སྐྱེ་དགུའི་བདག་མོ་ཆེན་མོའི་རྣམ་ཐར་སྙིང་བསྡུས།

སྐྱེ་དགུའི་བདག་མོ་ཆེན་མོའི་རྣམ་ཐར་སྙིང་བསྡུས།

 

དེ་རིང་ངོ་སྤྲོད་ཞུ་རྒྱུའི་ལས་གཞི་འདི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་བ་ ༡ ཚེས་ ༦ ཉིན་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དམིགས་བསལ་གལ་ཆེའི་ལམ་སྟོན་བཀའ་སློབ་འདི་འདྲ་ཞིག་ཕེབས་ཡོད། བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་བཟུང་སྟེ་སྐྱེ་དགུའི་བདག་མོ་སོགས་ལོ་རྒྱུས་ཁུངས་ལྡན་ཡོད་པ་དེ་དག་གི་སྐུ་ཐང་ཞིག་འབྲི་ཐུབ་ན་ཡག་པོ་མེད་དམ་སྙམ་པ་ཞིག་བྱུང་། དེ་ནི་ང་ཚོས་སྐད་ཆ་གསར་པ་བཤད་ནས་བཟོས་པ་ལྟ་བུ་ཞིག་མིན་པར་བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་དགེ་སློང་མ་ཡོད་པ་དེ་དག་དང་།

དེ་མིན་བུད་མེད་ཀྱི་རྟེན་ཅན་གྱི་ཐོག་ནས་ལོ་ངོ་ ༢༥༠༠ ལྷག་གི་རིང་ལ་སྟོན་པའི་བསྟན་པ་ལ་བྱ་བ་མཛད་མཁན་གྱི་སྐྱེས་བུ་དམ་པ་གང་དག་བྱུང་བ་དེ་དག་ལ་ཐོག་མར་ཉམས་ཞིབ་བྱས་ཏེ་སྐུ་ཐང་ཞིག་བྲིས་ན་སྙམ། རྗེས་སུ་བཙུན་མའི་དགོན་པ་ཚང་མར་སྐུ་ཐང་དེ་འདྲ་ཞིག་ཡོད་པ་བྱུང་ན་ཡག་པོ་མི་འདུག་གམ།

བཀའ་སློབ་དེ་འདྲ་ཞིག་ཕེབས་པ་ལ་བརྟེན་ནས་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༤ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གྲུབ་སྐྱེས་མའི་སྐུ་ཐང་ལྗགས་བཀོད་དང་། དེ་བཞིན་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་པ་ལྗགས་རྩོམ་བཀའ་དྲིན་བསྐྱངས་གནང་ཡོད། དེའི་ཁྲོད་ནས་དེ་རིང་།

འབད་པ་དུ་མས་སྐྱེས་མའི་ལུས་རྟེན་གྱིས། །བསྟན་པ་འདི་ལ་རབ་བྱུང་ཐོག་མར་མཛད། །

སྦྱང་ཡོན་མཆོག་གྱུར་དགྲ་བཅོམ་གོ་འཕང་བརྙེས། །སྐྱེ་དགུའི་བདག་མོ་ཆེན་མོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཕགས་བོད་གྲུབ་ཆེན་སྐྱེས་མར་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་གྲུབ་སྐྱེས་མ་བཅུ་དང་། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གྲགས་ཅན་ཞལ་གྲངས་བཅུ་གཅིག་བཅས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ཞལ་གྲངས་དང་མཐུན་པའི་སྐྱེས་ཆེན་མ་ཉི་ཤུ་རྩ་གཅིག་ཡོད་པའི་ཁྲོད་ནས་ཐོག་མར་བདག་ཅག་གི་སྟོན་པའི་སྐུ་དུས་ནས་ནང་པ་སངས་རྒྱས་པའི་རབ་བྱུང་མའི་ཐོག་མ་དང་། དགྲ་བཅོམ་མའི་ཐོག་མར་གྱུར་པ་སྐྱེ་རྒུའི་བདག་མོའི་རྣམ་ཐར་ངོ་སྤྲོད་ཞུ་རྒྱུ་ཡིན།

དེས་ན་སྐྱེ་དགུའི་བདག་མོའི་ལེགས་སྦྱར་གྱི་མཚན་ལ། མཧཱ་པྲཉྫ་པ་ཏི་གཽ་ཏ་མི། (Mahaprajapati gautami) དང་བོད་སྐད་ཀྱི་མཚན་ལ། སྐྱེ་དགུའི་བདག་མོ་དང་། སྐྱེ་དགུའི་བདག་མོ་ཆེན་མོ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཞེས་མཚན་རྒྱས་བསྡུས་མི་འདྲ་གསུམ་ཙམ་ཡོད། དེ་དག་ལས་གཽ་ཏ་མི་ཞེས་པ་ནི། རིགས་མཆོག་ཏུ་གྱུར་པའི་དོན་ཡིན་ཞིང་། སྐྱེ་དགུའི་བདག་མོ་དང་། སྟོན་པ་བཅོམ་ལྡན་གྱི་ཡུམ་སྒྱུ་འཕྲུལ་མ་གཉིས་པོ་ཀོ་ས་ལའི་རྒྱལ་པོའི་རྒྱལ་བརྒྱུད་ཀྱི་རིགས་དང་། རིགས་དེ་ཉིད་གཽ་ཏ་མི་ཡིན་པས་སྟོན་པ་བཅོམ་ལྡན་གྱི་མཚན་ལ་གཽ་ཏ་མི་གཞོན་ནུ་དོན་གྲུབ་དང་། སྟོན་པའི་ཡབ་ཀྱི་རིགས་རྒྱལ་རིགས་དང་། རུས་ཤཱཀྱའི་རུས་ཡིན་སྟབས་ཤཱཀྱའི་སྲས་དང་ཟས་གཙང་གི་སྲས་སོགས་མཚན་གྱི་རྣམ་གྲངས་འདི་ལྟར་རིམ་པར་བྱུང་ཡོད།

དེར་བརྟེན་སྟོན་པ་བཅོམ་ལྡན་འདས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བུད་མེད་རྣམ་པ་གསུམ་ཞེས་ཡོངས་གྲགས་ལོ་རྒྱུས་ཐོག་གསུང་སྲོལ་ཡོད་པའི་ནང་ནས་བཀའ་དྲིན་ཆེ་བ་གཅིག་ནི་སྐྱེ་རྒུའི་བདག་མོ་ཆེན་མོ་ཡིན་ལ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་ཕྱི་ལོའི་སྔོན་གྱི་ ༦༠༠ ལོར་ཀོ་ས་ལའི་རྒྱལ་པོའི་སྲས་མོར་སྐུ་འཁྲུངས། ཀོ་ས་ལའི་རྒྱལ་པོར་རྒྱལ་པོ་གསལ་རྒྱལ་དང་། རྒྱལ་པོ་ལེགས་པ་རབ་གསལ་གཉིས་སོ་སོའི་སྲས་མོ་ཡིན་པར་གསུང་སྲོལ་ཡོད། ཡང་དཔྱད་གཞིའི་ཡིག་ཆ་ཁ་གསལ་བ་གཅིག་ཏུ། ཀོ་ལི་ཡའི་རྒྱལ་པོ་ལཀྵ་ཎཱ་སྟེ་མཚན་བཟང་པོ་དང་། ཡུམ་ཨཉྫ་ན་སྟེ་མིག་སྨན་མའི་སྲས་མོར་འཁྲུངས་པ་ཡིན་ཞེས་གསལ་ཡོད། དེས་ན་སྤྱིར་སྟོན་པ་བཅོམ་ལྡན་འདས་ཀྱི་ཡུམ་སྒྱུ་འཕྲུལ་མ་དང་སྐྱེ་དགུའི་བདག་མོ་གཉིས་ནི། ཀོ་ས་ལའི་རྒྱལ་པོའི་སྲས་མོ་ཡིན་ལ། ཁོང་གཉིས་གཅེན་གཅུང་ཡིན། དེ་ཡང་ཀོ་ལི་ཡ་དང་། ཀོ་ས་ལི། གཉན་ཡོད་བཅས་ནི་མིང་གི་རྣམ་གྲངས་ཡིན། ཀོ་ལི་ཡའི་རྒྱལ་ཕྲན་ནི་སེར་སྐྱའི་ཉེ་འདབས་སུ་ཆགས་ཡོད། དེས་ན་སྟོན་པ་བཅོམ་ལྡན་འདས་ནི་སྐྱེ་དགུའི་བདག་མོའི་ཚ་བོ་དང་། སྐྱེ་དགུའི་བདག་མོ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་སྲུ་མོ་ཡིན།

སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་ནས་ཉིན་བདུན་པར་ཡུམ་སྒྱུ་འཕྲུལ་ཆེན་མོ་དགོངས་པ་རྫོགས་ཏེ་ལྷ་ཡུལ་ལ་སྐྱེ་བ་བཞེས། མྱ་ངན་ལས་འདའ་ཁར་ཐུགས་ཉེ་ཤོས་གཅུང་མོ་སྐྱེ་རྒུའི་བདག་མོར་གཞོན་ནུ་དོན་གྲུབ་རང་གི་བུ་ལྟར་གསོ་སྐྱོང་གནང་དགོས་པ་དང་། གཞོན་ནུ་དོན་གྲུབ་ཀྱི་ཐུགས་ཀྱི་བསམ་དོན་གང་ཡོད་སྒྲུབ་ཐུབ་པའི་ཞལ་བཞེས་གནང་དགོས་པའི་ཞལ་འཆེམས་འཇོག་གནང་མཛད་པ་ལྟར་སྐྱེ་དགུའི་བདག་མོས་ཁས་ལེན་ཞུས། ཉིན་དེར་སྐྱེ་རྒུའི་བདག་མོར་ཡང་རིགས་སྲས་དགའ་བོ་སྐུ་འཁྲུངས་པ་བཙུན་མོ་བྷ་ཁ་རི་ཏ་ལ་གཏད་དེ། གཞོན་ནུ་དོན་གྲུབ་རང་གི་ཤ་ནས་མཆེད་པའི་བུ་ཕྲུག་ཇི་བཞིན་གསོ་སྐྱོང་གནང་སྟེ་བྱིས་པའི་རོལ་རྩེད་དང་། བཙུན་མོའི་འཁོར་གྱིས་རོལ་བ་སོགས་སྟོན་པའི་མཛད་རྣམ་ཁག་ཏུ་གསལ་བ་ལྟར་སྟོན་པ་དགུང་ལོ་ཉེར་དགུའི་བར་དུ་རྒྱལ་པོའི་ཚུལ་བཞེས་ཤིང་། དགུང་ལོ་ཉེར་དགུའི་ཐོག་ཏུ་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་ལོ་དྲུག་དཀའ་སྤྱད་མཛད། དགུང་ལོ་སོ་ལྔར་སངས་རྒྱས་ཀྱི་གོ་འཕང་བརྙེད། སངས་རྒྱས་ནས་ཞག་ཞེ་དགུའི་རྗེས་སུ་འཁོར་ལྔ་སྡེ་བཟང་པོ་དང་མཇལ་ནས་གནས་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར། འཁོར་ལྔ་སྡེ་བཟང་པོའི་ཁྲོད་ནས་ཀུན་ཤེས་ཀཽཎྜི་ནྱ་ནང་པའི་རབ་བྱུང་གི་ཐོག་མ་ཡིན། དེ་ལྟར་རབ་བྱུང་ཕ་ཡི་སྡེ་བསྐྱངས་ནས་ལོ་ལྔ་པ་སྟེ་སྟོན་པ་དགུང་ལོ་བཞི་བཅུར་ཕེབས་སྐབས་ཡབ་ཟས་གཙང་སྙུང་གཞི་བཞེས་པའི་གནས་ཚུལ་གསན་ཏེ། སྟོན་པ་བཅོམ་ལྡན་ཡངས་པ་ཅན་ནས་སེར་སྐྱའི་གཞིར་ཡབ་རྒྱལ་པོ་ཟས་གཙང་མ་མཇལ་ཕྱིར་ཕེབས་ཏེ་ཡབ་ཆེན་ལ་གསུང་ཆོས་ཀྱི་གདམས་པ་སྟེ་ཡབ་སྲས་མཇལ་བའི་མདོ་གསུངས་པས། ཡབ་རྒྱལ་པོ་ཟས་གཙང་མས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་། ཉིན་བདུན་གྱི་རྗེས་ཡབ་དགོངས་པ་རྫོགས། དུས་ཡུན་གང་འཚམ་རིང་སྟོན་པ་སེར་སྐྱའི་གྲོང་གི་ཤིང་ནྱ་གྲོ་ཏའི་ཀུན་དགའ་ར་བར་བཞུགས། ཉིན་ཞིག་སྐྱེ་དགུའི་བདག་མོ་དང་འཁོར་བུད་མེད་ལྔ་བརྒྱ་བཅས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་བཅར་ནས་སྟོན་པས་ཆོས་ཀྱི་བདུད་རྩི་གནང་། མཐར་སྐྱེ་དགུའི་བདག་མོས་ཕྱག་འཚལ་ཞིང་ཕྱག་ཐལ་མོ་སྦྱར་ནས་བུད་མེད་རྣམས་ལ་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པའི་སྐལ་བ་ཡོད་ཚེ་དགེ་ཚུལ་སློང་གི་སྡོམ་པ་གནང་བར་འཚལ་ཞེས་གསོལ་བ་བཏབ། གསོལ་བ་འདེབས་སྐབས་སྟོན་པ་དགུང་ལོ་བཞི་བཅུར་ཕེབས་པར་ཡོད་པར་གསུང་སྲོལ་ཡོད་ལ། ཡང་རབ་བྱུང་མ་སྒྲུབ་པའི་སྐབས་ཀུན་དགའ་བོས་ཞུ་བ་ཕུལ་བ་ལ་སོགས་ལ་གཞིགས་ཚེ་སྟོན་པ་དགུང་ལོ་ ༥༤ ནས་ ༦༠ ཙམ་ཕེབས་དགོས་པའི་གནས་སྟངས་ཀྱང་ཆགས་ཡོད་པས་ཞིབ་འཇུག་བྱེད་དགོས་པའི་གནས་ཤིག་ཡིན།

མདོར་ན་སྐྱེ་དགུའི་བདག་མོ་ཆེན་མོས་སྟོན་པ་བཅོམ་ལྡན་འདས་ལ་རབ་བྱུང་མའི་སྡོམ་པ་སྩལ་རོགས་གནང་ཞེས་གསོལ་འདེབས་ལན་གསུམ་ཕུལ་ཡང་། བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་ཁྱོད་འདི་ལྟར་ཁྱིམ་མི་མོའི་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པ་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །ཞེས་གསུངས་ཞེས་གསུངས་ནས་རབ་ཏུ་བྱུང་བར་ཞལ་བཞེས་མ་གནང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གཞིར་དུས་ཡུན་རིང་ཙམ་བཞུགས་ཏེ་ཕྱིར་ཡངས་པ་ཅན་དུ་ཕེབས། ཡངས་པ་ཅན་གྱི་ཡུལ་ན་དི་ཀ་གུ་ཇིའི་གནས་སུ་བཞུགས་པ་ཐོས་པས། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་དང་། འཁོར་ཤཱཀྱའི་རྒྱལ་ཁམས་ནས་བུད་མེད་ ༢༥༠ དང་། ཀོ་ལི་ཡའི་རྒྱལ་ཁམས་ནས་བུད་མེད་ ༢༥༠ བཅས་བུད་མེད་ ༥༠༠ ཚོགས་ཀྱིས་རང་གི་སྐྲ་རང་གིས་སྐྲ་བཅད་ཅིང་ངུར་སྨྲིག་གི་ན་བཟའ་གསོལ་ཏེ་ཀོ་ས་ལིའི་ཡུལ་ནས་རྒྱང་ཐག་སྤྱི་ལེ་ ༡༥༠ ཙམ་ཡོད་པའི་ཡངས་པ་ཅན་དུ་སངས་རྒྱས་ཀྱི་རྗེས་སུ་ཞབས་ལྷམ་ཡང་མེད་པ་རྐང་ཐང་དུ་སྟོན་པའི་རྗེས་འཇུག་ལྟར་ཕེབས། ཡངས་པ་ཅན་དུ་སྔར་བཞིན་བུད་མེད་རྣམས་ལ་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པའི་སྐལ་བ་ཡོད་ཚེ་རབ་ཏུ་བྱུང་བར་ལན་གསུམ་ཞུ་བ་ཡང་ཕུལ་ཡང་། ད་ལྟའི་སྐྲ་བཅད་ལུས་བསྒྱུར་འདི་གའི་ཐོག་ནས་མི་ཚེ་བསྐྱལ་ན་ཁྱེད་རྣམས་ལ་རྒྱུན་རིང་པོའི་བར་དུ་ཕན་པ་དང་བདེ་བ་ཐོབ་པར་འགྱུར་རོ་ཞེས་དགེ་ཚུལ་སློང་གི་སྡོམ་པ་སྩལ་རྒྱུའི་ཞལ་བཞེས་མ་གནང་བས་ཐུགས་ཤིན་ཏུ་སྐྱོ་སྟེ་སྟོན་པ་བཞུགས་ཡུལ་གྱི་ཕྱི་ལ་ཕེབས་ནས་བཤུམས་ཤིང་བཞུགས་པ་ཀུན་དགའ་བོས་མཇལ་བར། ཀུན་དགའ་བོས་གང་གི་དོན་དུ་བཤུམས་མིན་བཀའ་དྲི་གནང་བར། སྐྱེ་དགུའི་བདག་མོས་བུད་མེད་ལྔ་བརྒྱ་རྣམས་རབ་ཏུ་བྱུང་བར་སྟོན་པ་ཞལ་བཞེས་མ་གནང་ཚུལ་ཞུས་པར། ཉན་ཐོས་ཀུན་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ལ་སླར་ཡང་རྒྱུད་ཞུ་གསོལ་འདེབས་ཞུས་ཆོག་ཅེས་ཀུན་དགའ་བོས་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་གནང་།

