ཅིང་། སློབ་དཔོན་དབྱིག་གཉེན་ཡང་སློབ་དཔོན་འདིའི་དངོས་ཀྱི་སློབ་དཔོན་མ་ཡིན་པས། གོང་གསལ་གླང་པོ་བྱིན་དངོས་ཀྱི་སློབ་དཔོན་ཡིན་མིན་དཔྱད་པར་བྱའོ། །ཞེས་ཀྱང་གསལ་ལོ།།

གཞན་ཡང་ཕྱོགས་གླང་ཞེས་པའི་མཚན་ཐོགས་ཚུལ་གཞན་ཞིག་ནི། སློབ་དཔོན་ཕྱོགས་གླང་བྱོན་པའི་སྐུ་དུས་སུ། གསུང་རབ་སྤྱི་དང་བྱེ་བྲག་གྲུབ་མཐའ་དང་རིག་གཞུང་རྣམས་གོ་རིམ་དང་རྒྱུན་བཟང་ཕྱོགས་མཚམས་ཀུན་ཏུ་དར་དང་དར་བཞིན་པའི་སྐབས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་རྫོགས་ཤིང་ལྔ་བརྒྱ་པའི་ནང་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་སླར་གསོ་བའི་ཚུལ་དུ་དར་འགོ་བརྩམས་པ་ནས་ཕྱི་ལོ་བརྒྱ་ཕྲག་དགུ་པ་ཙམ་གྱི་བར་དེ་རྒྱ་གར་འཕགས་ཡུལ་གྱི་རིག་གནས་སྤྱི་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་ཐེག་པ་ཆེན་པོའི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུའི་རང་མདངས་འཕྲོ་བཞིན་པའི་དུས་ཡིན་ལ། དུས་སྐབས་དེར་ས་ཆེན་འདི་ཉིད་མཛེས་པར་བྱེད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་མཁས་པ་དང་གྲུབ་པའི་སྐྱེ་བོ་མཐའ་ཡས་པ་ཞིག་བྱོན་ཏེ། རྫོགས་ལྡན་འབྲས་བུའི་དུས་བཟང་ས་འདིར་འཕོས་པ་ལྟ་བུའི་ཡ་མཚན་དུ་བྱས་སོ།།

དེ་ཡང་འབྲས་བུ་ལ་སོགས་པའི་དུས་གཉིས་པ་རྫོགས་ཏེ། གསུམ་པའི་ཕྱེད་མཐའ་ཙམ་ནས། ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་ཉི་ཟེར་གྱིས་རེག་པས་ཕྱི་ནང་གི་ཁམས་ཡོངས་སུ་སྨིན་པའི་སྟོབས་ལས་བློ་གྲོས་ཀྱི་པདྨོ་ཕྱོགས་བརྒྱར་རྡོལ་བའི་ངོ་མཚར་གྱི་རྐང་འཐུང་ཀུན་ནས་འཕྱུར་བས། བསྟན་པའི་ས་ཆེན་འདི་ཤིས་པར་བྱས་པ་ན། ཕྱོགས་ཀྱི་མཛེས་མ་རྣམས་ཀྱིས་ཡ་མཚན་གླུ་རུ་ཕྱོགས་ཀྱི་གླང་པོ་ཞེས་ཡང་ཡང་བསྒྲགས་པས། ཕྱོགས་ཀྱི་གླང་པོར་གྲགས་པ་སྟེ། དུས་དེར་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་པ་ཡིན་ནོ། །[6]ཞེས་གསལ་བ་ལྟར་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ལས་[7]ཀྱང་།

རྟོག་གེའི་རིང་ལུགས་སྔོན་མེད་རབ་གསལ་མཛད། །

ས་གསུམ་ཁྱོན་འདིར་རིག་པའི་འབྲུག་སྒྲ་བསྒྲགས། །

མུ་སྟེགས་རྒོལ་བའི་དཔུང་ཚོགས་བཟློག་པར་མཛད། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་མཚན་དོན་མཚུངས་པའི་བསྟོད་ཕྱག་མཛད་ལ། དེ་བཞིན་སློབ་དཔོན་ཕྱོགས་གླང་རང་ཉིད་ཀྱིས་མཛད་པའི་གསུང་རྩོམ་ཁག་ལ་མཚོན་ནའང་། བསྟོད་ཚོགས་དང་། རྒྱུད། ཤེར་ཕྱིན། མདོ་སྡེ། སེམས་ཙམ། མངོན་པ། ཚད་མ་བཅས་བསྟན་འགྱུར་ལས་སྡེ་ཚན་བདུན་གྱི་ཁོངས་སུ་གསུང་བཟང་ཆོས་ཚན་ ༡༩ བཞུགས་པ་རྣམས་ཀྱི་མཛད་བྱང་དང་། བསྟན་འགྱུར་དཀར་ཆག་དང་བཅས་པར་མཛད་པ་པོའི་མཚན་ལ་སློབ་དཔོན་ཆེན་པོ་ཕྱོགས་གླང་ངམ་ཕྱོགས་ཀྱི་གླང་པོ་ཞེས་གསལ་བ་གཅིག་གྱུར་ལས། སློབ་དཔོན་འདི་ཉིད་ཀྱི་གསུང་རྩོམ་གྱི་མཛད་བྱང་ཁག་ཏུ་ལེགས་སྦྱར་གྱི་མཚན་དིགྣག་ཅེས་བཀོད་པ་གཅིག་ཀྱང་མི་སྣང་བར་མ་ཟད། མཚན་གྱི་རྣམ་གྲངས་གཞན་ཡོད་ཚུལ་ཡང་རྣམ་ཐར་སོགས་སུ་མི་གསལ་ལོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཤེས་རབ་རྒྱ་མཚོའི་གསུང་འབུམ། ཐོར་བུ། ༼༡༽ དཔེ་རིང་། ཤོག་ ༦༡བ༤ ནས་ ༦༢བ༣ བར།

[2]  སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༩༢

[3]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༢༡

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༦༤

[5]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༢༦

[6]  རིགས་པ་ལ་འཇུག་པའི་འགྲེལ་པ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༨༢ ལོ། ཤོག་ ༢༧

[7]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༩༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༥ ནས་ ༢༡༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *