ཞེས་ལུང་དེ་ལྟར་ཡོད་མོད་ཁས་ལེན་གྱི་མིན་ཞེས་ཞུ་བ་སོགས་ལུང་ལས་སླ་པོ་ཁས་ལེན་སྲོལ་མེད། རིགས་པས་དཔྱད་པ་བྱེད་པ་ལས། ལུང་ཙམ་ལ་ཁྱབ་པ་མ་བྱུང་ཞེས་ཞུ་གི་ཡོད། དེ་ནི་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ཆོས་སམ། ལྷག་པར་དཔལ་ནཱ་ལེནྡྲའི་ཕྱག་ལེན་རིགས་པས་དཔྱད་པ་བྱེད་པ་གཙོ་བོར་གནང་བ་དེ་བཟུང་ནས། ལུང་ཙམ་ལ་སྐྱབས་སུ་མི་མཆི་བ་འདི་ནི་ཧ་ཅང་རླབས་ཆེན་རེད། དཔལ་ལྡན་ཟླ་བ་གྲགས་པ་རང་གིས་ལུང་དོན་བཞག་སྟེ། དབྱིག་གཉེན་ལ་སོགས་པས་གསུངས་པ་དེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་ཕྲ་མོས་དཔྱོད་སྐབས་དེའི་གསུང་ལ་འགལ་འདུ་འདུག་ཅེས་ཁས་ལེན་གྱི་མེད། རིགས་པ་ཁོ་ནར་བསམ་བློ་བཏང་སྟེ་འགྲོ་བ་དེ་ཧ་ཅང་ཡག་པོ་རེད། དེང་སྐབས་སེམས་ཁམས་རིག་པའི་སྐོར་དེ་ཚོ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཡོང་གི་འདུག ང་ཚོས་རིགས་པ་གཙོ་བོར་བྱེད་པ་ལས་ལུང་ཙམ་ལ་བརྟེན་གྱི་མེད་པའི་ཆ་ནས། ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུར་དོན་དམ་པའི་སྤོབས་པ་ཞིག་འདུག །ཅེས་སྩལ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།