གཉིས། རྩོམ་པར་དམ་བཅའ་བ།

གཉིས། རྩོམ་པར་དམ་བཅའ་བ།

 

བསྟན་བཅོས་རྩོམ་པའི་སྒོ་ཡན་ལག་གཉིས་པ་ནི། རྩོམ་པར་དམ་བཅའ་བ་སྟེ། རྩོམ་པ་པོ་གང་གིས་ལས་གང་ཞིག་ཚུལ་ཇི་ལྟར་འཆད་པ་སོགས་ཁས་ལེན་པར་བྱེད་པ་ཡིན། གོང་ནས་བརྗོད་པ་ལྟར་ནང་པའི་བསྟན་བཅོས་མཐའ་དག་གི་ཁུངས་གཏུགས་ས་ནི་རྒྱལ་བའི་བཀའ་ཡིན་པ་ཇི་བཞིན་རྩོམ་པར་དམ་བཅའ་བའི་སྲོལ་འདི་ཡང་རྒྱབ་རྟེན་རྒྱལ་བའི་བཀའ་ལ་བཅོལ་ཏེ་ཕྱི་མོར་མཛད་ཅིང་དཔེར་བལྟས་ཡོད་པ་ཤིན་ཏུ་གསལ་ཏེ།

གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་མདོ་ལས[1]། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། གཟའ་མི་བཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང་ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱི་མཆོད་པ་དང་། མཆོད་ཡོན་དང་བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །ཞེས་གང་ཞིག་འཆད་པའི་ལུས་དེ་ཐོག་མ་ཉིད་ནས་གསུངས་པ་ཇི་བཞིན་རྗེས་འཇུག་པ་དག་གིས་ཀྱང་དེར་ཕྱི་མོ་མཛད་ནས་བསྟན་བཅོས་རྩོམ་པའི་ཐོག་མར་རྩོམ་པར་དམ་བཅའ་བའི་སྲོལ་བྱུང་ངོ་།།

རྩོམ་པར་དམ་བཅའ་བའི་དགོས་པ་ནི། འཇམ་དབྱངས་རྣམ་སྤྲུལ་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[2]།

དམ་བཅའ་བ་དང་བསྐུལ་ཚིག་སོགས། །འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། །

མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། །ཁས་ལེན་པ་ལ་འགལ་བ་མེད། །

བཤད་པར་དམ་བཅའ་བ་ལ་དགོས་དོན་དང་། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་བཤད་པར་བྱའོ་ཞེས་ཁས་བླངས་པས་གཞུང་འཆད་པ་ལ་སྤྲོ་བ་སྟོན་ལ། སྤྲོ་བའི་རྒྱུ་དོན་བཟང་པོ་ལ་འཇུག་སྟེ། རྒྱལ་པོ་རྒྱལ་སར་བྱིན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུ་ལ་ཁས་ལེན་གྱི། ཤོ་དང་མིག་མངས་ལ་སོགས་པ་བྱ་བ་ངན་པ་བྱེད་དུ་འཇུག་ཀྱང་ཚོགས་ཀྱི་དབུས་སུ་ཁས་མི་ལེན་ཏོ། །གཞན་ཡང་ཁས་བླངས་པས་དེའི་དོན་ལ་རང་ཉིད་མཁས་པར་གཞན་གྱིས་རྟོགས་པ་ཡིན་ཏེ། མི་མཁས་ན་ཚོགས་ཀྱི་དབུས་སུ་ཁས་ལེན་ག་ལ་ནུས། ཡང་དམ་བཅས་པས་དེ་འགྲུབ་པའི་རྒྱུར་འགྱུར་ཏེ། དེའི་རྒྱུ་མཚན་ཡང་སློབ་དཔོན་འཕགས་པས། ཡ་རབས་རྣམས་ནི་སྲོག་ནི་གཏོང་གི་དམ་བཅའ་མིན། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པ་ལྟར། རྩོམ་པར་དམ་བཅའ་བས་གཞུང་འཆད་པ་ལ་སྤྲོ་བ་སྟོན་པ་དང་། འཆད་བྱའི་གཞུང་དེ་ལ་རང་ཉིད་མཁས་པ་གཞན་གྱིས་རྟོག་པ་དང་། རྩོམ་པ་མཐར་ཕྱིན་པ་བཅས་ཀྱི་དགོས་པ་གསུམ་བསྟན་ཏོ།།

དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1721/22) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས[3]། རྣམ་པར་དབྱེ་བ་ཞེས་རྩོམ་པར་དམ་བཅའ་བ་ལ་དགོས་པ་ཡོད་དེ། རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར། ཞེས་དང་། རྒྱལ་ཚབ་ཆོས་རྗེའི་ (1364-1432) སྤྱོད་འཇུག་དར་ཊཱིཀ་ལས་[4]ཀྱང་། རྩོམ་པར་དམ་བཅའ་བའི་དགོས་པ་ནི། དམ་བཅའ་བ་མཐར་ཕྱིན་པའི་ཆེད་ཡིན་ནོ། །ཞེས་གཅིག་མཚུངས་སུ་གསུངས་པ་འདི་དག་ལ་བརྟགས་ཤིང་དཔྱད་ན། དམ་བཅའ་བའི་དགོས་པ་གཙོ་བོ་ནི། རྩོམ་པ་མཐར་ཕྱིན་པའི་ཆེད་དུ་ཡིན་པར་མངོན་ཏེ། རྩོམ་པ་པོ་ཞིག་ལ་མཚོན་ན་སྐབས་བབ་ཀྱི་ལས་དོན་གཙོ་བོ་ནི་བསྟན་བཅོས་རྩོམ་པ་ལེགས་འགྲུབ་བྱ་རྒྱུ་དེ་ཡིན་ལ། རྩོམ་པའི་གོ་རིམ་ཁྲོད་བར་ཆད་སྣ་ཚོགས་འབྱུང་སྲིད་དེ། འགལ་རྐྱེན་ཕྱི་བཤོལ་གྱི་ལེ་ལོ་དང་། གློ་བུར་བའི་དོན་རྐྱེན་བྱུང་ནས་བསྟན་བཅོས་འཕྲོ་ཅན་དུ་ལུས་ཉེན་ཆེ། དེ་བས་བསྟན་བཅོས་རྩོམ་པའི་ཐོག་མ་ནས་དེ་ཉིད་འགྲུབ་པར་དམ་བཅས་པ་ཡིན་ལ། དམ་བཅའ་ཚེ་མ་ཤི་བར་དུ་རྡོ་ལ་རི་མོ་བྲིས་པ་བཞིན་འགྱུར་བ་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ (C.150-250) མཛད་པའི་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་པོ་ལས[5]།

དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །

རྡོ་ལ་རི་མོ་བྲིས་པ་ལྟར་དུ་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །

ཞེས་གསུངས་ལ། གཞུང་རྩོམ་པ་ལ་སྤྲོ་བ་མ་སྐྱེས་ན་རྩོམ་པར་ཁས་ལེན་པར་མི་འགྱུར་བས་སྤྲོ་བ་སྐྱེས་པ་ནི་རྩོམ་པར་དམ་བཅའ་བའི་རྒྱུར་འགྱུར་ཞིང་། དེ་གཉིས་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན། བསྟན་བཅོས་རྩོམ་པར་དམ་བཅའ་བས། དེའི་དོན་ལ་རང་ཉིད་མཁས་པར་གཞན་གྱིས་རྟོགས་ནུས་ཏེ། དོན་དེ་ལ་རང་ཉིད་མི་མཁས་ན་ཁས་ལེན་ག་ལ་ནུས། རྩོམ་པར་ཁས་བླངས་པ་ནི་རང་ཉིད་ལ་དེ་རྩོམ་པའི་གདེང་ཚོད་དང་བློ་སྤོབས་ཡོད་པ་ཁས་བླངས་པ་ཡིན། ཡིན་ཡང་དོན་དེ་ལ་མཁས་མིན་ནི་དེས་བརྩམས་པའི་བསྟན་བཅོས་ལ་དཔྱད་པ་ལེགས་པར་བཏགས་རྗེས་གཞི་ནས་ཁ་ཚོན་གཅོད་འོས་ཀྱི་དམ་བཅས་པ་ཙམ་གྱིས་དེ་ལ་མཁས་པར་ཁ་ཚོན་གཅོད་ག་ལ་ནུས། དེ་བས་གཞུང་འཆད་པ་སྤྲོ་བ་སྟོན་པ་དང་། འཆད་བྱའི་གཞུང་དེ་ལ་རང་ཉིད་མཁས་པ་གཞན་གྱིས་རྟོགས་པ་གཉིས་ནི་རྩོམ་པར་དམ་བཅའ་བའི་དགོས་པ་ཕལ་པ་ཡིན་ནོ།།

བསྡུས་པའི་དོན་ནི་ལས་བྱེད་པ་པོ་བྱ་བ་གསུམ་སྟེ། གང་བཤད་ན་བསྟན་བཅོས། གང་གིས་འཆད་ན་རྩོམ་པ་པོས། ཇི་ལྟར་འཆད་ན་རྒྱས་པའམ་འབྲིང་ངམ་བསྡུས་པའི་སྐབས་སུ་ཉེ་བར་དགོས་པ་འདི་ལྟར་བཤད་ཅེས་ངག་གི་དོན་བསྡུས་ཏེ་བསྟན་ཏོ། །ཚིག་གི་དོན་ནི་རང་རང་གི་གཞུང་དུ་ཤེས་པར་བྱའོ། །ཡང་བསྟན་བཅོས་འགའ་ཞིག་ཏུ་ཁེངས་བསྐྱུང་བ་བཤད་པ་ཅི་ཡིན་ཞེ་ན།

ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །

བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པར་བསྟན་ཕྱིར་ཡིན། །

ཁོ་བོ་རང་བཞིན་གྱིས་བློ་རྟུལ་བ་དང་། རྐྱེན་སྦྱངས་པ་ཆུང་བས་རྩོམ་པའི་ནུས་པ་མེད་མོད། འོན་ཀྱང་རང་ངམ་རང་དང་འདྲ་བའམ། རང་ལས་དམན་པའི་དོན་དུ་འབད་པར་བྱའོ་ཞེས་བྱ་བའི་ཚིག་སྟེ། འདིས་བསྟན་བཅོས་དམ་པར་སྟོན་ཏེ། ནུས་པ་མེད་ཀྱང་འདི་ལྟར་འབད་ན་འདི་ལ་དོན་ཆེན་པོ་ཞིག་གོ་ཞེས་རྟོག་པ་དང་ལྡན་པས་དཔྱོད་པ་སྐྱེ་སྟེ། དཔེར་ན་ཚོང་པས་རྒྱ་མཚོ་ལས་རིན་པོ་ཆེ་ལོན་པ་བཞིན་ནོ།།

ཡང་རྩོམ་པ་པོ་རང་ཉིད་གང་ཟག་དམ་པར་རྟོགས་པའང་ཡིན་ཏེ། འདི་ལྟར་ཚིག་དོན་ལ་མཁས་བཞིན་དུའང་མི་ཤེས་སོ་ཞེས་ཁེངས་པ་མེད་པ་ལ་དཔྱད་ན་རྩོམ་པ་པོ་གང་ཟག་དམ་པར་རྟོགས་པ་ཡིན་ནོ། །འདི་ལའང་བསྡུས་པ་དང་། ཚིག་གི་དོན་ཡང་ཇི་ལྟར་འཚམ་པར་བཤད་པར་བྱའོ།།

ཡང་འགའ་ཞིག་ལུས་རྣམ་པར་གཞག་པ་ཐོག་མར་འགོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[6]།