ཉན་ཐོས་ཀུན་དགའ་བོས་སྟོན་པའི་དྲུང་དུ་བཅར་ནས་བཀའ་འདྲི་ཞུ་རྒྱུ་ཡོད་ཅེས་ཞུས་པས། སྟོན་པས་བཀའ་འདྲི་གང་ཞིག་ཞུ་རྒྱུ་ཡོད་ཀྱང་ཞུས་ཤིག་ཅེས་བཀའ་སྩལ་པ་ལྟར། ཀུན་དགའ་བོས་བུད་མེད་རྣམས་ལ་རབ་ཏུ་བྱུང་བའི་སྡོམ་པ་གནང་རོགས་གནང་། སྟོན་པས་སེམས་ཅན་ཐམས་ཅད་ནང་བསྟན་ལ་འཇུག་པའི་དགོངས་པ་བཞེས་གནང་བ་དང་། ལྷག་པར་འདས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྐུ་དུས་ལ་ཆ་བཞག་ནའང་འཁོར་རྣམ་བཞི་ཡོད་ལ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་དུས་ལའང་འཁོར་རྣམ་པ་བཞི་ཡོད་ན་ཡག་པོ་མི་འདུག་གམ། ཞེས་གསུངས། འཁོར་རྣམ་པ་བཞི་ནི། ཁྱིམ་པའི་རྟེན་ཅན་གཉིས་དང་། རབ་བྱུང་གི་རྟེན་ཅན་གཉིས་སུ་བརྩི་སྟངས་གཅིག་དང་། ཡང་ན་དགེ་སློང་ཕ་མ་གཉིས་དང་། དགེ་བསྙེན་ཕ་མ་གཉིས་བཅས་འཁོར་རྣམ་བཞི་ཡོད་ན་ལེགས་ཚུལ་གྱི་རྒྱུ་མཚན་མང་པོ་ཞིག་ཐབས་མཁས་ཀྱི་ཐོག་ནས་ཞུས་པར། དེ་ལྟར་ན་སྟོན་པས་བུད་མེད་རྣམས་ཀྱིས་ལྕི་བའི་ཆོས་བརྒྱད་ཁས་ལེན་ཐུབ་ན་རབ་ཏུ་བྱུང་ན་འགྲིག་ཅེས་ཞལ་བཞེས་གནང་བས། སྐྱེ་དགུའི་བདག་མོ་སོགས་རང་བཞིན་གྱིས་རབ་ཏུ་བྱུང་བར་གྱུར་པ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་དུས་སུ་དགེ་སློང་གི་སྡོམ་པ་འབོག་ཆོགས་ལ་རིགས་བཅུ་ཡོད་པ་སྟེ། ཤཱ་རིའི་བུ་སོགས་ལ་ཚུར་ཤོག་གི་ཐོག་ནས་རབ་ཏུ་བྱུང་བ་དང་། དགེ་སློང་མ་ཆོས་སྦྱིན་མ་སོགས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ། སྐྱེ་དགུའི་བདག་མོ་སོགས་སྡོམ་ཁྲིམས་ཀྱི་བསྲུང་བྱ་ལྕི་བའི་ཆོས་བརྒྱད་ཇི་སྲིད་ནམ་འཚོའི་བར་ཁས་བླངས་ན་དགེ་སློང་མའི་སྡོམ་པ་ཐོབ་པར་ཞལ་བཞེས་གནང་བ་ལྟར་རབ་བྱུང་མའི་སྡེ་ཐོག་མར་བྱུང་། དེས་ན་ཀུན་དགའ་བོ་ནི་བུད་མེད་སྤྱི་དང་། ལྷག་པར་བཙུན་མ་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་ཆགས་ཡོད། དེ་ལྟར་སྟོན་པས་དགེ་ཚུལ་སློང་གི་སྡོམ་པ་གནང་ནས་སྐྱེ་དགུའི་བདག་མོ་དང་། འཁོར་བུད་མེད་ལྔ་བརྒྱ་པོ་རྣམས་སེར་སྐྱའི་གྲོང་སོགས་སུ་ཕྱིར་ལོག་གནང་སྟེ་ལྕི་བའི་ཆོས་བརྒྱད་དང། ཐུགས་དམ་ཉམས་བཞེས། སྒོམ་སྒྲུབ་གནང་ནས་བཞུགས་རྗེས། བཅོམ་ལྡན་འདས་སླར་ཡང་སེར་སྐྱའི་གྲོང་དུ་ཕེབས་སྐབས་སྐྱེ་དགུའི་བདག་མོ་དགུང་ལོ་ ༡༢༠ ཐམ་པར་ཕེབས་པ་སྟོན་པ་མཇལ་ཏེ་ཕྱག་འཚལ་ནས་སྐྱེ་དགུ་བདག་མོ་བསམ་བཞིན་དུ་དགོངས་པ་མྱ་ངན་ལས་འདས་ཆོག་པ་ཞུ་ཞེས་གསོལ་བ་བཏབ་པ་ལྟར་བུད་མེད་ལྔ་བརྒྱ་པོ་རྣམས་ཀྱིས་ང་ཚོ་ཡང་བསམ་བཞིན་དུ་མྱ་ངན་ལས་འདས་ཆོག་པ་ཞལ་བཞེས་གནང་རོགས་གནང་ཞུས་པ་བཞིན་སྟོན་པས་ཀྱང་དེ་ལྟར་ཞལ་བཞེས་གནང་། དེ་རྗེས་དགེ་སློང་མ་ལྔ་བརྒྱ་པོ་རྣམས་ནས་རང་རང་གི་སྒོམ་སྒྲུབ་ཉམས་ལེན་དང་། མདོར་ན་ཏིང་ངེ་འཛིན་ལ་སྙོམས་པ་བཞུགས་ནས་བསམ་གཏན་དང་པོ་ལ་བརྟེན་ནས་དགྲ་བཅོམ་མའི་གོ་འཕང་ཐོབ། མཐར་སྐྱེ་དགུའི་བདག་མོ་དགུང་ལོ་ ༡༢༠ ལ་ཕེབས་པ་ཕྱི་ལོའི་སྔོན་གྱི་ལོ་ ༤༨༠ ལོར་སྐྱེ་དགུའི་བདག་མོ་ཆེན་མོ་དང་འཁོར་བུད་མེད་དགྲ་བཅོམ་མ་ལྔ་བརྒྱ་རྣམས་དགོངས་པ་མྱ་ངན་ལས་འདས་སོ།།

དེ་ལྟའི་གནས་ཚུལ་རྣམས་སྟོན་པས་གསན་རྗེས་སྟོན་པ་བཅོམ་ལྡན་འདས་སེར་སྐྱའི་གྲོང་ལ་ཕེབས་ཤིང་། འཁོར་ལྔ་སྡེ་བཟང་པོ་དང་། ཀུན་དགའ་བོ། ཤཱ་རིའི་བུ་དང་། མོངྒལ་གྱི་བུ། སྲས་སྒྲ་གཅན་འཛིན། སྐྱེ་དགུའི་བདག་མོའི་སྲས་དགའ་བོ་ལ་སོགས་པ་ཆབས་ཅིག་ཕེབས་ནས་སྐྱེ་དགུའི་བདག་མོའི་སྐུ་ཕུང་ཀུན་དགའ་བོ་དང་། རིགས་སྲས་དགའ་བོ། སྲས་སྒྲ་གཅན་འཛིན་ལ་སོགས་པ་དང་། དེ་བཞིན་སྟོན་པའི་ཕྱག་གཡས་པས་ཁྱོགས་ལ་བཏེག།།སྟོན་པའི་འཁོར་གཞན་རྣམས་ཀྱིས་བུད་མེད་ལྔ་བརྒྱའི་སྐུ་ཕུང་ཁྱོགས་ལ་གདན་ཞུ་གནང་སྟེ་སྐུ་ཕུང་ཞུགས་ལ་འབུལ་ཡུལ་དུ་གདན་དྲངས། སྐུ་ཕུང་ཞུགས་ལ་འབུལ་ལ་ཉེ་སྐབས་སྟོན་པས་སྐྱེ་དགུའི་བདག་མོ་དང་། དགྲ་བཅོམ་མ་ལྔ་བརྒྱ་པོ་རྣམས་ཀྱི་ན་བཟའ་བསལ་ནས་སྟོན་པའི་རྗེས་འཇུག་གི་སློབ་མ་རྣམས་ལ་སྐུ་ལུས་བསྟན་པ་གནང་ནས། སྐྱེ་དགུའི་བདག་མོ་སོགས་དགུང་ལོ་ ༡༢༠ ཐམ་པར་ཕེབས་ཀྱང་སྐུ་ལུས་ལ་གཉེར་མ་དང་། དབུ་ལ་སྐྲ་དཀར་ལ་སོགས་པ་གང་ཡང་མེད་པར་དགུང་ལོ་བཅུ་དྲུག་གི་ན་ཚོད་དང་མཉམ་པའི་གཞོན་ཤ་ཅན་གྱི་རྒྱུ་དང་འབྲས་བུ་རྣམས་བསྟན་པ་གནང་ཡོད།

