ཇ༽ རྒྱལ་སྲིད་ལ་ཞེན་ལོག་དྲག་པོས་རབ་ཏུ་བྱུང་ཚུལ།

ཇ༽ རྒྱལ་སྲིད་ལ་ཞེན་ལོག་དྲག་པོས་རབ་ཏུ་བྱུང་ཚུལ།

 

དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]།

དེ་ཚེ་རིང་མིན་མཚོ་ཡི་འདབ་བརྒྱ་ལྟར། །

བསྐྱེད་བསྲིངས་སྲིད་འབྱོར་གློག་གི་རོལ་རྩེད་ལ། །

ཞེན་ལོག་དྲག་པོས་བསྟན་ལ་རབ་བྱུང་མཛད། །

ཚངས་སྤྱོད་དཔལ་གྱིས་མཛེས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་རྒྱལ་རིགས་སུ་སྐུ་འཁྲུངས་པར་མ་ཟད། རིང་མིན་སྐུ་ན་སོན་ནའང་སྲིད་པའི་དཔལ་འབྱོར་ལོངས་སྤྱོད་དག་ནི་གློག་གི་རོལ་རྩེད་ཀྱི་རྣམ་པར་གཟིགས་ཏེ་འཁོར་བའི་གནས་ལ་ཞེན་ལོག་དྲག་པོས་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་སྟེ། མཁན་པོ་རྣམ་སྣང་མཛད་ཀྱི་དྲུང་ནས་བསླབ་སྡོམ་རིམ་པར་བཞེས་ཏེ་ཚངས་སྤྱོད་ཀྱིས་མཛེས་པར་མཛད་ལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[2]། སློབ་དཔོན་སེངྒེ་བཟང་པོ་ནི། ཡུལ་ནཱ་ལེནྡྲའི་ཕྱོགས་གཅིག་ན་ཁ་བི་ར་ཞེས་བྱ་བའི་ལྗོངས་ན་གྲོང་ཁྱེར་རྡོ་མཆོག་ཅེས་བྱ་བའི་ཕྱོགས་གཅིག་ཏུ་འཁྲུངས་པ། འཕགས་པ་མང་པོས་བཀུར་བའི་སྡེ་ལས་རབ་ཏུ་བྱུང་བ་གཞུང་ལུགས་སྣ་ཚོགས་ཀྱིས་དུབ་པར་བྱས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངལ་གསོ་ཐོབ་པ་ཧ་རི་བྷ་དྲའམ་སེང་གེ་བཟང་པོ་ཞེས་བྱ་བར་རབ་ཏུ་གྲགས་པའོ།།

འདི་མཁན་ཆེན་ཞི་འཚོའི་སྐུ་ཚེའི་སྟོད་ཀྱི་སློབ་མར་གྲགས་པ་ནི་འཐད་དེ། བརྒྱད་སྟོང་འགྲེལ་ཆེན་གྱི་དེ་བཞིན་ཉིད་ཀྱི་ལེའུའི་སྟོད་དུ་ཞི་འཚོའི་དབུ་མ་རྒྱན་ཚིགས་བཅད་དུ་ཡོད་པ་ལྷུག་པར་བཀྲོལ་བ་ལ་སྤྱི་དོན་མཛད་སྣང་བས་སོ། །མཁན་པོ་རྣམ་སྣང་མཛད་དང་ཞི་འཚོ་ནི་མཚན་གྱི་རྣམ་གྲངས་སུ་བཞེད་པ་མང་ངོ་། །འདི་དང་དབྱིག་གཉེན་གྱི་བར་དུ་གྲོལ་སྡེ་གཉིས་དང་། མཆོག་སྡེ་དུལ་བའི་སྡེ་འཛུད་པའང་མང་ལ། བློ་སྦྱོང་བརྒྱུད་པ་ལ་ནི། སྡེ་གཉིས་དང་རྣམ་སྣང་གི་ཚབ་ཏུ་གུ་ན་མི་ཏྲ་གཅིག་པུ་ལས་མ་བཤད་དོ། །སེང་བཟང་གི་དྲུང་དུ་སློབ་དཔོན་འདིས་ཕར་ཕྱིན་སོགས་གཞུང་ལུགས་མང་དུ་གསན་པ་ལ་རྣམ་པར་དཔྱད་དེ་བཤད་པས་ཤྲཱི་ལེནྡྲའི་ཆོས་གྲྭ་ན་གནས་པའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བས་ཞུས་ནས་མདོ་སྡུད་པའི་དཀའ་འགྲེལ་ལ་སོགས་པ་མཛད་དོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༡བ༣

[2]  སྟག་ཚང་ལོ་ཙཱ་བའི་གསུང་འབུམ། གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༩ ནས་ ༡༢༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *