སྤྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༡༩ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གི་མི་རྗེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཤེས་རིག་བཀའ་བློན་སྐུ་སྐྱེས་མ་ལྕང་ར་ཐར་ལམ་སྒྲོལ་མ། བདེ་སྲུང་བཀའ་བློན་སྐུ་སྐྱེས་མ་རྒྱ་རི་སྒྲོལ་མ། ཕྱི་དྲིལ་བཀའ་བློན་སྐུ་སྐྱེས་མ་ནོར་འཛིན་སྒྲོལ་མ་བཅས་ལ་བརྙན་ལམ་མཇལ་ཁའི་ཐོག་བསྩལ་བའི་བཀའ་སློབ།
དེ་སྔ་བོད་ཀྱི་ནང་ཆོས་ལ་བླ་མའི་ཆོས་ལུགས་ (Lamaism) ཞེས་པའི་མིང་ཞིག་ཡོད་ཀྱང་། ག་ལེར་བླ་མའི་ཆོས་ལུགས་ཞེས་པའི་མིང་དེ་ཡལ་ནས།
དེང་སང་འཛམ་བུའི་གླིང་འདིའི་སྒང་ལ་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སངས་རྒྱས་ཀྱི་ཆོས་དང་། ལྟ་གྲུབ། ཚད་མ་རིག་པ་གཞན་དང་མི་འདྲ་བ་ཞིག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་འདི་དངོས་གནས་དྲང་གནས་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། བོད་པའི་གཅེས་ནོར་ལྟ་བུ་ཡང་ཡིན། ང་ཚོའི་སྐད་ཡིག་ནང་ལ་ཡོད་པའི་ཚད་མ་རིག་པ་དང་། ལྟ་གྲུབ། ལྟ་གྲུབ་དང་འབྲེལ་བའི་སེམས་ཁམས་རིག་པ་དེ་དག་འཛམ་བུའི་གླིང་འདིའི་སྒང་གི་ནང་པའི་ཡུལ་གྲུ་གཅིག་ལ་ཡང་མེད།
རྒྱ་མིས་བོད་ཀྱི་སྐད་ཡིག་ནག་བསུབ་གཏོང་རྒྱུའི་ཚབ་ལ་དེང་སང་རྒྱ་ནག་ནང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེང་སང་འཛམ་བུའི་གླིང་གི་ཕྱིའི་ཚན་རིག་པ་ཚོའི་ནང་ནས་ཀྱང་། བོད་ཀྱི་སེམས་ཁམས་རིག་པ་ལ་དམིགས་བསལ་གྱི་ངོས་འཛིན་དང་ཆ་འཇོག་ཡོད་པས། ཚན་རིག་པ་ཚོའི་དཀྱིལ་ན་ང་ཡང་ཚན་རིག་པ་ཞིག་ཆགས་ཡོད།(བཞད་མོ་བཞད།) ནང་པའི་དགེ་སློང་ཡིན་པ་སྨྲོས་མི་དགོས། དེར་བརྟེན་དེ་དག་ང་ཚོ་བོད་མི་རིགས་ཀྱི་གཞི་བརྗིད་རེད་ལ། ནང་པ་དེ་དག་ཚང་མ་བོད་ཀྱི་སྐད་ཡིག་ལ་བརྟེན་ཡོད། ཅེས་བཀའ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།