དེ་ཡང་སྐྱེ་བ་སྔོན་མར་རྒྱལ་པོ་ཀྲི་ཀྲིའི་བཙུན་མོ་གཙོ་བོར་གྱུར་པའི་བུད་མེད་ལྔ་བརྒྱ་པོ་རྣམས་ལུས་ལ་གཉེར་མ་དང་། མགོ་ལ་སྐྲ་དཀར་སོགས་སྐྱེས་ནས་རྒྱལ་པོས་དམིགས་བསལ་གཟིགས་རྟོགས་མ་གནང་བ་སོགས་ལས་བཙུན་མོ་རྣམས་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་བས། འདས་པའི་སངས་རྒྱས་འོད་སྲུང་གི་སྐུ་གདུང་མཆོད་རྟེན་གྱི་མདུན་དུ་ཕྱག་དང་མཆོད་པ་ཕུལ་ནས་མ་འོངས་སྐྱེ་བ་རྗེས་མར་ང་ཚོ་ལོ་ ༡༢༠ ལོན་ནའང་ལུས་ལ་གཉེར་མ་དང་མགོ་ལ་སྐྲ་དཀར་སོགས་མི་སྐྱེ་བའི་སྨོན་ལམ་བཏབ་པའི་འབྲས་བུར་སྐུ་ཚེ་འདི་ལ་དགུང་ལོ་ ༡༢༠ ཕེབས་ཀྱང་ལུས་ལ་གཉེར་མ་དང་། མགོ་ལ་སྐྲ་དཀར་མེད་པ་བྱུང་བ་རེད་ཅེས་སྐྱེ་བ་སྔ་ཕྱིའི་ལས་འབྲས་ཀྱི་རྣམ་གཞག་རྣམས་བསྟན་པར་མཛད།

མདོར་ན་སྐྱེ་དགུའི་བདག་མོ་ཆེན་མོ་ཕྱི་ལོའི་སྔོན་གྱི་ ༤༨༠ ལོར་དགུང་ལོ་ ༡༢༠ ཐམ་པར་ཕེབས་སྐབས་འཁོར་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་སེར་སྐྱའི་གྲོང་གི་ཤིང་ནྱ་གྲོ་ཏའི་ཀུན་དགའ་ར་བའི་དབྱར་ཁང་དུ་དགོངས་པ་རྫོགས་ཏེ་སྐུ་གདུང་ཞུགས་འབུལ་ཞུས་པ་སོགས་གནང་ཡོད། དེས་ན་སྐྱེ་དགུའི་བདག་མོ་ཆེན་མོ་ནི། ནང་པའི་བུད་མེད་ཀྱི་རབ་བྱུང་མ་ཐོག་མ་དང་། དགྲ་བཅོམ་མའི་ཐོག་མ་ཡང་ཆགས་ཡོད། སྟོན་པ་བཅོམ་ལྡན་འདས་བཀའ་དྲིན་ཅན་འདི་ལྟ་བུ་ཞིག་འཇིག་རྟེན་དུ་བྱོན་པ་ནི། གཙོ་བོ་གསོ་སྐྱོང་གནང་མཁན་སྐྱེ་དགུའི་བདག་མོ་ཆེན་མོའི་བཀའ་དྲིན་ཡིན་པས། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ནང་བཀའ་དྲིན་ཆེ་བའི་བུད་མེད་གསུམ་གྱི་ནང་ནས་སྐྱེས་པའི་ཡུམ་སྒྱུ་མ་ལྷ་མཛེས་ལས། གསོས་པའི་ཡུམ་སྐྱེ་དགུའི་བདག་མོ་སྐུ་དྲིན་ཆེ་བ་དང་གཅིག །དེ་བཞིན་སྲས་སྒྲ་གཅན་འཛིན་གྱི་མ་ཡུམ་དང་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོ་གྲགས་འཛིན་མ་དང་གཉིས། ལྡོག་ཕྱོགས་ནས་འཁོར་བར་ངེས་འབྱུང་སྐྱེ་བར་གྲོགས་བྱེད་མཁན་སྨད་ཚོང་མ་གསུམ་ནི། སྟོན་པའི་སྐུ་ཚེའི་ནང་གི་སྐུ་དྲིན་ཆེ་བའི་བུད་མེད་གསུམ་ཞེས་བརྩི་སྲོལ་ཡོད་པའི་ནང་ནས་དེ་རིང་སྐྱེ་དགུའི་བདག་མོའི་རྣམ་ཐར་མདོར་བསྡུས་ངོ་སྤྲོད་ཞུས་ན་འདི་ལྟར་ཆགས་ཡོད།

སྐྱེ་དགུའི་བདག་མོའི་རྣམ་ཐར་རྒྱས་པ་གཟིགས་འདོད་ཡོད་ན། བཀའ་འགྱུར་ནང་འདུལ་བ་ལུང་ཕྲན་ཚེགས་ལས་སྐྱེ་དགུའི་བདག་མོ་གཽ་ཏ་མཱི་སོགས་ཤཱཀྱ་མོ་ལྔ་བརྒྱ་བཅས་རབ་ཏུ་བྱུང་ཚུལ་གྱི་ལོ་རྒྱུས་དང་། འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ལས་སྐྱེ་དགུའི་བདག་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་ལྷན་དུ་ངོ་མཚར་བའི་རྟགས་དང་བཅས་ཏེ་མྱ་ངན་ལས་འདས་ཚུལ། དྲིན་ལན་བསབ་པའི་མདོ་ལས་སྐྱེ་དགུའི་བདག་མོ་གཽ་ཏ་མཱིས་སངས་རྒྱས་ཀྱིས་བུད་མེད་རྣམས་ལ་ཆོས་ཀྱི་སྒོ་མོ་ཇི་ལྟར་ཕྱེས་ཚུལ་གསུངས་པའི་ལོ་རྒྱུས་བཅས་རྣམ་ཐར་ཁག་གསུམ་ཡོད་པ་དེ་དག་ལ་གཟིགས་ན་ཞིབ་ཕྲ་མཁྱེན་ཐུབ་པ་བཅས་སོོ།།

གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལོ།།

Leave a Reply

Your email address will not be published. Required fields are marked *