༢༽ ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ།
ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་མཆོག་ནི། (ཡེ་ཤེས་སྡེའམ་སྣ་ནམ་བཙུན་པ་ཡེ་ཤེས་སྡེ་དང་། ཞང་སྣ་ནམ་ཡེ་ཤེས་སྡེ་ཞེས་ཀྱང་ཞུ།)[1] ཕྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་པ་གསུམ་གྱི་ཡ་གྱལ་དང་།
གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཀྱང་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་གྲུབ་པ་ཐོབ་སྟེ། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས།
སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་། །

ཞེས་གསུངས་སོ། །ལོ་ཙཱ་ལ་ཡང་ཤིན་ཏུ་མཁས་པར་མཁྱེན་པས་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་བ་ལ་རྔོག་ལྡན་བློ་ལྡན་ཤེས་རབ་ཀྱིས་བསྔགས་བརྗོད་མང་དུ་མཛད་འདུག ཀ་ཅོག་ཞང་གསུམ་སྐོར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དེ་ཡང་ལོ་རྒྱུས་ཡིག་ཆ་མང་ཆེ་བར་ཀ་ཅོག་ཞང་གསུམ་ཞེས་གསལ་ཡང་ཀ་བ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོ་སོགས་ཀྱིས་བསྒྲིགས་པའི་དཀར་ཆག་ལྡན་དཀར་མ་ལས། ཅོག་རོ་ལ་སློབ་དཔོན་ཀླུའི་རྒྱལ་མཚན་ཞེས་དང་། ཞང་ལོ་ཙཱ་བ་ལ་མཁན་པོ་ཡེ་ཤེས་སྡེ་ཞེས་ཞེ་སའི་ཆེ་བརྗོད་ཡོད་པ་དང་། ཀ་བ་དཔལ་བརྩེགས་རང་ཉིད་ཀྱི་མཚན་སྨོས་པའི་ཚེ། སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་ཞེས་སྤྱིར་བཏང་གི་མིང་ཐོག་ནས་བཀོད་གནང་མཛད་འདུག་པར་གཞིགས་ན། ཞང་ཅོག་ཀ་གསུམ་ཞེས་བརྗོད་དགོས་པ་ལྟར་སྣང་ཞིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ཚང་མའི་ནང་མཁན་སློབ་ཆོས་གསུམ་ཞལ་བཞུགས་སྐབས་ཀ་ཅོག་ཞང༌གསུམ་ནས་མཁན་སློབ་གཉིས་ཀའི་ལོ་ཙཱ་བ་མཛད་པར་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མཧཱ་ཡ་ན་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཆོས་རྩོད་མཛད་ནས་ཧྭ་ཤང་ཕམ་པར་མཛད་པའི་རྗེས་ཆོས་རྩོད་ཀྱི་མཇུག་བསྡོམས་སུ། སྒོམ་རིམ་རྣམ་གསུམ་བརྩམས་པ་དང༌། དེའི་རིགས་པའི་གཞུང་ལུགས་གསལ་བཤད་ཆེད་དབུ་མ་སྣང་བ་བཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་བ་དེ་ནས་སྒོམ་རིམ་རྣམ་གསུམ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་གཞིར་བཟུང་ན། ཀ་ཅོག་ཞང་གསུམ་ཀ་མཁན་སློབ་ཆོས་གསུམ་ཞལ་བཞུགས་དུས་ཀྱི་ལོ་ཙཱ་བ་ཡིན་པར་ར་འཕྲོད་གསལ་པོ་ཐུབ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཀ་ཅོག་ཞང་གསུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་མིན་པའི་རྒྱུ་མཚན་བཀོད་འདུག་པའི་དཔྱད་རྩོམ་ཡང་མང་པོ་ཡོད།
གཞན་ཡང་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་ཀ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས་ཡོད་པ་དང་། ཡང་མཁས་པའི་དགའ་སྟོན་ནང་ཀ་ཅོག་ཞང་གསུམ་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་ཟིན་པའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་ཞེས་གསལ་བ་ལྟར་ན། ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུ་རྩ་གཅིག་པར་མཁན་པོ་དང་སློབ་དཔོན་བོད་དུ་གདན་དྲངས་ཏེ་ཆོས་གསུངས་པའི་སྐབས་ནས་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་གྲུབ་པའི་བར་ལོ་བརྒྱ་ཐམ་པ་ཡོད་པས། ཀ་ཅོག་ཞང་གསུམ་ཡང་དེ་ཙམ་བར་བཞུགས་དགོས་པར་སྣང་ཞིང་། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ཀྱི་ལོ་ཙཱ་བ་ཡིན་ན་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་དུས་ཀ་ཅོག་ཞང་གསུམ་དགུང་ལོ་སུམ་ཅུ་ཡས་མས་ཤིག་ལས་ཕེབས་མེད་ཚོད་ལ་བོད་ཀྱི་ལོ་རྒྱུས་ཐོག་ཀ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པ་ཡང༌རྒྱུ་མཚན་ཡང་དག་པ་ཡོད་ངེས། ཞེས་གསུངས་སོ།།
སྒྱུར་རྩོམ་ནི་བཀའ་འགྱུར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། ཤེས་རབ་ཁྲི་པ། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ་སོགས་དང་། སྡོམ་གསུམ་བསྟན་པའི་ལེའུ་བམ་པོ་གསུམ་པ་སོགས་ཤེར་ཕྱིན་སྐོར་དང་། མདོ་མང་སྐོར། སྔགས་ཕྱོགས་སོགས་ཀྱི་ཆོས་ཚན་དུ་མ་བཞུགས་པ་དང་། བསྟན་འགྱུར་ལས། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་དང་། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། སུམ་ཅུ་པའི་འགྲེལ་བཤད། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་སོགས་མང་དུ་བཞུགས་པར་མ་ཟད། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་དང་། བསླབ་པ་ཀུན་ལས་བཏུས་པ་ཡང་ལོ་ཙཱ་བ་འདི་ཉིད་སོགས་ཀྱིས་བསྒྱུར་བ་དང་། ད་དུང་ལོ་ཙཱ་བ་འདི་ཉིད་ཀྱིས་བཀའ་བསྟན་མཐའ་ཡས་པ་བསྒྱུར་ཞུས་མཛད་ཡོད་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༨༥། ༢༨༦ ཐོག་ཞང་སྣ་ནམ་ཡེ་ཤེས་སྡེ་དང་། ཞང་ཡེ་ཤེས་སྡེ་གཉིས་སོ་སོར་བྱས་འདུག་པས་དཔྱད་དགོས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༨ ནས་ ༩༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།