༦༽ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ།

༦༽ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ།

 

དེ་ཡང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་ཀྱི་བསྟོད་པ་ལས[1]།

བློ་གྲོས་མཚུངས་མེད་འཇིག་རྟེན་ཀུན་གྱི་མིག །

ཕྱོགས་ལས་རྣམ་རྒྱལ་རིགས་པའི་དབང་ཕྱུག་གཙོ། །

སྨྲ་བའི་སེང་གེ་བློ་ལྡན་ཤེས་རབ་ཅེས། །

གྲགས་པ་བསམ་ལས་ནམ་མཁའི་མཐར་སོན་པ། །

བློ་ལྡན་ཤེས་རབ་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་ནི། ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ལ་བསྟོད་པ་མཁས་པ་དགའ་བྱེད་ལས[2]། ཡང་དག་རྗེས་འཛིན་སྨོན་ལམ་རྨད་བྱུང་གིས། །ས་འཛིན་འཁོར་ཡུག་བསྐོར་བའི་གངས་རིའི་ཁྲོད། །ལྷག་བསམ་ལྡན་པའི་སྐྱེ་བ་རྗེས་བཟུང་སྟེ། །ས་སྐྱོང་དབང་པོའི་བཀའ་ཡིས་རབ་བསྐུལ་ནས། །དཀའ་སྤྱད་ལྷུར་བླངས་འཕགས་པའི་ཡུལ་དུ་བགྲོད། །མཁས་གྲུབ་དུ་མའི་ལེགས་བཤད་བདུད་རྩི་ཐོབ། །ལེགས་བཤད་སྦྱངས་པའི་བློ་གྲོས་ཕུལ་བྱུང་བས། །ལུང་དང་རིགས་པ་མ་ལུས་ཐུགས་སུ་ཆུད། །སྒྲ་སྐད་ཀུན་ལ་མཁས་པའི་བློ་ལྡན་པས། །སླར་ཡང་གངས་རིའི་ཁྲོད་འདིར་ལེགས་འོངས་ནས། །བཀའ་དང་བསྟན་བཅོས་དུ་མ་བསྒྱུར་མཛད་དེ། །བོད་ཡུལ་མི་ཤེས་དྲི་མ་རྣམ་པར་བསལ། །སྔོན་མེད་རིག་གནས་དུ་མ་རྒྱས་མཛད་དེ། །མཁས་པ་དུ་མས་བསྟོད་དབྱངས་ཆེར་བསྒྲགས་ཤིང་། །གྲགས་པའི་ཕོ་ཉ་རྒྱ་མཚོའི་མཐར་སོན་པ། །འཆི་མེད་རྔ་སྒྲའི་དཔལ་ཡང་ཕྲོག་པར་བྱེད། །མཁྱེན་རབ་དྲི་མ་མེད་པའི་འདབ་བརྒྱད་པ། །མཐའ་ཡས་གདུལ་བྱའི་བུང་བ་རིང་ནས་སྡུད། །ཡངས་པའི་ཁྱོན་འདིར་ལེགས་པའི་གར་བསྒྱུར་ཞིང་། །རྣམ་མང་ལེགས་བཤད་སྨྲ་བའི་རྒྱུ་སྐར་བཀྲམས། །མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ཅིང་། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །འགྲན་ཟླ་བྲལ་བའི་སྐད་གཉིས་སྨྲ་བ་པ། །བློ་ལྡན་ཤེས་རབ་ཞབས་ལ་ཕྱག་འཚལ་ལོ། །མཁས་མང་བྱེ་བའི་གཙུག་གི་ནོར་བུ་ཡིས། །ཞབས་ཀྱི་པདྨོར་གུས་པས་འདུད་བྱེད་ཅིང་། །རྨོངས་པ་ཀུན་སེལ་རབ་གསལ་སྒྲོན་མེ་མཆོག །ཉི་མའི་དྲུང་ན་ཟླ་བ་བགྲོད་པ་བཞིན། །ཕས་ཀྱི་རྒོལ་བ་མ་ལུས་ཟིལ་གནོན་ཅིང་། །རྒྱལ་སྲས་དམ་པ་ཀུན་གྱིས་བསྔགས་འོས་པ། །ཞེས་བསྟོད་པ་མཛད་པ་ལྟར། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རྔོག་བློ་ལྡན་ཤེས་རབ་མཆོག་གམ། རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་ཀྱང་ཞུ་ཞིང་། རྔོག་ལོ་བསྟན་པའི་ཉི་མ་ཁུ་དབོན་ཞེས་པ་ནི། ཁུ་བོ་ནི་ཨ་ཁུ་སྟེ། ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་དང་། དབོན་ནི་ཚ་བོ་སྟེ། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་གཉིས་ལ་ཟེར། ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། ལོ་ཙཱ་བ་ལེགས་པའི་ཤེས་རབ་ལ་གཅུང་པོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། རྔོག་ཅེས་པ་རུས་ཀྱི་མིང་ཡིན། རབ་བྱུང་དང་པོའི་ས་ཕག་ཕྱི་ལོ་ ༡༠༥༩ ལོར་ཡར་འབྲོག་རྡོའི་མདོ་གླ་བོ་ཞེས་པའི་མཚོའི་བྱང་འགྲམ་སྒོག (དེང་གི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གོང་དཀར་རྫོང་ཡར་འབྲོག་སྟོང་ར་ཤང་གདོར་དཀར་གྲོང་ཚོ།) ཅེས་པར་སྔ་འགྱུར་རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ལ་སྲས་ལྔ་ཡོད་པའི་ནང་ཚན་བཞི་པ་སྟེ། ཡབ་ཆོས་སྐྱབས་དང་། ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་བས་ལུང་བསྟན་པར་ཡང་གྲགས་ཤིང་། ཤེས་རབ་ཀྱི་རྩལ་ཕུལ་དུ་བྱུང་། དགུང་ལོ་བཅུ་བདུན་པར་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྱོན་ཏེ་ལོ་གཅིག་རིང་སློབ་གཉེར་མཛད། དགུང་ལོ་བཅོ་བརྒྱད་པར་ཁུ་བོས་མཐུན་རྐྱེན་བསྒྲུབས་ནས་བཙན་ཁ་བོ་ཆེ་དང༌། ཁྱུང་པོ་ཆོས་བརྩོན། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་བཅས་དང་འགྲོགས་ཏེ་རྒྱ་གར་དང་ཁ་ཆེར་སློབ་གཉེར་ལ་ཕེབས། ལོ་ངོ་བཅུ་བདུན་རིང་པཎྜི་ཏ་སན་ཛ་དང༌། འབུམ་ཕྲག་གསུམ་པ། པ་ར་ཧེ་ཏ། མཧཱ་ཛྙཱ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒྱལ་པོ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ་ཕྱི་ལོ་ ༡༠༩༢ ལོར་བོད་དུ་ཕྱིར་བྱོན་ཏེ་ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་ཧ་ཅང་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པ་ལ། གྲོ་ལུང་པས།

དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །

རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །

འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །

སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །

ཞེས་གསུངས་པ་ལྟར། འགྱུར་མཛད་པ་ཡང་ཤིན་ཏུ་མང་ཞིང་དག་ཅིང་དོན་བཟང་བས་ཀུན་གྱིས་ཚད་མར་བྱེད། བཤད་གྲྭ་མང་དུ་མཛད་པས་སྲས་ཀྱི་ཐུ་བོ་བཞི་སོགས་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། གསང་ཕུའི་གདན་སར་སེང་ཆེན་བརྒྱད་སོགས་རིམ་པར་བྱོན་ཅིང་། ཕྱིས་གླིང་སྟོད་ཀྱི་གདན་རབས་ཀྱང་བྱོན་ཏེ་བཤད་གྲྭའི་ཆུ་འགོ་ཡོངས་གྲགས་སུ་གྱུར། རྔོག་ལོ་ཆེན་པོ། རྔོག་ལོ་བསྟན་པའི་ཉི་མ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ལོ་ཙཱ་བ་བློ་ལྡན་ཤེས་རབ་རྣམས་མཚན་གྱི་རྣམ་གྲངས་ཡིན། རྔོག་ལེགས་པའི་ཤེས་རབ་དང་། རྔོག་བློ་ལྡན་ཤེས་རབ་རྣམ་གཉིས་ལ་རྔོག་ལོ་ཡབ་སྲས་ཞེས་ཀྱང་ཟེར།

དེ་ནས་ལྷ་ས་དང༌། བསམ་ཡས། མྱུ་གུ་སྣ། གཉལ་སྒང་ཐོག །གཙང་རྒྱང་མཁར་སོགས་སུ་འཆད་ཉན་མཛད་པའི་ཚེ་མི་ཁྲི་ཚོ་གཉིས་དང་སུམ་སྟོང་ཙམ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་ཡང་ཉིས་སྟོང་བརྒྱད་བརྒྱ་ཙམ་ཡོད། གསང་ཕུ་ནེའུ་ཐོག་དགོན་པའི་གདན་རབས་གཉིས་པ་མཛད་ནས་གདན་ས་བསྐྱངས་ཤིང་ཚད་མ་དང༌། བྱམས་ཆོས། དབུ་མ། ཇོ་བོའི་ལམ་རིམ་བཅས་ཁྲིད་ནས་འཆད་ཉན་གྱི་མཛད་སྒོ་ཤིན་ཏུ་དར་བར་མཛད། ལམ་གྱི་རིམ་པའི་བསྟན་བཅོས་ཀྱང་བརྩམས། དགུང་ལོ་ང་གཉིས་ལ་ཕེབས་པ་ཕྱི་ལོ་ ༡༡༡༡ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། ལོ་ཙཱ་བ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་གསལ་ལོ།།

སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་དང༌། དོན་ཡོད་ཞགས་པའི་རྟོགས་པའི་རྒྱལ་པོའི་ཆོ་ག །བསྟན་འགྱུར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་དང༌། དཔལ་མངོན་པར་རྟོགས་པའི་དཀའ་འགྲེལ། ཞི་བ་ལྷའི་གསུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འགྱུར་སྔ་ཕྱི་བར་གསུམ་ལས་ཕྱི་འགྱུར་ཡང་མཛད་པ་སོགས་ལེ་ཚན་ཉི་ཤུ་ལྷག་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་ཀྱི་བསྟོད་པ། ཤིང་དཔར་དཔེ་ཐུང་། ཤོག་གྲངས་ ༢བ༡

[2] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། པོད། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༧ན༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༡ ནས་ ༡༠༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *