༄༅། །ཐོད་པ་རིན་པོ་ཆེའི་དངོས་གྲུབ་བྱུང་བའི་མཆོད་པ་བཞུགས་སོ།།[1]
༄༅། །རྒྱ་གར་སྐད་དུ། ཀ་པཱ་ལ་རཏྣ་པཱུ་ཛ་ཙི་དྲ་མཎྜ། བོད་སྐད་དུ། ཐོད་པ་རིན་པོ་ཆེའི་དངོས་གྲུབ་འབྱུང་བའི་མཆོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལ་རྣལ་འབྱོར་པས་ཀ་པཱ་ལ་མཆོད་པར་འདོད་པ་འདི་ལྟར་བྱ་སྟེ། ཀ་པཱ་ལ་མ་མཆོད་ན་བྱིན་རླབས་མི་འབྱུང་སྟེ། དཔེར་ན།
ནོར་བུ་རིན་པོ་ཆེ་མ་མཆོད་ན་དགོས་འདོད་མི་བྱུང་བ་བཞིན་དུ། དུར་ཁྲོད་ཐོད་པ་ནག་པོའི་རྒྱུད་ལས། ཀ་པཱ་ལ་ནི་མཆོད་ཤེས་ན། །ལས་བྱེད་ཕུན་སུམ་ཚོགས་པར་གྱུར། །ཀ་པཱ་ལ་ནི་མ་མཆོད་ན། །ས་འོག་གནས་པའི་གཏེར་དང་འདྲ། །ཞེས་ཀ་པཱ་ལ་མཆོད་པ་ཤིན་ཏུ་གལ་ཆེའོ།།
མཆོད་པའི་དུས་ནི། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་ནས། གཟའ་སྐར་བཟང་པོ་ལ་བཀྲ་ཤིས་པའི་ས་ནས། བུ་མོ་གཙང་མས་ས་སླངས་ལ་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་བྲིས་ལ། པདྨའི་ཤར་དུ་ཞོ་དང་འོ་མ། ལྷོར་མར་ཁུ། ནུབ་ཏུ་བུ་རམ་སྦྲང་རྩི། བྱང་དུ་ཆང་། མཚམས་ཀྱི་པདྨ་ལ་འབྲུ་སྣ་མང་པོ་བཀྲམ་མོ། །དབུས་སུ་ཉི་ཟླའི་སྟེང་དུ་ཐོད་པའི་ནང་དུ་ཤར་དུ་ཨཱཿ ལྷོར་ཧཱུཾ། ནུབ་ཏུ་སྭཱ། བྱང་དུ་ཧཱ། དབུས་སུ་ཨོཾ་ཞེས་པ་མཚལ་གྱིས་བྲིས། ཐོད་པའི་ཁ་ཁྱེར་ན་ཚུར་གཡོན་སྐོར་དུ། ཨོཾ་རཏྣ་སིདྡྷི་ཕ་ལ་སུ་པྲ་སིདྡྷི་ཕ་ལ་ཨ་ཡུ་ཕ་ལ་ཧཱཱུཾ་ཞེས་པ་བྲིས། ནང་དུ་ག་བུར་ལ་སོགས་པའི་སྨན་སྣ་ཚོགས་ཚང་། ཨ་རུ་ལ་སོགས་པའི་ཤིང་ཐོག་སྣ་ཚོགས་ཚང་། ཙནྡན་ལ་སོགས་པའི་དྲི་སྣ་ཚོགས་ཚང་། ནས་ལ་སོགས་པའི་འབྲུ་སྣ་ཚོགས་ཚང་། བཀྲ་ཤིས་པའི་རྫས་མི་ལས་བླངས་ཏེ་བཞུག །ནོར་བུ་དང་བརྟགས་ལེགས་སོའི་སྤུ་དང་རྟ་བཟང་པོའི་སྤུ་དང་། རང་གང་འདོད་པའི་སྤེལ་ཚིག་དང་། གསོལ་བྱང་རྣམས་མཚལ་གྱིས་བྲིས། སྒྲུབ་པ་པོ་བདག་ལ་ནོར་དང་འབྲུ་དབྱིག་རྟ་གླང་ཆེན་སོགས་འཕེལ་བར་མཛད་དུ་གསོལ། བདག་གི་ཚེ་སྲོག་སྤེལ། ཚེ་སྲོག་སྐྱོབས། དབང་བསྐུར་བྱིན་གྱིས་རློབས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་ཏུ་གསོལ། ཞེས་པ་དང་། རྒྱལ་སྲིད་རིན་ཆེན་སྣ་བདུན། གསེར་གཡུ་ལ་སོགས་རིན་ཆེན་སྣ་ལྔ། བཀྲ་ཤིས་པའི་རྫས་བརྒྱད་ལེགས་པར་བྲིས་ཏེ། ཀ་པཱ་ལའི་ནང་དུ་བཅུག་གོ །དེ་ནས་ཀ་པཱ་ལ་དར་སྣ་ལྔས་དྲིལ་ལ་མཉྫིའི་སྟེང་དུ་བཞག །དེ་ལ་ཚོན་སྣ་ལྔའི་གཟུངས་ཐག་བརྟགས་པར་བྱའོ།།
མཆོད་པ་སྣ་ལྔ་ལ་སོགས་འབྱོར་ཚད་བཤམས། མཎྜལ་གྱི་ལྷ་རྣམས་ལ་བཀྲ་ཤིས་ཀྱི་རྫས་བརྒྱད། རིན་ཆེན་སྣ་བདུན། ཞལ་ཟས་ལ་སོགས་མཆོད་པའི་རྫས་རྣམས་བཀྲམ། གཅིག་གིས་སྔགས་ཀྱི་སྤང་སྐོང་བཀླག །གཅིག་གིས་ཡི་གེ་བརྒྱ་པ་འདོན། རང་གིས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། བྱམས་སྙིང་རྗེ་བསྒོམ། གདན་བདེ་བ་ལ་ཁ་ཤར་དུ་བལྟས་ཏེ། རང་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཁ་དོག་ལྔ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བའི་མདུན་དུ་འབྱུང་བའི་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་སེར་རིན་པོ་ཆེ་སྣ་ཚོགས་བརྒྱན་པ། རིན་པོ་ཆེ་ཤིན་ཏུ་མཛེས་པའི་སྟེང་ན་སྐྱིལ་ཀྲུང་གིས་བཞུགས་པའི་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཐོད་པ་འཛིན་པ། དེའི་ཐུགས་ཀར་འོད་ཟེར་ཕོག །ཚུར་འདུས་རང་གི་ལུས་ལ་ཕོག་པས། བདུད་རྩིས་ཚིམ། ཕར་འཕྲོས་སེམས་ཅན་གྱི་དབུལ་བ་དང་། སྡུག་བསྔལ་ཐམས་ཅད་བསལ་བར་བསམ། ཐོད་པའི་ནང་དུ་རིན་པོ་ཆེ་སྣ་ཚོགས་པའི་འཕྲེང་བས་དཀར་མེར་གྱིས་ཁེངས་པར་བསམ། ཁྱད་པར་དུ་རང་གི་ཁང་པ་སོགས་སུ་རིན་པོ་ཆེའི་ཆར་འབེབས་པར་བསམ་མོ། །ཨོཾ་ཨ་མ་ར་ཎི་སོགས་དང་། དངོས་གྲུབ་བྱུང་བའི་སྙིང་པོ་འདི། །ཨོཾ་ཨཱཿཧཱུཾ་རཏྣ་སིདྡྷི་ཨ་ཡུ་པུ་ནྱེ་ཀ་པཱ་ལ་སིདྡྷི་བྷྲུཾ་བྷྲུཾ་བྷྲུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་མ་གཡེངས་པར་སྤྲོ་བསྡུ་བྱ་བ་བཟླས་སོ། །རྟེན་འབྲེལ་སྙིང་པོ་ཡང་འགའ་རེ་བཟླས་སོ། །དེ་ནས་ཀ་པཱ་ལ་དེ་རང་དང་འཁོར་གྱི་མགོར་བཞག་ལ་དབང་བསྐུར་བ་ནི་འདི་སྐད་དོ།།
ཧཱུཾ། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཚེ་དང་ལོངས་སྤྱོད་གཏེར་གྱི་བདག །མཐུ་ཆེན་ཇི་སྙེད་བཞུགས་པ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག །དབང་ཆེན་རྣམས་ཀྱིས་དབང་སྩོལ་ཅིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །ཚེ་བདག་རྣམས་ཀྱིས་ཚེ་སྩོལ་ཅིག །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །རིག་འཛིན་ནོར་བདག་ཚེ་དཔག་མེད། །སྐུ་ནི་ཉི་མའི་སྙིང་པོ་འདྲ། །འཇིག་རྟེན་འོད་ཟེར་ཐོབ་པར་མཛོད། །རྒྱན་དང་ཆ་ལུགས་རིན་པོ་ཆེ། །རྣལ་འབྱོར་ལོངས་སྤྱོད་འཕེལ་བར་མཛོད། །ཚེ་དང་དབང་ཐང་ད་སྩོལ་ཅིག །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །བདུད་རྩི་ཆུ་རྒྱུན་འདིར་ཕོབ་ཅིག །ལོངས་སྤྱོད་ཕུན་སུམ་ཚོགས་པར་མཛོད། །ཐུགས་ཀྱིས་དཔལ་རྒྱུད་རིན་ཆེན་ནས། །རིགས་རྒྱུད་འཕེལ་བ་ཕུན་སུམ་ཚོགས། །གཏེར་བདག་ཆེན་པོ་དབང་བསྐུར་ཅིག །ནོར་བདག་ཆེན་པོ་དབང་བསྐུར་ཅིག །ཚེ་བདག་ཆེན་པོ་དབང་བསྐུར་ཅིག །ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ནོར་ལྷ་ནོར་བདག་འཁོར་དང་བཅས། །གནས་འདིར་བྱིན་ཕོབ་དབང་བསྐུར་སྩོལ། །ཚེ་རིང་ནད་མེད་དངོས་གྲུབ་སྩོལ། །མངའ་ཐང་རིགས་རྒྱུད་འཕེལ་བར་མཛོད། །དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཕྱི་ནང་བཀྲ་མི་ཤེས་པ་ཀུན། །ཉེ་བར་ཞི་ཞིང་འཁོར་འདས་ཀྱི། །ལེགས་ཚོགས་ཀུན་ཏུ་རྒྱས་པ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །དེ་ནས། བཅོམ་ལྡན་འདས་སྒྲུབ་གཞི་འདི་ལ་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་སྩལ་ཏུ་གསོལ། །ཅེས་བརྗོད་ནས་ཐོད་པས་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་མི་ནོར་ལོངས་སྤྱོད་ཐམས་ཅད་འཕེལ་བར་བསམ་མོ། །ཚེ་དཔག་མེད་ཐོད་པ་ལ་ཐིམ། ཐོད་པ་མཛོད་ཕུན་སུམ་ཚོགས་པ་བྲག་ལ་སོགས་པར་མིས་མི་མཐོང་བར་སྦ། ཞལ་ཟས་རྣམས་དང་ལོངས་སྤྱོད་བཀྲ་ཤིས་བརྗོད། ཡིག་བརྒྱ་བརྗོད། བཟོད་གསོལ་དང་འདོད་དོན་གསོལ་བ་བཏབ་པས་ཚེ་དཔག་མེད་འོད་དུ་ཞུ་ནས་ཐོད་པའི་རྣམ་པར་གྱུར་པར་བསམ་ལ་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་ཐོད་པ་གོས་དར་བཟང་པོས་ལེགས་པར་དཀྲིས་ཏེ་གཞན་གྱིས་མི་མཐོང་བར་གཙང་སྦྲ་དང་བཅས་བཅངས་ཤིང་དུས་དུས་སུ་སྔར་བཞིན་མཆོད་པར་བྱའོ། །མཇུག་ཏུ་ཞལ་ཟས་རྣམས་རང་ལོངས་སྤྱོད། །མཆོད་པ་ལ་བརྩོན་ཞིང་འགྲིམས་ནས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ཕྱི་མར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེའོ། །ཐོད་པ་མཆོད་པའི་ཚུལ་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ།། །།[2]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འདོད་ཁམས་དབང་ཕྱུག་མ་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག་སོགས། པོད། ༼༡༽ ཤོག་གྲངས་ ༡༣༧ ནས་ ༡༤༤ བར་བཞུགས་པའི་དབུ་ཅན་བྲིས་མ་ལས་བཏུས་པའོ།།
[2] འདོད་ཁམས་དབང་ཕྱུག་མ་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག་སོགས། ༼༡༽ ཤོག་གྲངས་ ༡༥༨ ནས་ ༡༦༤ བར་བཞུགས་པའི་དབུ་ཅན་བྲིས་མ་ཤོག་བུ་བཅུ་གསུམ་ཅན་དུ་ཐོད་པ་རིན་པོ་ཆེའི་དངོས་གྲུབ་འབྱུང་བའི་མཆོད་པ། ཞེས་བྱུང་བ་ཡང་འདི་དང་གཅིག་གོ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།