བཤད་སླ་བ་དང་གཟུང་བདེ་ཞིང་། །བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། །

མཁས་པ་ལ་ལ་བསྟན་བཅོས་ལུས། །བསྡུས་ཏེ་ཐོག་མར་འགོད་པར་མཛད། །

ལུས་རྣམ་གཞག་ཐོག་མར་བཀོད་པ་ལ་དགོས་པ་གསུམ་སྟེ། འཆད་པ་པོས་འཆད་སླ། ཉན་པ་པོས་གཟུང་བདེ། བསྟན་བཅོས་ལ་ངེས་པ་སྐྱེ་བའོ། །དང་པོ་ནི། ལུས་རྣམ་གཞག་ཤེས་པས་བརྗོད་བྱ་ངོས་ཟིན། གོ་རིམ་མི་འཁྲུགས། མགོ་སྨོས་པས་དོན་བདེ་བླག་ཏུ་བྱ་བའི་དགོས་པ་སྟེ་གསུམ་མོ། །གཉིས་པ་ཉན་པ་པོས་གཟུང་བདེ་བ་ལ་གསུམ་སྟེ། ཐོས་པའི་སྐབས་སུ་བརྗོད་བྱ་བདེ་བླག་ཏུ་ངོས་ཟིན། བསམ་པའི་སྐབས་སུ་གོ་རིམ་མི་འཁྲུགས་པར་རྟོགས་སླ། སྒོམ་པའི་སྐབས་སུ་བསྡུས་ནས་ཉམས་སུ་ལེན་པས་སྒོམ་བྱུང་གི་ཤེས་རབ་མྱུར་དུ་སྐྱེ་བའི་དགོས་པའོ། །གསུམ་པ་བསྟན་བཅོས་ལ་ངེས་པ་སྐྱེ་བ་ནི། ལུས་དང་ཡན་ལག་རྗེས་སུ་འབྲེལ་བས་ལྷག་པ་དང་ཆད་པ་དང་འཁྲུགས་པའི་སྐྱོན་ལས་གྲོལ་བས་བསྟན་བཅོས་ཡང་དག་པའོ་ཞེས་ངེས་ཤེས་སྐྱེ་བའོ། །འདི་དག་ནི་བསྡུས་པའི་དོན་དང་། ཚིག་གི་དོན་ནི། བསྟན་བཅོས་ཀྱི་སྐབས་ཉིད་དུ་ཇི་ལྟར་རིགས་པར་བཤད་པར་བྱའོ། །ཞེས་གསུངས་པ་ལྟར། རྩོམ་པར་དམ་བཅའ་བས་བརྗོད་བྱ་ངོས་བཟུང་ནས་གང་རྩོམ་པ་དེ་ཐོག་མ་ནས་མདོར་བསྡུས་སུ་བཀོད་ན། འཆད་པ་པོ་རྣམས་ཀྱིས་ཚོགས་ཀྱི་དབུས་སུ་གོ་རིམ་མ་འཁྲུག་པར་འཆད་སླ་བ་དང་། ཉན་པ་པོ་རྣམས་ཀྱིས་བརྗོད་བྱ་བདེ་བླག་ཏུ་ངོས་ཟིན་ནས་གཟུང་བདེ་བ་དང་། བསྟན་བཅོས་རང་ཡང་ཐོག་མའི་མདོར་བསྟན་དང་མཐུན་པར་ཡན་ལག་གི་སྐབས་སུ་རྒྱས་པར་སྤྲོས་ཆོག་པས། ཉན་བཤད་བྱེད་པ་ཀུན་ལ་གཞུང་ལུགས་ཡང་དག་ཡིན་པར་ངེས་ཤེས་སྐྱེས་པའོ།།

