ཆ༽ སློབ་དཔོན་སེངྒེ་བཟང་པོ་མཁན་པོ་གང་ལས་རབ་ཏུ་བྱུང་མིན།
སློབ་དཔོན་སེངྒེ་བཟང་པོ་མཁན་པོ་གང་གི་དྲུང་ནས་རབ་ཏུ་བྱུང་བ་ནི། དེ་ཡང་སློབ་དཔོན་སེང་བཟང་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པའི་མཛད་བྱང་ལས[1]།
མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །
ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས། །
ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས་[2]ཀྱང་། དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་དེས་གཞོན་ནུ་ཉིད་ནས་ཁྱིམ་གྱི་འདུ་འཛི་དང་འདོད་པའི་ཡོན་ཏན་ལ་མ་ཆགས་པར་སྐྱེ་བོ་དམ་པ་དག་ལ་བརྟེན་ཏེ། སྤྱིར་རིག་པའི་གནས་མཐའ་དག་ལ་མཁས་པར་བྱས་ཤིང་། ལྷག་པར་མཁན་པོ་རྣམ་སྣང་མཛད་བཟང་པོའི་སྤྱན་སྔར་རབ་ཏུ་བྱུང་ཞིང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་གཉིས་རིམ་གྱིས་བཞེས་ཏེ་རྩ་བའི་སྡེ་པ་བཞིའི་ནང་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་རྗེས་སུ་ཞུགས་ཏེ་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་སློབ་དཔོན་ཡོན་ཏན་འོད་ཀྱིས་ཇི་ལྟར་བཀྲལ་བ་ལྟར་འདུལ་བ་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་མཐའ་དག་ཉམས་པ་མེད་པར་བསྲུངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ཚུགས་པར་མཛད་དོ། །ཞེས་གསལ་བ་ལྟར་མཁན་ཆེན་ཞི་འཚོ་སྟེ་རྣམ་སྣང་བཟང་པོ་ལས་རབ་ཏུ་བྱུང་བས། མཁན་པོའི་མཚན་གྱི་ཆ་ཤས་བཟང་པོ་ཞེས་པ་སློབ་མར་གནང་བས། སེངྒེ་བཟང་པོ་ཞེས་པའི་མཚན་ཡང་འདི་ནས་བྱུང་ངོ་།།
གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[3]། སློབ་དཔོན་འདིའི་མཁན་པོ་ཡང་དག་རྣམ་སྣང་མཛད་ཉིད་སློབ་དཔོན་ལ་ཤེར་ཕྱིན་སྟོན་པའི་བླ་མ་མཆོག་གཅིག་ཡིན་པ་ནི་འགྲེལ་ཆུང་འདི་ཉིད་ལས[4]།
མཁན་པོ་ཡང་དག་རྣམ་སྣང་མཛད། །
བླ་མ་བཟང་ལ་ཕྱག་འཚལ་ནས། །
ཞེས་སོགས་ལས་རྟོགས་ནུས་ཤིང་། འདི་ཉིད་མཁས་མཆོག་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་ཡིན་པ་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཕྱོགས་མཐུན་དུ་བཞེད་པར་འདུག་ཀྱང་། སྒྲོལ་བའི་མགོན་པོས་ནི། ཞི་བ་འཚོ་ལས་དབུ་མའི་གཞུང་རྣམས་དང་། གདམས་ངག་རྣམས་གསན། མཁན་པོ་རྣམ་སྣང་མཛད་བཟང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་མངོན་པར་རྟོགས་པའི་རྒྱན་མན་ངག་དང་བཅས་པ་གསན། ཞེས་ཞི་འཚོ་དང་རྣམ་སྣང་མཛད་ཐ་དད་པར་བཤད་འདུག་པས་སླར་ཡང་དཔྱད་པར་འོས་སོ། །ཞེས་གསུངས་པ་ལྟར་རོ།།
ཡང་སློབ་དཔོན་སེངྒེ་བཟང་པོ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ལས་གང་གི་གྲུབ་མཐའ་འཛིན་པའི་སློབ་དཔོན་ཡིན་ནམ་ཞེ་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[5]། དེང་དུས་ཀྱི་མཁས་པ་ཁ་ཅིག་སློབ་དཔོན་འདི་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་དུ་འདོད་པ་དང་། དེ་བཞིན་ཐོགས་མེད་དང་། འཕགས་པ་གྲོལ་སྡེ་དང་། བཙུན་པ་གྲོལ་སྡེ་སོགས་ཀྱང་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་དུ་འདོད་པ་ནི། པཎྜི་ཏ་མཉམ་པར་མ་བཞག་པའི་གཏམ་མམ། ཡང་ན་སློབ་དཔོན་འདི་དག་གི་གཞུང་གི་ཚིག་རིས་ཙམ་ལའང་སྤྱད་པ་མ་ཞུགས་པར་སྣང་སྟེ། དེ་ལྟ་མིན་ན་སློབ་དཔོན་དེ་དག་དབུ་མ་པ་ཡིན་པ་ནི་གཞུང་རྣམས་སུ་གཞན་དབང་བདེན་མེད་དང་། ཆོས་ཐམས་ཅད་བདེན་མེད་དུ་ཚིག་ཟིན་ལ་སྟོན་པ་ཡང་ཡང་འབྱུང་བས་ཀྱང་ཤེས་ནུས་པའི་ཕྱིར། དེས་ན་སློབ་དཔོན་སེང་གེ་བཟང་པོ་འདི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པའི་སློབ་དཔོན་ཡིན་ཅིང་། དེ་ལའང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད་པའི་ནང་ནས་སློབ་དཔོན་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ཏེ། ཐ་སྙད་དུ་ཕྱི་དོན་མེད་པ་དང་། རང་རིག་བཞེད་པའི་ཕྱིར་རོ། །དེ་ལྟར་སློབ་དཔོན་འདིའི་རང་གི་རྩ་བའི་གྲུབ་མཐའ་ལ་ཕྱི་དོན་དང་། ཀུན་བཞི། ཉོན་ཡིད་སོགས་མེད་པར་བཞེད་པ་དང་། རང་རིག་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། གཞན་སྐྱེ། རང་རྒྱུད་ཀྱི་རྟགས་ཡང་དག་སོགས་ཡོད་པར་བཞེད་པའི་ཚུལ་ལས་བརྩམས་ཏེ་བརྗོད་པར་བྱ་བ་མང་ནའང་། ཡི་གེས་འཇིགས་པས་མ་སྤྲོས་ཤིང་། འགྲེལ་ཆུང་འདི་དང་། རྒྱན་སྣང་ལ་བློ་གྲོས་ཞིབ་མོས་གཟིགས་ན་མཁྱེན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས། ༣༥༣
[2] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༤ན༦
[3] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།
[4] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༡༩༩༥ ལོ། ཤོག་གྲངས་ ༣༥༣
[5] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༡༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།