ལྷག་པར་རྩོམ་པར་དམ་བཅའ་བས། བསྟན་བཅོས་རྩོམ་པ་པོ་མངོན་པའི་ང་རྒྱལ་མེད་པར་མཚོན་ནུས་པ་དང་། དེ་ལྟར་མི་ནུས་བཞིན་དུ་འབད་པ་ནི་དོན་ཆེན་པོ་དང་ལྡན་པ་ཞིག་གོ་སྙམ་ནས་བསྟན་བཅོས་ཁྱད་པར་ཅན་དུ་སྟོན་པ་སྟེ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལམ་གཙོ་རྣམ་གསུམ་ལས[7]།

རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །

རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །

སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །

ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །

ཞེས་ཁེངས་སྐྱུང་དང་བཅས་དམ་བཅས་པ་ལྟ་བུས་མཚོན་ནོ། །རྩོམ་པར་དམ་བཅའ་བའི་ཡན་ལག་འདི་ནི། བསྟན་བཅོས་མང་པོ་ཞིག་ཏུ་བཀོད་ཡོད་པ་དང་། དེ་ཡང་ཚུལ་ཇི་ལྟར་དམ་བཅའ་བ་ལ་སྐབས་བབ་ཀྱི་དམིགས་བྱ་དང་དགོས་དབང་ལྟར་རང་མོས་སུ་བཀོད་ཆོག་སྟེ། གང་རྩོམ་པ་དེའི་བརྗོད་བྱའམ་བཤད་པར་བྱ་བའི་ཆོས་ངོས་བཟུང་བའི་སྒོ་ནས་དམ་བཅའ་བ་དང་། བསྟན་བཅོས་གང་ཉིད་རྩོམ་པའི་རྒྱུ་རྐྱེན་དང་། ཡང་ན་རྒྱུ་གང་ལ་བརྟེན་ནས་རྩོམ་པའི་འདུན་པ་སྐྱེས་པ་སྨྲས་པའི་སྒོ་ནས་དམ་བཅའ་བ་སྟེ། དཔལ་ལྡན་ཆོས་གྲགས་ (C.600-660) ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས[8]། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་དང་། ལྷག་པར་རྒྱལ་སྲས་ཞི་བ་ལྷས་ (650-700) མཛད་པའི་སྤྱོད་འཇུག་ལས[9]།

སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །

སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །

དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །

རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །

ཞེས་གསུངས་པས་མཚོན་ལ། གཞན་ཡང་གང་གི་རྗེས་སུ་འབྲངས་ནས་རྩོམ་རྒྱུ་ཡིན་པ་དང་། དེའི་དགག་ཡུལ་ཅི་ཞིག་ཡིན་པ། གཞུང་གི་ཁ་གསལ་མིན་དང་རྒྱས་བསྡུས་ཇི་ལྟ་བུའི་སྒོ་ནས་རྩོམ་པ་སོགས་བསྟན་པའི་སྒོ་ནས་དམ་བཅའ་བ། ཡང་སྐབས་ལ་ལར་སྤེལ་མའི་སྒོ་ནས་དམ་བཅའ་བ་སོགས་མདོར་ན་རྩོམ་པར་དམ་བཅའ་བའི་བསྡུས་དོན་ལས་བྱ་བ་བྱེད་པ་པོ་སོགས་ཅི་རིགས་པར་སྤེལ་མའི་སྒོ་ནས་རྩོམ་པར་དམ་བཅས་ཡོད།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་འགྱུར་དཔེ་བསྡུར་མ། གཟུངས་བསྡུས། ༼ཝཾ༽ དེབ་ཨང་ ༩༨ པ། ༢༠༠༩ ལོ། ཤོག་གྲངས་ ༤༩༧

[2] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༧

[3] འཇམ་དབྱངས་བཞད་པའི་རྡོ་རྗེའི་སུང་འབུམ། པོད། ༼ཇ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༧བ༥

[4] རྒྱལ་ཚབ་རྗེའི་གསུང་འབུམ། ༼ང༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤

[5] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༢༠༠༤ ལོ། ཤོག་གྲངས་ ༡༣༠༦

[6] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༨

[7] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༨༦

[8] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༢ ལོ། ཤོག་གྲངས་ ༤༦༩

[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༥༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧ ནས་ ༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *